འཛུམ་སྐྱིད་ནི་ཐབས་ཤེས་གཉིས་འཛོམས་ཀྱི་བུད་མེད་མཛངས་མ་ཞིག་རེད།
2020.01.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 71

འཛུམ་སྐྱིད་ཀྱིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ།

“ཕུལ་དུ་བྱུང་བའི་དགེ་རྒན་ཞིག་བྱེད་འདོད་ན། རང་ཉིད་ཀྱི་ལས་རིགས་ལ་དགའ་བ་དང་། སློབ་མར་བརྩེ་སེམས་ཆེ་བ། དཀའ་ངལ་ཕྲག་ཏུ་ལེན་ཕོད་པ་ཞིག་ཡིན་དགོས།”སྐད་ཆ་འདི་བཤད་མཁན་གྱི་མིང་ལ་འཛུམ་སྐྱིད་ཟེར་ཞིང་། མོ་ནི་ཡར་སྔོན་སྤྱིར་བཏང་གི་དགེ་རྒན་ཞིག་ཡིན། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་གཞི་རིམ་གྱི་སློབ་གསོའི་ལས་རྐང་སྟེང་དཀའ་བ་མང་དུ་སྤྱད་དེ་རང་ཉིད་ཀྱི་མི་ཚེ་གཞི་རིམ་གྱི་སློབ་གསོར་བསྟིམས་པ་དང་། འབྲོག་ཁུལ་གྱི་རིག་གནས་སློབ་གསོའི་ཐད་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་པས། ཀུན་གྱིས་འཛུམ་སྐྱིད་ལ་ཐབས་ཤེས་གཉིས་འཛོམས་ཀྱི་བུད་མེད་མཛངས་མ་ཞེས་འབོད་ཀྱིན་ཡོད།

ལོ་ངོ་བཞི་བཅུ་ལྷག་གི་སྔོན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་ཕྱུགས་ལས་གཉེར་བའི་འབྲོག་པ་མང་ཚོགས་ལ་མཚོན་ན། མི་རབས་ནས་མི་རབས་བར་དར་འོང་བའི་ཕྱུགས་ལས་འཚོ་ཐབས་བསྐྱུར་ཏེ་སློབ་གྲྭར་འགྲོ་བའི་སྲོལ་ཞིག་ཆགས་མེད་པ་དང་། ལྷག་པར་དུ་བུད་མེད་ཅིག་སློབ་གྲྭར་སོང་ན་དེ་ནི་གཏམ་བཟང་ཞིག་ཏུ་མི་བརྩི་བར་ཀུན་གྱིས་འཕྱ་དམོད་བྱེད་ཡུལ་ཡིན།

དེང་སྐབས། དེ་ལས་ལྡོག་སྟེ་འབྲོག་ཁྱིམ་ཕལ་བ་ནས་འཚར་ལོངས་བྱུང་ཞིང་། སློབ་གསོའི་ལམ་བུ་སྟེང་ས་གནས་མང་ཚོགས་ལ་བྱས་རྗེས་འཇོག་པར་འབད་འབུངས་ལྷུར་ལེན་བྱས་དང་བྱེད་མུས་སུ་ཡོད་པའི་འཛུམ་སྐྱིད་ཀྱི་མི་ཚེའི་གཏམ་རྒྱུད་ནི་འབྲུག་སྒྲ་ལྡིར་བ་བཞིན་ཡུལ་ལུང་སོ་སོར་ཁྱབ་ཅིང་། ཁོ་མོའི་རྗེས་སུ་འཇུག་པ་ཡང་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ནས། སློབ་གྲྭར་འགྲོ་མཁན་གྱི་བུ་དང་བུ་མོ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

འཛུམ་སྐྱིད་ནི་ད་ལོར་ལོ་ཞེ་བདུན་ལ་སོན་ཞིང་། པད་མ་རྫོང་གྲུབ་ཆེན་ཞང་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་རེད།

