གཞན་གཅེས་བརྩེ་བ་ཆེན་མོ་ནམ་ཡང་ཏང་ལ་ཕྱོགས།
2019.12.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 44

——ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བློ་མཐུན་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་སྐོར་སྐྱོད་སྙན་ཞུ་འབུལ་བའི་གནས་ཚུལ་རྒྱས་བཤད།

ཐུན་མོང་གི་གྱོང་གུན་བསལ་ཆེད།ཁོང་གིས་རང་སྲོག་ལ་མི་འཛེམས་པར་སྨན་ལུམས་རྫིང་བུའི་ནང་དུ་ལྡིང་སྟེ་ཕན་ཚུན་རྐང་འོག་ཏུ་བརྫུས་ཏེ་རྨས་སྐྱོན་ཕོག་པའི་ལུག་ཁྱུ་སྐྱོབ་སྐབས།དུག་ཤེད་ཆེ་བའི་སྨན་རྫས་གློ་མིད་བཏང་བས།གློ་བར་ཡུན་རིང་གི་རྨས་སྐྱོན་ཕོག

ལས་འཁྱུར་ངལ་གསོ་བྱས་རྗེས།ཁོང་གིས་མུ་མཐུད་དུ་སློབ་སྦྱོང་ལ་བརྩོན་པ་མི་ལྷོད་ཅིང་།འཚོ་བར་དགའ་ཞེན་ཆེན་པོ་བཅངས་ཏེ།དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་ཡོན་གྱི་ཚད་གཞིས་རང་ཉིད་ལ་བླང་བྱ་བཏོན་ཅིང་།རང་ནུས་ཅི་ལྕོགས་ཀྱིས་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ནམ་ཡང་དཀའ་སྤྱད་བབ་ཆགས་ཀྱི་སྤྱོད་ཚུལ་རྒྱུན་སྲུང་བྱས།

ཚེ་སྲོག་གི་དབུགས་ཐག་ཆད་ལ་ཉེ་བའི་སྐབས་སུ།ཁོང་གིས་ཏང་རྩ་འཛུགས་ལ་སྒོར་ཁྲི་གཅིག་གི་དམིགས་བསལ་ཏང་དངུལ་སྤྲོད་དགོས་པར་མ་ཟད།རང་ཉིད་ཀྱིས་ཟ་མཁས་གྱོན་མཁས་བྱས་པའི་བསགས་དངུལ་དང་གཟིགས་སྐྱོང་དངུལ་སྒོར་མོ་འབུམ་ལྔ་དང་ཁྲི་གཅིག་ཡོད་པ་ཚང་མ་ཕ་ཡུལ་གྱི་སློབ་ཆུང་ལ་ཞལ་འདེབས་སུ་འབུལ་དགོས་པའི་ཁ་ཆེམས་བཞག

ཁོང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དེ་སྔའི་པུའུ་ཀྲང་གཞོན་པ་མཁའ་འགྲོ་ཐར་རེད།

ད་ལོའི་ཟླ9པར།ཞིང་ཆེན་ཏང་ཨུས་བློ་མཐུན་མཁའ་འགྲོ་ཐར་ལ“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་གནང་བར་མ་ཟད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཁོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏོན།

ཟླ11པའི་ཚེས25ཉིན་ནས་ཟླ12པའི་ཚེས17ཉིན་བར།ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཆང”བའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་བླང་བྱ་ལྟར།ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་སྒྲིག་འཛུགས་བྱས་པའི“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཏེ་བློ་མཐུན་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་འབུལ་པའི་ཚོགས་པ”ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ7དང་དེ་མིན་ད་རུང་འབྲེལ་ཡོད་ཀྱི་ཆུས་དང་རྫོང་སོ་སོར་སོང་ནས།སྐོར་སྐྱོད་སྙན་ཞུ་ཐེངས14ལ་ཕུལ་བས།ལས་བྱེད་པ་དང་སློབ་མ།རོང་འབྲོག་མང་ཚོགས4300ལྷག་ལ་དད་སེམས་བརྟན་ཞིང་ལས་བརྩོན་ཆེ་བ།སྒེར་སེམས་མེད་པ།བརྩེ་སེམས་ཀྱིས་ཕྱུག་པ།ནམ་ཡང་ཕ་ཡུལ་སེམས་སུ་བཅངས་པ་བཅས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞིག་གི་མི་སེམས་སྒུལ་བའི་གཏམ་རྒྱུད་ལྷུག་པོར་བརྗོད།

