ཞོལ་མ་རྩྭ་ཐང་སྟེང་གི“ཀུན་ཐུབ་ཉེན་རྟོག་པ།”
2020.01.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 51

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སྤྱི་བདེ་ཅུས་ཞོལ་མ་མངག་གཏོང་ཁང་དུ། ཉེན་རྟོག་པ་རྒན་པ་ཞིག་ཡོད་དེ། ཀུན་གྱིས་ཁོ་ལ“ཀུན་ཐུབ་ཉེན་རྟོག་པ”ཞེས་འབོད་ཀྱིན་ཡོད། ཁོའི་མིང་ལ་པདྨ་སྐྱབས་ཟེར་ཞིང་། ཉེན་རྟོག་གི་བྱ་བར་ཞུགས་ནས་ལོ་ངོ30ལྷག་འགོར་བའི་རིང་ལ། པདྨ་སྐྱབས་ཀྱིས་ཁ་ལོ་བ་དང་མྱུལ་ཞིབ་པ། མངག་གཏོང་ཁང་གི་སུའོ་ཀྲང་སོགས་ཀྱི་བྱ་བ་གང་ཞིག་སྒྲུབ་རུང་། དེ་ལ་དགའ་ཞེན་དང་བརྩི་བཀུར་བྱས་ཏེ་ཞིབ་འཇུག་གཏིང་ཟབ་བྱས། ཁོ་ལ་གནམ་ས་སྒུལ་བ་ལྟ་བུའི་བྱས་རྗེས་ཆེན་པོ་མེད་མོད། འོན་ཀྱང་བྱ་བའི་འགན་འཁྲི་ཕྲག་ཏུ་ལེན་ཕོད་པའི་དབང་གིས་ས་གནས་མང་ཚོགས་ཀྱི་ཁས་ལེན་བཟང་པོ་ཐོབ་ཡོད།

དུས་རབས་སྔོན་མའི་ལོ་རབས80པའི་སྐབས་སུ། ཐུན་ཏེ་རྫོང་གི་དཔལ་འབྱོར་རྗེས་ལུས་ཡིན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་ཞིང་། ཐུན་ཏེ་རྫོང་སྤྱི་བདེ་ཅུས་ལ་ཅི་ཕུའུ་རླངས་འཁོར་གཉིས་ལས་མེད་ལ། ལོ་གཅིག་གི་སྤྱི་པའི་གྲོན་དངུལ་ཧ་ཅང་ཉུང་། དུས་རྒྱུན་གྱི་སྦྱོང་བརྡར་དང་གྱོད་དོན་མྱུལ་ཞིབ་སོགས་གཞུང་ལས་གང་ཞིག་ཡིན་རུང་རླངས་འཁོར་དང་འབྲལ་ཐབས་མེད་པས། རླངས་འཁོར་ཉམས་གསོ་སོགས་ཀྱི་འགྲོ་སོང་ནི་ཅུས་མགོ་ཁྲིད་རྣམས་ཀྱི་ཆེས་སེམས་ཁུར་བྱེད་པའི་གནད་དོན་དུ་གྱུར།