ཆུང་དུས་སུ་འཛུམ་སྐྱིད་ཀྱང་འབྲོག་མོ་གཞན་དག་དང་འདྲ་བར་ཉིན་དཀར་ཕ་མའི་རྗེས་འབྲངས་ནས་ཕྱུགས་ཟོག་འཚོ་བ་དང་། སྲོད་དུས་ཕྱིར་ལོག་ནས་མཚན་མོར་ཕ་མའི་གནའ་གཏམ་དང་སྒྲ་སྡུད་འཕྲུལ་ཆས་ལ་ཉན་རྒྱུར་ཧ་ཅང་དགའ། སྐབས་དེར་འབྲོག་པ་མང་ཚོགས་ལོ་རེའི་དུས་ཚིགས་བཞི་བོར་ཕྱུགས་རྗེས་བསྙེགས་ནས་ནོར་ལུག་འཚོ་བ་དང་སྒྲ་སྡུད་འཕྲུལ་ཆས་ལ་ཉན་པ་ལས་ལས་ཀ་གཞན་ལས་རྒྱུ་མེད་པས། ཟས་གོས་ངན་ངོན་ལ་བརྟེན་པའི་འཚོ་བ་སྐྱེལ་སྟངས་སྟབས་བདེ་ཞིག་ཆགས་ཡོད།

འཛུམ་སྐྱིད་ཀྱི་ན་མཉམ་གྲོགས་མོ་ཚོར་མཚོན་ན་ཕྱུགས་ཟོག་འཚོས་ནས་ཟ་མ་ཙམ་གཡོས་སྦྱོར་བྱེད་ཤེས་ཚེ་གནས་ཡུལ་འགྲིམ་རྒྱུ་ནི་མི་ཚེའི་གདམ་ག་ཞིག་ཡིན། ཡིན་ཡང་། ཆུང་དུས་ནས་བཟུང་བློ་རིག་སྐྱེན་པའི་འཛུམ་སྐྱིད་ཀྱི་སེམས་པར་སློབ་གྲྭ་རུ་དཔེ་ཆ་འདོན་རྒྱུ་ནི་འཚོ་བ་སྐྱིད་པོ་རོལ་བའི་བགྲོད་ལམ་ཉག་གཅིག་ཡིན་པར་འདོད་དེ་སློབ་གྲྭར་འགྲིམས་པ་དང་། མོའི་མི་ཚེའི་གདམ་ག་དེར་ཕ་མའི་རྒྱབ་སྐྱོར་ཐོབ་ནས་སློབ་གྲྭ་ཆུང་འབྲིང་འགྲིམས་པའི་སྐལ་བ་ཐོབ་རུང་། ཁྱིམ་མཚེས་དང་རུ་སྐོར་ཚོ་བས“ཕ་མ་གཉིས་ཀྱིས་ཁྱོད་གནས་ལ་འགྲོ་ས་མ་རྙེད་པར་སློབ་གྲྭར་བརྫངས་པ་རེད”ཅེས་པའི་འཕྱ་དམོད་ཀྱི་གཏམ་སྣ་ཚོགས་ཀྱིས་རེ་ཞིག་སློབ་གྲྭར་འགྲོ་འདོད་མེད་པའི་བསམ་པ་སྐྱེས་མྱོང་། རྐྱེན་ངན་གྲོགས་སུ་གྱུར་པའི་དཔེ་བཞིན་འཕྱ་དམོད་ཀྱི་གཏམ་དེ་དག་ཡིད་ལ་བཅངས་ནས་ལོ་ངོ་མང་པོར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སློབ་སྦྱོང་བྱས་མཐར། རང་གི་འདོད་འདུན་ལྟར་མགོ་ལོག་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་པ་རེད།