“སྙན་ཞུ་ཚོགས་འདུ་གཅིག་འཕྲོར་གཅིག་མཐུད་དེ་སྤེལ་མོད།འོན་ཀྱང་དེའི་ཁྲོད་ཀྱི་བག་ཆགས་ཆེས་ཟབ་པ་ནི་ཉན་མཁན་རྣམས་ཀྱི་མིག་ཆུ་རེད།དེ་ནི་དངོས་གནས་ཟོལ་མེད་ཀྱི་བརྩེ་བ་ཕྱི་རུ་མངོན་པ་ཡིན་པས།‘དེའི་ནང་དུ་ལྷད་སྐྱོན་གང་ཡང་མ་འདྲེས་པར་བྱམས་བརྩེ་ཡིས་ཕྱུག་ཡོད་ལ།མི་སེམས་དབང་མེད་དུ་སྒུལ་ཞིང་བརྩོན་སེམས་དབང་མེད་དུ་སྐྱེ་བར་བྱེད་ཐུབ’ཅེས་པ་འདི་ནི་ཉན་མཁན་རྣམས་ཀྱི་སྤྱི་ཁྱབ་ཀྱི་ཚོར་སྣང་རེད།”སྒྲོག་ཞུ་ཚོགས་པའི་ཚོགས་གཙོ་ཆི་མའེ་ཡིས“བརྗོད་དོན་སློབ་གསོ་སྐོར་གཉིས་པ་ཏན་ཏིག་གིས་སྤེལ་བཞིན་པའི་སྐབས་སུ།སྐོར་སྐྱོད་སྙན་ཞུས་ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་བརྗེད་ཐབས་བྲལ་བའི་ཏང་གཤིས་སློབ་གསོ་དང་བསམ་བློའི་བྱབས་ཁྲུས་ཐེངས་གཅིག་བྱས་སོང”ཟེར།

རྐང་ཚ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་པའོ་ཀུའེ་དང་རྐང་ཚ་རྫོང་ཁྱོན་རྒྱས་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དར་རྒྱས།རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་གསར་འགྱུར་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ལྷ་མོ་མཚོ།རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་པ་ཁུའེ་ལ་མའེ་བཅས་སྙན་ཞུ་ཚོགས་པའི་ཁོངས་མི4འཆད་ཁྲིད་སྟེགས་བུའི་སྟེང་དུ་བུད་དེ།ཕྱོགས་དང་ཟུར་མི་འདྲ་བ་ནས་གཞི་རིམ་ལས་བྱེད་པ་ཞིག་གིས་སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་རླབས་ཆེན་གྱི་བྱ་གཞག་སྐྲུན་ཞིང་སྤྱིར་བཏང་གི་བྱ་གཞག་ཁྲོད་ནས་བརྩེ་བ་ཆེན་མོ་མངོན་པའི་བླ་མེད་ཀྱི་གཤིས་ཀ་ཡང་བསྐྱར་མཚོན།

“ངས་མཁའ་འགྲོ་ཐར་དངོས་སུ་མཐོང་མ་མྱོང་མོད།འོན་ཀྱང་ཁོའི་བྱས་རྗེས་སྔོག་འདོན་བྱེད་པའི་བྱ་བར་ཞུགས་པའི་སྐལ་བཟང་སྨིན་པས།ཁོང་གི་གྲོགས་པོ་དང་ལས་གྲོགས་མང་པོར་བཅར་འདྲི་བྱས་པའི་ཁྲོད།ལས་དབང་ལ་ཀྱག་ཀྱོག་ལྡན་ནའང་དད་མོས་རི་རབ་ལས་བརྟན་ཞིང་།མི་ཚེ་གང་པོར་ཏང་གི་རྗེས་སུ་བསྙེགས་ཏེ་ཡོད་ཚད་གསོལ་འབུལ་བྱེད་ཕོད་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞིག་གི་སྣང་བརྙན་ངའི་མིག་ལམ་དུ་གསལ་པོར་གྱུར”ཞེས་དར་རྒྱས་ཀྱིས་དེ་ལྟར་བཤད།

