བདག་གི་སེམས་ཁོང་གི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག
2020.01.22 ཁུངས། ཀློག་གྲངས། 926

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཐོག་མར་གསར་འཛུགས་དང་གོང་འཕེལ་སྐབས་ཀྱི་བརྗེད་དཀའ་བའི་ལོ་ཟླ།

1987ལོའི་ལོ་མགོར། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དང་ཞི་ཀྲུང་ཞོན། ང་ཕོད་ངག་དབང་འཇིགས་མེད་བཅས་ཀྱིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གྲ་སྒྲིག་བྱ་བར་གྲོས་མོལ་གནང་བཞིན་པ། 

སྤྱི་ལོ1989ལོའི་ཟླ1ཚེས28ཉིན།པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གཞིས་ཀ་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་སྟེ་བཤད་སྒྲུབ་ཆོས་འཕེལ་གླིང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་བསྟན་པ་དང་།སྐབས་དེར་ཁོང་རིན་པོ་ཆེ་མཆོག་ཏག་ཏག་དགུང་ལོ་ལྔ་བཅུ་ང་གཅིག་རེད། ང་རང་ཆུང་བྱིས་པའི་དུས་ནས་བཟུང་ཁོང་རིན་པོ་ཆེ་མཆོག་གི་ཞབས་རྗེས་འབྲངས་མྱོངས་ཕྱིར་ད་སྐབས་ཕྱིར་དྲན་བྱས་ཚེ།ཁོང་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་བཅར་བའི་ཉིན་མཚན་དུས་དྲུག་གི་བརྒྱུད་རིམ་རེ་རེ་ནི་ངའི་ཚེ་གང་བོར་བརྗེད་དཀའ་བའི་དྲན་ཤིང་ཞིག་ཡིན་ངེས། སྤྱི་ལོ1986ལོའི་ལོ་མཇུག་ནས་བཟུང་།པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་གསར་འཛུགས་བྱེད་པར་ཐུགས་རེ་བཏོན་པ་ནས།1987ལོའི་ཟླ4བར་ཐེབས་རྩ་ལྷན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་པར་ཚོགས་ཆེན་འཚོགས་པའི་བར་དང་།དེ་ནས་ཐེབས་རྩ་ལྷན་ཚོགས་དངོས་སུ་ཚུགས་ཏེ་ལས་དོན་གཉེར་ནས་ད་ལྟའི་བར་དུ།ང་རང་ལས་དང་བསོད་ནམས་ཀྱི་དབང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་ཞབས་རྗེས་འབྲངས་པའི་སྐལ་བ་ལྡན་སོང་བས།ཁོང་རིན་པོ་ཆེ་མཆོག་གིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་གསར་འཛུགས་བྱེད་ཆེད་སྐུ་ཚེགས་དཀའ་ངལ་ཅི་འདྲ་ཞིག་བཞེས་མྱོངས་པ་ངའི་སེམས་སུ་གསལ་བོར་ཉར་ཡོད།ལོ་ངོ་སུམ་ཅུའི་རིང་ལ།བདག་གིས་ནམ་ཡིན་ཡང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་དངོས་སུ་གསར་འཛུགས་དང་དབུ་ཁྲིད་གནང་བའི་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་གོང་འཕེལ་གཏོང་བའི་བགྲོད་ལམ་སྟེང་དུ་སྒྱིད་ལུགས་དང་རྣམ་གཡེང་རིང་དུ་དོར་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་དང་འགན་འཁྲི་ལྗིད་མོ་ལྷུར་ལེན་བྱས་པ་ཡིན།ལོ་རེའི་ཉིན་མོ་འདི་ལ།བདག་གིས་རིན་པོ་ཆེ་ཁོང་ཉིད་དྲན་པའི་གདུང་སེམས་སྔར་ལས་ཆེ་ཞིང་རྒྱུན་པར་ཁོང་གིས་བཀའ་སློབ་གནངས་པའི་གསུང་སྐད་སྙན་མོ་དེ་རྣ་ལམ་དུ་གྲགས་འོང་པར་མ་ཟད།ལན་རེར་མགོ་བོ་ཡར་ལ་དགྱེས་ཏེ་ཁོང་གི་བརྗིད་ཉམས་ལྡན་པའི་སྐུ་པར་ལ་ཕྱག་གསུམ་འཚལ་ན་འདོད།

1987ལོའི་ལོ་འགོར་པཎ་ཆེན་རིན་པོ་ཚེ་སྐུ་ཕྲེང་བཅུ་བ་མཆོག་དང་རི་མོ་བ་གྲགས་ཅན་བློ་བཟང་བྱང་ཆུབ་གཉིས་ཀྱིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་རྟགས་ལ་གྲོས་མོལ་བྱེད་བཞིན་པའི་ཚུལ། 