འགྲོ་སོང་གྲོན་ཆུང་བྱེད་ཆེད། པདྨ་སྐྱབས་ཀྱིས་རང་འགུལ་སྒོས་རླངས་འཁོར་ཉམས་གསོ་བྱེད་པའི་ལག་རྩལ་སྦྱངས་ཤིང་། རང་ཉིད་ཀྱིས་སྒོར་མོ་བཏང་ནས་དེའི་སྐོར་གྱི་དཔེ་ཆ་དང་སྒྲིག་ཆས་ཉོས། ཁོས་རླངས་འཁོར་གྱི་དུས་རྒྱུན་ཉམས་གསོ་ལ་ཧ་ཅང་དོ་སྣང་བྱས་པས། ཅི་ཕུའུ་རླངས་འཁོར་རྙིང་པ་དེ་གསར་པ་ཞིག་དང་འདྲ་བར་ཆག་སྐྱོན་འབྱུང་རྒྱུ་མེད། ལོ་རྒྱུན་དུ་རླངས་འཁོར་སྐོར་ཐེངས་ཆེས་མང་བ་ནི་ཁོ་ཡིན་ནའང་། རླངས་འཁོར་ཉམས་གསོའི་འགྲོ་སོང་ཆེས་ཉུང་བའང་ཁོ་ཡིན། པདྨ་སྐྱབས་ཀྱིས་བཤད་རྒྱུར། ང་ནི་ཁ་ལོ་བ་ཞིག་ཡིན་ལ། མི་དམངས་ཉེན་རྟོག་པ་ཞིག་ཀྱང་ཡིན། རླངས་འཁོར་ཁ་ལོ་བསྒྱུར་བ་དང་ཉམས་གསོ་བྱེད་པ་ནི་ང་ཚོའི་ཆེད་ལས་ཀྱི་རྩལ་ནུས་ཡིན་པ་དང་། རླངས་འཁོར་ནི་ང་ཚོའི་གོ་མཚོན་སྒྲིག་ཆས་ཡིན་པས། ངེས་པར་དུ་རང་ཉིད་ཀྱི་ལས་རྐང་ལ་འགན་འཁུར་ཏེ། ལས་རྐང་གི་དཔེ་དམག་ཞིག་བྱེད་པར་བརྩོན་དགོས་ཟེར།

ཐུན་ཏེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཁག་ཏུ་ཡོད་པའི་སྐབས་སུ། པདྨ་སྐྱབས་ནི་ཉེ་རིང་ཕྱོགས་ལྷུང་མེད་པའི་མི་གྲགས་ཅན་ཞིག་ཡིན་ཏེ། སུ་ཞིག་གིས་བཅའ་ཁྲིམས་དང་འགལ་བའི་བྱ་བ་བསྒྲུབས་ན། ཁྲིམས་གཅོད་དྲང་གཞག་བྱེད་པ་ལས་ངོ་འཛིན་ཟོལ་འཇོག་གཏན་ནས་བྱེད་མི་སྲིད།

ཐེངས་ཤིག་ལ། རྫོང་མཁར་དུ་བསྙད་རྐོ་ཟིང་སློང་གི་དོན་རྐྱེན་ཞིག་བྱུང་ཞིང་། དེའི་ཁྲོད་ཀྱི་མི་གཅིག་ནི་པདྨ་སྐྱབས་ཀྱི་ཉེ་མི་ཞིག་རེད། ལས་གྲོགས་རྣམས་ཀྱིས་ཁོ་རང་ཟུར་བྱོལ་བྱེད་དུ་འཇུག་དགོས་མིན་ལ་བསམ་བློ་གཏོང་བཞིན་པའི་སྐབས་སུ། ཁོས་དོགས་ཅན་མི་སྣ་དེ་བཟུང་སྟེ་སྔ་མོ་ནས་མངག་གཏོང་ཁང་དུ་བསྐྱལ་ཡོང་། དེའི་མི་ཚད་ད་རུང་ཐུན་ཏེ་རྫོང་སྤྱི་བདེ་ཅུས་ལ་ཞུ་བ་བྱེད་དུ་ཡོང་བའི་ཉེ་མི་ཞིག་སྒོར་དེད་པ་རེད། མཇུག་མཐར་ཁོའི་ཉེ་མི་དེ་བཙོན་འཇུག་བྱས་མོད། འོན་ཀྱང་བྱ་བ་དེའི་དབང་གིས་པདྨ་སྐྱབས་དང་ཁོའི་ཉེ་མིའི་བར་དུ་འབྲེལ་ཐག་ཆད་ཅིང་། ཁྱིམ་མི་རྣམས་ཀྱིས་ཀྱང་ཁོའི་བྱ་སྤྱོད་དེ་ལ་གོ་བ་མ་ལོན་པར་ཡོད། ཡིན་ནའང་ཁོས་བཅའ་ཁྲིམས་ཀྱི་མདུན་དུ་དམིགས་བསལ་ཞིག་ཡོད་མི་སྲིད། སུ་ཞིག་གིས་བཅའ་ཁྲིམས་དང་འགལ་བའི་བྱ་བ་བསྒྲུབས་ན་བཅའ་ཁྲིམས་ཀྱི་ཆད་པ་ངེས་པར་དུ་འཁུར་དགོས། འདི་ནི་ང་ཚོ་ཁྲིམས་སྐྱོང་བ་ཞིག་གི་འགན་འཁྲི་ཡིན་ལ། རང་གི་ཉེ་མི་རྣམས་ལ་བཅངས་པའི་བརྩེ་སེམས་ཀྱང་ཡིན་ཟེར།