1930ལོའི་སྟོན་ཁར།མཁའ་འགྲོ་ཐར་རྐང་ཚ་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་།ཆུང་དུས་ནས་གཏན་ཆགས་ཀྱི་སྡོད་གནས་ཤིག་མེད་པས།བཀྲེས་ལྟོགས་ཀྱིས་མནར་བའི་འཚོ་བ་མང་པོ་རོལ་མྱོང་།ཀྲུང་གོ་གསར་པ་དབུ་བརྙེས་རྗེས།ཏང་གི་འོད་སྟོང་འབར་བའི་བཀའ་དྲིན་འོག   དབུལ་ཕོངས་མི་འབོར་ཁྲི་སྟོང་མང་པོ་དང་མཚུངས་པར་མཁའ་འགྲོ་ཐར་ལ་ཟ་མ་རྒྱག་ཚོད་བཟའ་རྒྱུ་ཡོད་ལ།གྱོན་ཆས་གསར་པ་གྱོན་རྒྱུ་ཡོད་སོང་།གཞན་ཡུལ་ཉུལ་བའི་སྐབས་སུ་རྒྱ་སྐད་ལ་བྱང་ཆུབ་པ་དེས་མཁའ་འགྲོ་ཐར་གྱིས་རང་ཞིང་གི་གཞི་རིམ་སྲིད་དབང་འཛུགས་སྐྲུན་སོགས་ཀྱི་བྱ་བར་ལོ་ཙཱའི་འགན་འཁུར་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས།1956ལོར་མཁའ་འགྲོ་ཐར་གཞི་རིམ་གྱི་ལས་བྱེད་པ་ངོ་མ་ཞིག་ཏུ་གྱུར་ཅིང་།   ལོ་གསུམ་གྱི་རྗེས་སུ།ཁོ་རང་ཉིད་ཀྱི་རེ་སྨོན་ལྟར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་དུ་ཞུགས།

1962ལོར།མཁའ་འགྲོ་ཐར་གྱིས་ཧྲེ་ཀྲང་གི་འགན་འཁུར་ཡོད་པའི་ཁྱོན་རྒྱས་ཀུང་ཧྲེ་ཡིས་ལུག་ཁྱུ་ལ་སྨན་ཁྲུས་བྱེད་པའི་སྐབས་སུ།ལུག་ཁྱུ་འཚང་ཁ་བརྒྱབ་སྟེ་ཕན་ཚུན་རྐང་འོག་ཏུ་བརྫུས་པའི་གནས་ཚུལ་ཚབས་ཆེན་བྱུང་།ཐུན་མོང་གི་རྒྱུ་ནོར་ལ་གྱོང་གུན་ཐེབས་ཀྱིན་པའི་གནས་ཚུལ་མཐོང་རྗེས།བྲེལ་འཚུབ་འོག་མཁའ་འགྲོ་ཐར་སྨན་ལུམས་རྫིང་བུའི་ནང་དུ་ལྡིང་སྟེ།འབྲོག་པ་རྣམས་དང་མཉམ་དུ་ལུག་རེ་རེ་བཞིན་ཚུར་དྲུད་ཅིང་།རང་སྲོག་ལ་མི་འཛེམ་པར་ལུག་ཁྱུ་སྐྱོབ་པའི་སྐབས་སུ།སྟབས་མ་ལེགས་པར་ཁོ་རང་སྨན་ལུམས་རྫིང་བུའི་ནང་དུ་ཐང་ལ་འགྱེལ་བས་སྨན་ཆུ་མི་ཉུང་བ་ཞིག་གློ་མིད་གཏོང་དགོས་བྱུང་།དེ་ནས་ཅང་མ་འགོར་བར།ཁོར་མགོ་ཡོམ་འཁོར་བ་དང་ལུས་ལ་ཤུགས་མེད་པ།མིད་པར་ཁྲག་རྒྱས་ཤིང་དབུགས་ལེན་དཀའ་བ་སོགས་ཀྱི་ནད་རྟགས་མང་པོ་བྱུང་ཞིང་།ལོ་གཉིས་ཀྱི་རྗེས་སུ་ནད་གཞི་བསྟུད་མར་ཇེ་སྡུག་ཏུ་སོང་བས།རྩ་འཛུགས་ཀྱིས་ཁོ་རང་ལས་བྲལ་ངལ་གསོ་བྱས་ཏེ་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་སྨན་བཅོས་བྱེད་དུ་འགྲོ་རུ་འཇུག་རྒྱུ་ཐག་བཅད།ཡིན་ནའང་ཧྲའན་ཞི་ལ་འགྲོ་ཐེངས་འདིས་ཁོ་རང་དུས་རབས་ཕྱེད་ཀ་ལྷག་ལ་ཕྱིར་ལོག་མ་ཐུབ་པ་རེད།