1993ལོར་མགོ་ལོག་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ས་གནས་འབྲེལ་ཡོད་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་པད་མ་རྫོང་གྲུབ་ཆེན་ཞང་གི་སློབ་གྲྭའི་དགེ་རྒན་གྱི་ལས་ཀ་གཉེར། སྐབས་དེར་སློབ་གྲྭའི་ཆ་རྐྱེན་ཞན་པ་དང་ཟླ་ཕོགས་དམའ་བ་སོགས་ཀྱི་དབང་གིས་རེ་ཞིག་དགེ་རྒན་གྱི་བྱ་བ་དོར་ནས་འབྲོག་མི་ཕལ་བའི་འཚོ་བ་རོལ་འདོད་པའི་བསམ་ཚུལ་སྐྱེས་རུང་། ཕ་ཡུལ་གྱི་བྱིས་པ་ཚོའི་མདུན་ལྗོངས་བསམ་ནས་མི་ལོ་ཉི་ཤུ་ལྷག་གི་རིང་ལ། ཐེངས་མང་པོར་གྲུབ་ཆེན་ཞང་གི་ཁྱིམ་ཚང་རེ་རེར་རྐང་ཐང་དུ་སོང་ནས་བུ་དང་བུ་མོ་ཚོས་སློབ་གསོ་མྱོང་དགོས་ཚུལ་དང་། ཡི་གེ་སློབ་དགོས་པའི་ཐད་ནས་ཁ་བརྡ་དང་སློབ་གསོ་མང་པོ་བཏང་མཐར། དང་ཐོག་གི་སློབ་མ་གསུམ་ནས་ད་ལྟའི་སློབ་མ་སུམ་བརྒྱ་ལྷག་ལ་འཕར་ཡོད་པ་དེ་ཡང་སློབ་གཙོ་འཛུམ་སྐྱིད་ཀྱི་དཀའ་སྤྱད་སྡུག་རུས་ལས་བྱུང་བའི་འབྲས་བུ་ཞིག་ཏུ་བརྗོད་ཆོག་ཆོག་རེད།

པད་མ་རྫོང་གི་མི་རེའི་ཁ་ན་གླེང་མི་ཚར་བའི་གཏམ་རྒྱུད་རེ་ཡོད་པ་ནི་དེང་གི་གྲུབ་ཆེན་ཞང་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་འཛུམ་སྐྱིད་ཀྱིས་སློབ་གསོ་ཐད་བཞག་པའི་བྱས་རྗེས་རེད།

གྲུབ་ཆེན་ཞང་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཚེ་སྐྱིད་ཀྱིས་འཛུམ་སྐྱིད་ནི་དགེ་རྒན་ཅི་འདྲ་ཞིག་ཡིན་པའི་སྐོར་ནས་འདི་ལྟར་བཤད་བྱུང་སྟེ། མོ་ནི་སློབ་མ་ཚོའི་སེམས་སུ་ཕ་མ་ཞིག་དང་འདྲ་ལ། ལས་གྲོགས་ཚོའི་སེམས་སུ་དཀའ་སྡུག་གི་མདུན་དུ་གདོང་གཏོད་ཕོད་པའི་ཨ་ཅེ་མཛངས་མ་ཞིག་དང་། ས་གནས་ལས་བྱེད་མང་ཚོགས་ཀྱི་སེམས་སུ་རང་གི་མི་ཚེ་སློབ་གསོའི་བྱ་བར་བསྟིམས་པའི་བུད་མེད་དཔེ་མཚོན་ཅན་ཞིག་ཡིན་ཟེར།