དེ་ནས་བཟུང་པདྨ་སྐྱབས་ལ་ཉེ་རིང་ཕྱོགས་ལྷུང་མེད་པའི་ཉེན་རྟོག་པ་ཞིག་གི་མཚན་སྙན་ཐོབ་སྟེ། མི་རྣམས་ཀྱིས་ཁོ་རང་གླེང་སྐབས་བསྟོད་པའི་མཐེ་བོང་སྒྲེང་པར་བྱེད། ཡིན་ནའང་ཐེངས་ཤིག་ལ་ཉེ་རིང་ཕྱོགས་ལྷུང་མེད་པའི་ཉེན་རྟོག་པ་འདིས་ཁོའི་ཞི་ཞིང་བརྩེ་བའི་གཤིས་ཀ་ཞིག་ཀྱང་ཕྱི་རུ་མངོན།

སྐབས་དེར་རྫོང་ཐོག་ནས་བྱིས་པར་མནར་གཅོད་གཏོང་བའི་གྱོད་དོན་ཞིག་བྱུང་བ་སྟེ། ཁྱོ་གས་ཆང་འཐུང་རྗེས་རྒྱུན་དུ་ཆུང་མར་གཅར་རྡུང་བྱས་པས། ཆུང་མས་མནར་གཅོད་མ་བཟོད་པར་ལོ་ན་དྲུག་ཅན་གྱི་བུ་མོ་བསྐྱུར་ཏེ་གར་སོང་ཆ་མེད་དུ་གྱུར། དེ་ནས་བཟུང་ཁྱོ་གས་ཆང་འཐུང་རྗེས་ཀྱི་གཅར་རྡུང་བྱ་ཡུལ་ནི་ལོ་ན་དྲུག་ཅན་གྱི་བུ་མོ་ཆུང་ཆུང་དེ་ཡིན་པར་མ་ཟད། གྲང་ངར་ཆེ་བའི་དགུན་ཁར་བུ་མོ་གཅིག་པུ་རི་མགོའི་སྦྲ་གུར་ནང་དུ་བསྐྱུར་བའི་གནས་ཚུལ་བྱུང་།

གཏུག་བཤེར་འབྱོར་རྗེས། པདྨ་སྐྱབས་མྱུར་བ་མྱུར་དུ་སོང་ནས་བུ་མོ་ཆུང་ཆུང་དེ་སྨན་ཁང་དུ་བསྐྱལ་བར་མ་ཟད་སྨན་ཡོན་ཡོངས་རྫོགས་ཕུད་པ་དང་། བུ་མོར་སེམས་གསོ་བྱེད་པའི་ཆེད་དུ། པདྨ་སྐྱབས་ཀྱིས་རྒྱུན་སྤྱོད་དངོས་པོ་དང་རྩེད་ཆས་སོགས་ཉོས་ཤིང་། རང་རྟོགས་སྒོས་ཐུན་ཏེ་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དོན་རྐྱེན་བྱུང་ཡུལ་གྱི་གྲོང་རྡལ་སྲིད་གཞུང་ལ་འབྲེལ་གཏུག་བྱས་ཏེ། བུ་མོ་དེའི་རྗེས་ཕྱོགས་ཀྱི་སེམས་ཁྲལ་བསལ་ཅི་ཐུབ་བྱས།

པདྨ་སྐྱབས་ཚང་གི་འབྱོར་བའང་དེ་འདྲའི་བཟང་རྒྱུ་མེད། ཆུང་མར་བྱ་བ་མེད་པ་དང་བྱིས་པ་ཚང་མ་སློབ་གྲྭར་འགྲོ་བཞིན་ཡོད་པས། བཟའ་མི་གང་པོས་ཁོ་གཅིག་པུའི་ཡོང་སྒོ་ལ་བརྟེན་ཡོད། ཡིན་ནའང་ཁོས་འདི་ནི་མི་དམངས་ཉེན་རྟོག་པ་ཞིག་ལ་ཡོད་འོས་པའི་བྱམས་སེམས་རེད་ཟེར།