འཆད་སྟེགས་སྟེང་གི་སྙན་ཞུ་ཚོགས་པའི་ཁོངས་མིའི་སེམས་འགུལ་ཐེབས་པའི་རྒྱས་བཤད་དང་།བརྙན་རིས་སྟེང་གི་མཁའ་འགྲོ་ཐར་གྱི་ཉེ་མི་དང་ལས་གྲོགས།གྲོགས་པོ་སོགས་ཀྱི་བརྩེ་དུང་ཟབ་པའི་ཕྱིར་དྲན།ད་རུང་འདྲ་པར་རྙིང་པ་རེ་རེ་བཅས་ཀྱིས།རྒན་པ་འདིའི་སྤྱིར་བཏང་མ་ཡིན་པའི་མི་ཚེ་ཧྲིལ་པོ་མཚོན་པར་བྱེད།

“ཕ་ཡུལ་ནི་ནམ་ཡང་ཨ་ཁུའི་སེམས་ལ་ཉར་བའི་དྲན་པ་དེ་རེད།ལོ་ངོ་མང་པོའི་རིང་ལ།ཨ་ཁུའི་ལུས་པོ་ཞི་ཨན་དུ་ཡོད་ཀྱང་།ཕ་ཡུལ་ལ་བཅངས་པའི་བརྩེ་བ་ནམ་ཡང་ལྷོད་མ་མྱོང་།མཚོ་སྔོན་དང་རྐང་ཚ་གླེང་ཐེངས་རེར་ཁོར་ངར་ཤུགས་ལངས་སྲིད།ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ཁོས་བཤད་པ་ཆེས་མང་བའི་སྐད་ཆ་ནི།ལས་འཁྱུར་ངལ་གསོ་བྱས་སྔ་སོང་།ཏང་གི་དོན་དུ་བྱ་བ་མང་པོ་བསྒྲུབ་མ་ཐུབ་ལ།ཕ་ཡུལ་མི་དམངས་ལ་གསོ་སྐྱོང་བྱས་པའི་དྲིན་ལན་འཇལ་མ་ཐུབ་ཅེས་པ་དེ་རེད”ཅེས་མཁའ་འགྲོ་ཐར་གྱི་ཚ་མོ་ཀྲུའུ་པའོ་ཀུའེ་ཡིས་དེ་ལྟར་བཤད།

“ཟ་མཁས་ལས་མཁས་བྱས་ཏེ།ཟས་གོས་འགྲོ་སྡོད་ཚང་མ་ཧ་ཅང་བབ་ཆགས་ཡིན།དུས་ཡུན་རིང་པོར་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་གཞུང་ཁང་དུ་བསྡད་པར་མ་ཟད།ཁྱིམ་སྤྱོད་ཅ་ལག་ཡོད་ཚད་སྔོན་ཆད་ཀྱི་ཅ་ལག་རྙིང་པ་ཡིན་ལ།ཉིན་རེའི་ཟ་མ་གཙོ་བོ་རྩམ་པར་བརྟེན་ཡོད་པས།རང་ཉིད་ཀྱི་སྟེང་དུ་སྐར་མ་གང་ཡང་བཀོལ་ཐུབ་མེད”ཅེས་ལས་བྱེད་རྒན་པ་ངལ་གསོ་སུའོ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲེན་ཀྲི་ཆང་གིས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད།

“བློ་མཐུན་བཟང་པོ་འདི་ལྟ་བུ་ཞིག་ལ་ཡུན་རིང་འབྲེལ་འདྲིས་བྱས་པ་དེ་ནི་ང་ལ་མཚོན་ན་གཟི་བརྗིད་ཅིག་རེད།ཁོ་ནི་མི་གཞན་པ་དཀའ་ཁག་དང་འཕྲད་སྐབས།སྒེར་སེམས་གང་ཡང་མེད་པར་མྱུར་དུ་རོགས་སྐྱོར་བྱེད་མཁན་དེ་ཡིན”ཞེས་མཁའ་འགྲོ་ཐར་གྱི་གྲོགས་པོ་ཀྲོའུ་ཀྲི་དབྱི་ཡིས་དེ་ལྟར་བཤད།