དགེ་རྒན་ཞིག་ཡིན་ཚེ་ཀུན་སྤྱོད་ཡག་པོ་ཞིག་ལྡན་དགོས་པར་མ་ཟད། ད་དུང་སློབ་གསོ་སྒྲུབ་ཐབས་ལ་མཁས་དགོས་ཞེས་པ་ཅི་མ་བདེན། འཛུམ་སྐྱིད་ཀྱིས་དགེ་རྒན་ཚོའི་སློབ་གསེང་བྱ་འགུལ་སྣ་མང་ཅན་དུ་འགྱུར་བར། རྒྱུན་དུ་དགེ་རྒན་ཚོར་འཆད་ཁྲིད་འགྲན་སྡུར་དང་། སྐོར་བྲོ་འགྲན་སྡུར། ལྒང་ལི་འགྲན་སྡུར་སོགས་སློབ་ཕྱིའི་བྱ་འགུལ་རབས་དང་རིམ་པ་སྤེལ་བཞིན་ཡོད། དེ་མིན། ལོ་ངོ་དུ་མའི་རིང་ལ་སློབ་གྲྭའི་ནང་གི་ཆ་རྐྱེན་ཅུང་ཞན་པའི་སློབ་མ་དང་སློབ་མའི་ཁྱིམ་ཚང་ལ། རང་ནུས་ཅི་ལྕོགས་ཀྱིས་སེམས་ཤུགས་དང་རྒྱུ་ཤུགས་གང་ཅིའི་ཐད་ནས་རོགས་སྐྱོར་བྱས་ཤིང་། འཛུམ་སྐྱིད་ཀྱི་མི་སེམས་སྒུལ་བའི་གཏམ་རྒྱུད་རེ་རེ་ནི་ས་གནས་མང་ཚོགས་ཀྱི་སེམས་ལ་ཟུག་ནས། ནམ་ཡང་འཛུམ་སྐྱིད་ལ་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད།

དེང་གི་སྲིད་ཇུས་བཟང་པོ་དངོས་འབེབས་བྱས་པ་དང་བསྟུན་ནས། སློབ་ཡོན་སྤྲོད་མི་དགོས་པ་དང་ཟས་རིན་ཡང་སྐར་གང་སྤྲོད་མི་དགོས་པས། ལྟོ་གོས་ཐད་ལ་སེམས་ཁྲལ་བྱེད་མི་དགོས་པའི་ཚད་ལ་བསླེབས་ཡོད། གཞི་རིམ་གྱི་དགེ་རྒན་ཞིག་ཡིན་ན་སློབ་ཁྲིད་བྱེད་ཤེས་དགོས་པར་མ་ཟད། སློབ་མ་རྣམས་ལ་རང་གི་བུ་དང་བུ་མོ་ནང་བཞིན་ཤ་ཚ་བ་དང་། འགྲོ་འདུག་སྤྱོད་གསུམ་ལ་དོ་སྣང་བྱས་ཏེ། བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུ་ནི་ང་དང་ངའི་ལས་གྲོགས་ཚོའི་ལས་འགན་ཡིན། “ང་རང་འབྲོག་ཁུལ་དུ་སྐྱེས་ཤིང་ཕྱིར་འབྲོག་ཁུལ་དུ་ལོག་པའི་དམིགས་ཡུལ་ནི། མི་ཚེ་གང་བོར་འབྲོག་ཁུལ་གྱི་སློབ་གསོར་ཞབས་འདེགས་ཞུ་རྒྱུ་དང་དེ་ནི་ངའི་མི་ཚེ་འདིའི་ཕུགས་འདུན་ཡང་ཡིན་པས། ངའི་བསམ་པར་དགེ་རྒན་གྱི་བྱ་བ་ནི་འཇིག་རྟེན་འདིའི་ཆེས་རླབས་ཆེ་བའི་བྱ་བཞག་ཡིན་ལ། འདི་ནི་ངས་ནམ་ཡང་འདོར་མི་སྲིད་ལ་འདིའི་དོན་དུ་འབད་པ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད”ཅེས་འཛུམ་སྐྱིད་ཀྱིས་དེ་ལྟར་བཤད།

ཁོ་མོར2005ནས2012བར་དུ་པད་མ་རྗོང་སྲིད་གཞུང་གི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ། 2009ལོར་རྒྱལ་ཁབ་སློབ་གསོ་ཅུའུ་ཡིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དུ་བདམས་ནས་རྒྱལ་ཡོངས་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་གྱི་མཚན་སྙན་ཐོབ། 2011ལོར་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ། 2016ལོར་ཞིང་ཆེན་རིམ་པའི་གཞི་རིམ་དུ་ལོ་ངོ་ཉི་ཤུ་ལ་བྱ་བ་བསྒྲུབས་པའི་གཟེངས་རྟགས་ཐོབ། 2019ལོར་ཡང་བསྐྱར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།