ཉེ་བའི་ལོ་འདི་འགར། དབྱར་རྩྭ་དགུན་འབུའི་རིན་གོང་ཇེ་མཐོར་སོང་བ་དང་བསྟུན་ནས། ཐུན་ཏེ་རྫོང་ཞོལ་མ་ཞང་ནི་རྫོང་ཡོངས་ཀྱི་ཆེས་རྙོག་དྲ་ཆེ་བའི་ས་ཁུལ་དུ་གྱུར། ཐུན་ཏེ་རྫོང་སྤྱི་བདེ་ཅུས་ཏང་ཨུ་ཡིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས། པདྨ་སྐྱབས་ལ་ཞོལ་མ་མངག་གཏོང་ཁང་གི་སུའོ་ཀྲང་གི་འགན་འཁུར་དུ་འཇུག་རྒྱུ་ཐག་བཅད།

སུའོ་ཀྲང་གི་འགན་འཁུར་རྗེས། པདྨ་སྐྱབས་ཀྱིས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་མ་བྱས་ལ། རྡུང་རྡེག་འགུལ་སྐྱོད་ཀྱང་མ་སྤེལ་བར། ཉེན་རྟོག་པ་གཉིས་ཁྲིད་དེ་ཞང་ཡོངས་ཀྱི་སྡེ་བ་བརྒྱད་པོར་རེ་རེ་བཞིན་ཉུལ་ཞིང་། གང་ལ་ཐོན་ན་ས་ཆ་དེའི་ཏང་ཡོན་རྒན་པ་དང་བདེ་སྐྱོང་ཧུར་བརྩོན་ཅན་ལ་ཁྱིམ་ཚང་ནང་གི་གནས་ཚུལ་སོགས་ཁ་བརྡ་བྱས་ཤིང་། གང་ལ་ཐོན་ན་དེ་རུ་ཞག་འདུག་བྱས་པས། མང་ཚོགས་རྣམས་ཀྱིས་སྡེ་བའི་ནང་དུ་སྡེ་སྡོད་ཉེན་རྟོག་པ་ཐོན་འདུག་ཟེར། པདྨ་སྐྱབས་ཀྱིས་དེ་ལྟར་ཞང་ཡོངས་ཀྱི་སྤྱི་ཚོགས་བདེ་སྐྱོང་གནས་ཚུལ་རྒྱུས་ལོན་དང་འབྲོག་པ་མང་ཚོགས་ཀྱི་རེ་འདུན་ལ་རྒྱུས་ལོན་བྱས་པར་མ་ཟད། ཞང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་རྒན་པ་ཁེར་འདུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས། དེ་ནས་བཟུང་གཞི་རིམ་དུ་འགྲོ་ཐེངས་རེར། ཁོས་འབྲོག་པ་རྣམས་ལ་སྒྲུབ་རོགས་བྱས་པའི་ཁྱིམ་ཐོ་དང་ཐོབ་ཐང་ལག་ཁྱེར་སོགས་རེ་རེ་བཞིན་ཁོ་ཚོའི་ལག་ཏུ་སྤྲད་ཅིང་། དབུལ་ཕོངས་ཁྱིམ་ཚང་ལ་འབྲས་དང་ཕྱེ། བཟའ་སྣུམ་སོགས་བྱིན་པ་དང་། རྒན་པ་ཁེར་འདུག་རྣམས་ལ་གྱོན་ཆས་དང་འཚོ་བའི་མཁོ་དངོས་སོགས་བསྐྱལ་བ་རེད། དོན་དག་ཆུང་ཆུང་དེ་དག་བརྒྱུད་དེ་པདྨ་སྐྱབས་ཀྱིས་རང་ཉིད་དང་འབྲོག་པ་མང་ཚོགས་བར་གྱི་བར་ཐག་ཇེ་ཉེ་རུ་གཏོང་ཅི་ཐུབ་བྱས་པས། རིམ་གྱིས་འབྲོག་པ་རྣམས་ཀྱི་བློ་གཏོད་སར་གྱུར།