“ང་ལ་ནད་བྱུང་བའི་དབང་གིས་མཚོ་སྔོན་དུ་ལོག་ཐབས་བྲལ།ཏང་དང་སྲིད་གཞུང་གི་བཀའ་དྲིན་ལ།ཞི་ཨན་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་རྒན་པའི་ངལ་གསོ་སུའོ་དང་པོ་རུ་བསྡད་དེ་གསོ་བཅོས་བྱེད་པའི་སྐལ་བ་ལྡན།བཅོས་ཐབས་མེད་པའི་ནད་བྱུང་རྗེས།ཏང་དང་སྲིད་གཞུང་གི་ཐུགས་ཁུར་གྱིས་ང་ལ་ཚེ་སྲོག་ཐེངས་གཉིས་པ་བྱིན་པས།གུང་ཁྲན་ཏང་གི་བཀའ་དྲིན་ནི་དངོས་གནས་རི་ལས་མཐོ་ཞིང་མཚོ་ལས་ཟབ།ང་རང་ཉིད་ཀྱིས་ཏང་དང་མི་དམངས་ཀྱི་ཆེད་དུ་བྱ་བ་གང་ཡང་བསྒྲུབས་ཐུབ་མེད་པས་ངའི་མི་ཚེ་ཧྲིལ་པོར་ཕྱིར་མདང་རེ་བརྒྱབ་ན་ངོ་མ་ངོ་གནོང་དགོས་པ་ཞིག་རེད།”

ཤོག་བུ་དཀྱུས་མ་གཉིས་ཀྱི་སྟེང་དུ་ཁྱ་རེ་ཁྱོ་རེ་ཞིག་བྲིས་ཤིང་།ཐ་ན་ཡིག་ནོར་འགའ་རེའང་ཡོད་པའི་ཁ་ཆེམས་ཡི་གེ་དེ་བརྙན་རིས་ཆེན་མོའི་སྟེང་དུ་ཤར་དུས།ལྷ་མོ་མཚོས་བཤད་རྒྱུར།མོ་ཡང་སྔོན་ཆད་སྟེགས་བུའི་འོག་གི་ཉན་མཁན་རྣམས་དང་མཚུངས་པར་དངངས་འཚབ་ཅིག་སྐྱེས་མོད།འོན་ཀྱང་ཁ་ཆེམས་ཡི་གེ་འདིའི་རྒྱབ་ཀྱི་གཏམ་རྒྱུད་ཀྱིས་ཉན་མཁན་རྣམས་ཀྱི་མིག་ཟུང་མཆི་མས་བརླན།

སྐབས་དེར།འབྲས་སྐྲན་གྱི་མནར་གཅོད་མྱོང་བཞིན་པའི་མཁའ་འགྲོ་ཐར་གྱི་ལུས་པོ་ཧ་ཅང་ཉམ་ཐག་ཡིན་ནའང་།ཁོས་ཁ་ཆེམས་ཡི་གེ་འབྲི་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པས།མི་གཞན་གྱིས་ཚབ་བྱེད་མི་རུང་བར་ངེས་པར་དུ་རང་ཉིད་ཀྱིས་དངོས་སུ་བྲིས་ན་ད་གཟོད་སེམས་ཀྱི་རེ་འདུན་འགྲུབ་སོང་ཟེར།མཁའ་འགྲོ་ཐར་གྱི་ལག་ཏུ་སྨྱུ་གུ་ཐོགས་དཀའ་ནའང་།ལག་པ་འདར་འདར་གྱིས་མི་ཚེ་འདིའི་ཆེས་མཐའ་མཇུག་གི་ཡིག་འབྲུ་འགའ་བོ་རེ་རེ་བཞིན་བྲིས་ཤིང་།ཡིག་འབྲུ་དེ་དག་འབྲི་བའི་གོ་རིམ་ཁྲོད།“གུང་ཁྲན་ཏང་གི་བཀའ་དྲིན་རི་ལས་མཐོ་ཞིང་མཚོ་ལས་ཟབ”ཅེས་པའི་སྐད་ཆ་དེ་ཡང་བསྐྱར་ཁ་སྣོན་བྱས།

ཚེ་སྲོག་གི་ཆེས་མཐའ་མཇུག་ཏུ།རྒན་པ་ཁོང་ཉིད་ཕྱིར་ཕ་ཡུལ་དུ་ལོག་སྟེ།ཏང་དང་མི་དམངས་དང་ཕ་ཡུལ་བཅས་ཀྱི་དོན་དུ་རང་ཉིད་ཀྱི་ནུས་ཤུགས་ཏིལ་ཙམ་འདོན་རྒྱུ་ཐག་བཅད།“འདས་མཆོད་སྒྲུབ་པའི་འགྲོ་སོང་ཕུད་རྗེས།ངའི་རུས་ཐལ་སྤར་བ་གང་བོ་མཚོ་སྔོན་པོའི་ནང་དུ་གཏོར་རོགས།”“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས།སྒོར་ཁྲི་གཅིག་གི་ཏང་དངུལ་སྤྲོད་དགོས།”“དེའི་འཕྲོ་མར་ལྷག་པའི་ངའི་ཟླ་ཕོགས་དང་གཟིགས་སྐྱོང་དངུལ།རྩིས་ཞུ་བྱས་པའི་སྨན་བཅོས་གྲོན་དངུལ།རྒྱུ་ནོར་ཐག་གཅོད་བྱས་པའི་དངུལ་སྒོར་ཡོངས་རྫོགས་ཕ་ཡུལ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་གི་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་ལ་སྦྱིན་རོགས”ཁ་ཆེམས་ཡི་གེའི་སྟེང་དུ་དེ་ལྟར་བྲིས་འདུག

རྒན་པ་ཁོང་ཚེ་ལས་འདས་ཀྱང་།སྙིང་སྟོབས་ཇི་སྲིད་བར་དུ་གནས་ངེས།

ཆི་མའེ་ཡིས་བཤད་རྒྱུར།“སྐོར་སྐྱོད་སྙན་ཞུ་མཇུག་རྫོགས་ནའང་།ང་ཚོས་མཁའ་འགྲོ་ཐར་གྱི་གཏམ་རྒྱུད་ད་རུང་མུ་མཐུད་དུ་བཤད་དེ།ཁོའི་སྙིང་སྟོབས་ཀྱིས་མི་སྔར་ལས་མང་པོར་སེམས་འགུལ་ཐེབས་སུ་འཇུག་དགོས།”

“རྗེས་རབས་པ་ཞིག་ཡིན་པའི་ཆ་ནས།ང་ཚོས་ཁོང་གི་རླབས་ཆེ་བའི་སྙིང་སྟོབས་ཀྱི་འབོད་སྐུལ་འོག་ཇི་ལྟར་མི་བཟང་པོ་ཞིག་བྱེད་དགོས་པའི་གནས་ལུགས་རྟོགས་ཤིང་།དྲིན་ཚོར་བ་དང་གཅེས་སྤྲས་བྱེད་ཤེས་པར་གྱུར།ཁོང་གི་ཉམས་དགའ་བག་ཡངས་ཀྱི་སྙིང་སྟོབས་དང་སྒེར་སེམས་མེད་པའི་ཁོག་རྒྱ།འགྱུར་བ་མེད་པའི་སེམས་ཤུགས་བཅས་ཀྱིས་ང་ཚོར་ཁེ་ཕན་མང་པོ་སྦྱིན་སོང”ཞེས་ཀྲུའུ་པའོ་ཀུའེ་ཡིས་དེ་ལྟར་བཤད།

“མཁའ་འགྲོ་ཐར་གྱིས་ཕ་ཡུལ་ལ་བཅངས་པའི་འཛད་མཐའ་མེད་པའི་བརྩེ་བ་དང་།ཏང་ལ་བཅངས་པའི་བླ་མེད་ཀྱི་ལྷག་བསམ་དཀར་པོ་ཡིས།ཚང་མའི་སེམས་པར་གཡོ་འགུལ་བཏང་།”ཞེས་མཚོ་སྔོན་དགེ་འོས་སློབ་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཀྲའོ་ཉིང་གིས“སློབ་གྲྭ་ཆེན་མོའི་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་སྟེང་གི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།བློ་མཐུན་མཁའ་འགྲོ་ཐར་མིག་དཔེ་རུ་བཟུང་ནས་གཤིབ་བསྡུར་བྱེད་དགོས་ལ།རང་འགན་གྱི་བྱ་བ་ཕྲག་ཏུ་བླངས་ནས།འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ།སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ཐད་རང་ཉིད་ཀྱི་ནུས་ཤུགས་འདོན་དགོས”ཟེར།