མངའ་ཁོངས་ཀྱི་བདེ་སྐྱོང་ལས་དོན་བརྟན་བརླིང་ཡོང་ཆེད།ལོ་རེའི་དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ། པདྨ་སྐྱབས་ཀྱིས་སྡེ་བའི་ཉེན་རྟོག་པ་དང་མཉམ་སྲུང་རུ་ཁག་རྩ་འཛུགས་བྱས་ཏེ་རི་མགོར་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། རྐུན་མ་དང་མགོ་བསྐོར་མཁན་འགོག་པའི་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། ཕྱི་ནས་ཡོང་བའི་མི་སྣ་ཐོ་འགོད་བྱས་ཏེ། ཆུ་མ་ཡོང་གོང་ནས་རགས་བརྒྱབ་པ་རེད། ལོ་རེའི་དབྱར་ཁར་འབྲོག་པ་རྣམས་དབྱར་སར་གནས་སྤོར་བའི་སྐབས་སུ། ཁོ་རྒྱུན་དུ་འབྲོག་པའི་སྦྲ་གུར་ནང་སོང་ནས། འབྲོག་པ་མང་ཚོགས་ལ་དངོས་པོ་རྩ་ཆེན་དང་སྒོར་མོ་སོགས་སྦྲ་གུར་དུ་འཇོག་མི་རུང་བའི་དྲན་སྐུལ་བྱས་པ་དང་། དུས་མཚུངས་སུ་ཁྱིམ་ཚང་འགའ་རེའི་བར་དུ་མི་གཅིག་རེ་ཤུལ་དུ་བསྡད་དེ། ཁྱིམ་ཚང་བཅུ་རེའི་བར་མཉམ་འགོག་བྱེད་པའི་བྱ་བ་སྒྲུབ་སྟངས་བཏོན་ལ། ནོར་ལུག་བཤས་ཁོངས་སུ་གཏོང་བའི་སྐབས་སུ། ཁོ་དང་ཉེན་རྟོག་པ་གཞན་པ་རྣམས་རྩྭ་ས་རེ་རེར་སོང་ནས། ཉིན་དཀར་ལུག་ཁྱུའི་རྗེས་སུ་འདེད་དགོས་པ་དང་དགོང་མོར་ལུག་ཁྱུ་ལུག་རར་བསྡུ་དགོས་པའི་བླང་བྱ་བཏོན་པ་དང་། ལོ་རེའི་དགུན་ཁར་ཐོན་དུས། ཁོས་དགུན་གྱི་གྲང་ངར་ལ་མི་འཛེམ་པར་ཉེན་རྟོག་པ་རྣམས་ཀྱི་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེར་སོང་ནས། མེ་དགྲ་དང་རྐུན་མ་སྔོན་འགོག་བྱེད་པར་གསལ་འདེབས་བྱས།

དེ་ལྟར་ལོ་ངོ་འགའི་རིང་ལ་ཧུར་བརྩོན་བྱས་པ་བརྒྱུད། པདྨ་སྐྱབས་དང་ལས་གྲོགས་རྣམས་ཀྱིས་ཞོལ་མ་ཞང་གི་བདེ་སྐྱོང་གནས་ཚུལ་བསྒྱུར་ཞིང་། ཞོལ་མ་ཞང་ནི་སྔོན་ཆད་རྫོང་ཡོངས་ཀྱི་མིང་དུ་གྲགས་པའི་རྙོག་འཛིང་ས་ཁུལ་ཡིན་པ་ནས་ཕུལ་བྱུང་ཞང་གྲོང་གི་གྲས་སུ་ཚུད་པ་དང་། ཞོལ་མ་མངག་གཏོང་ཁང་ཡང་ཞང་ཡོངས་ཀྱི་སྡེ་ཚན་སོ་སོའི་བྱ་སྤྱོད་དཔྱད་འཇོག་ཁྲོད་སྔོན་གྲས་སུ་ཚུད་ཡོད།

                                                                                                                          རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།