“ང་ཚོས་བློ་མཐུན་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་དང་བླ་མེད་སྙིང་སྟོབས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དེ་དེང་སྐབས་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་དུ་སྦྲེལ་ཏེ།མི་སེམས་ལ་འཇགས་སུ་འཇུག་དགོས་པ་དང་།ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་རྒྱ་ཆེའི་མང་ཚོགས་ལ་ཕན་ཐོགས་པའི་དོན་དངོས་ལག་ལེན་དུ་བསྒྱུར་དགོས།”ཞེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་པུའུ་ཅུས་ཀོ་ཡིས་དེ་ལྟར་བཤད།

མཚོ་སྔོན་པོ་ལྗོངས་ཁུལ་གྱི་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུས་ཀྱི་ལས་བྱེད་པ་ཧྥན་ཝུན་ཅིན་གྱིས་བཤད་རྒྱུར།“བློ་མཐུན་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུ་ལ་ཉན་རྗེས།ཁོང་གི་སྒེར་སེམས་མེད་པའི་གསོལ་འབུལ་དང་སེམས་སུ་ཉར་བའི་བརྩེ་དུང་ཟབ་མོ།ཕ་ཡུལ་ལ་བཅངས་པའི་བརྩེ་བ་བཅས་ཀྱི་སྙིང་སྟོབས་བླ་ན་མེད་པ་དེས་ང་ལ་སེམས་འགུལ་ཐེབས་སུ་བཅུག   ང་ཚོ་ན་གཞོན་ཏང་ཡོན་རྣམས་ཀྱིས་སྙིང་སྟོབས་འདི་ཡིད་ལ་དམ་པོར་བཅངས་ནས་རྒྱུན་འཛིན་བྱེད་འོས་ཤིང་།ང་རང་ཉིད་ཀྱིས་ཀྱང་བློ་གཅིག་སེམས་གཅིག་གིས་མཚོ་སྔོན་པོར་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ཏེ།མཚོ་སྔོན་པོའི‘ཆེ་ཞིང་མཛེས་ལ།གཙང་ཞིང་བཟང་བའི’མཛེས་སྡུག་གི་མིང་བྱང་སྐྲུན་པའི་ཐད་རང་ཉིད་ཀྱི་བྱས་རྗེས་ཅུང་ཙམ་འཇོག་རྒྱུ་ཡིན།”

སྙན་ཞིང་འཇེབས་པའི་ཚེ་སྲོག་གི་གཞས་དབྱངས་སྙན་མོ་ཞིག་མཚོ་སྔོན་གྱི་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་།སྒེར་སེམས་མེད་ཅིང་ནམ་ཡང་དཔའ་མི་ཞུམ་པའི་ལྷག་བསམ་དཀར་པོ་ཞིག་གིས་མི་བགྲང་ལས་འདས་པ་ཞིག་གི་ཡིད་སེམས་སྒུལ།

མཁའ་འགྲོ་ཐར་གྱི་མི་ཚེ་གང་པོར་སྤྱི་སྡོམ་བྱས་ན།མི་འགྱུར་རྡོ་རྗེ་མདུད་པ་ལྟ་བུའི་དམ་བཅའ་བརྟན་པོ་མེད་ལ།གནམ་ས་སྒུལ་བ་ལྟ་བུའི་བྱས་རྗེས་ཆེན་པོའང་མེད་མོད།འོན་ཀྱང་རང་ནུས་ཅི་ཡོད་ཀྱིས་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་གིས་སྒྲུབ་འདོད་པ་དང་སྒྲུབ་འོས་པ།སྒྲུབ་ནུས་པའི་བྱ་བ་ཡོངས་རྫོགས་བསྒྲུབས་ཡོད་པ་རེད།བརྗེད་མི་རུང་བའི་བསམ་བློ་དེ་ནི་མར་མེ་ཚེ་འབར་ཞིག་དང་མཚུངས་པར།ང་ཚོ་མི་རེ་རེར་ནུས་ཤུགས་གཅིག་ཏུ་བསྡུས་ནས་མཛེས་སྡུག་འཚོ་བར་བརྩོན་དགོས་པའི་སྐུལ་མ་གཏོང་བཞིན་ཡོད།   །

                                                            རྩོམ་སྒྲིག་པ། གཡང་འབུམ་རྒྱལ།