རི་མོ་འདི་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་དངོས་སུ་ཇུས་འགོད་བྱས་ཤིང་རི་མོ་བ་གྲགས་ཅན་བློ་བཟང་བྱང་ཆུབ་ཀྱིས་འབྲི་བཞེངས་བྱས་པའི་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་རྟགས་ཡིན། 

གངས་ལྗོངས་ཡུལ་དུ་བརྩེ་བའི་སྤྱན་གྱིས་གཟིགས། བོད་སྐྱོར་བྱ་བཞག་ཆེན་མོ་ཐུགས་ཀྱི་རྒྱུད་ལ་འཁྲུངས།

བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ནི་འཛམ་གླིང་ཡང་རྩེའི་སྟེང་གི་ཕན་བདེའི་རྩ་འཛུགས་ཐོག་མ་ཡིན་ལ།བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཙུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཞལ་འདེབས་རང་བཞིན་གྱི་ཕན་བདེའི་རྩ་འཛུགས་དང་པོའང་ཡིན་ངེས།རླབས་ཆེན་གྱི་ལས་དོན་དེ་ནི་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་འཐུས་ཚབ་པའམ་རླབས་ཆེན་གྱི་རྒྱལ་གཅེས་པ།རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་སྲོལ་བཏོད་ཅིང་གསར་འཛུགས་གནངས་ཤིང་།1987ལོའི་ཟླ4བའི་ཚེས15ཉིན་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་།1992ལོར་དངོས་སུ་དབུ་ཚུགས་སོང་།

    ལོ་ངོ་སུམ་ཅུའི་རིང་ལ།ཁོང་རིན་པོ་མཆོག་གིས་བོད་ཁུལ་སྟོབས་འབྱོར་མངའ་ཐང་རྒྱས་པར་མཛད་འཕྲིན་གྱི་སྐུ་ཚེགས་གང་མང་མྱངས་ཡོད་པར་མ་ཟད།ཁོང་གི་སྐུ་དྲིན་ལས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ན་གཏོང་ཕོད་ཀྱི་སྤར་ཁ་ཡངས་མོར་ཕྱེས་ཏེ་བརྩེ་སེམས་ཀྱི་དྲོད་ཐིགས་རེ་རེར་སྙིང་རྗེའི་སྤྱན་གྱིས་གཟིགས་འོས་པའི་བོད་ཁུལ་གྱི་མི་བུ་དག་གི་སེམས་ངོར་འབྱོར་སོང་བས།ཏང་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་ཐོབ་པ་ལས་གཞན།རྒྱ་ཆེའི་བོད་རིགས་སྤུན་ཟླས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་དགའ་བའི་འཛུམ་ཆུང་གྲོལ་སོང་།

1987ལོའི་ཟླ4པའི་ཚེས15ཉིན། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཁང་དུ་བསྡུས། 

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་ཚེ་ཧྲིལ་བོ་ནི་ཀྱག་ཀྱོག་གི་ལོ་ཟླའི་ངང་གིས་ཕར་བསྐྱལ་བ་ཞིག་ཡིན་མོད།འོན་ཀྱང་ཁོང་གིས་དུས་ནམ་ཡང་བདེན་དོན་ལ་ཡིད་ཆེས་དང་གུང་ཁྲན་ཏང་ལ་ཡིད་ཆེས།མི་དམངས་ལ་ཡིད་ཆེས།ལོ་རྒྱུས་ལ་ཡིད་ཆེས་བཅོལ་རྒྱུ་བཅས་ནི་དྲང་བདེན་ཞིག་ཏུ་བརྩིས་ནས།སློབ་གཉེར་ལ་སྦྱང་བ་རྩེ་གཅིག་བྱས་མཐར།རིམ་བཞིན་རྒྱ་ཡིག་གི་ཆུ་ཚད་དང་གཞུང་ལུགས་ཀྱི་བྱང་ཚད།སྤྱི་ཚོགས་ཀྱི་ཤེས་བྱ་བཅས་ཐུགས་སུ་ཆུད་དེ་རྗེས་ཕྱོགས་ལས་དོན་ཆེན་པོར་སྒྲུབ་པར་རྨང་གཞི་བརྟན་པོ་བཏིངས།

བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་མགོར།པཎ་ཆེན་རིན་པོ་ཆེ་མཆོག་ཡང་བསྐྱར་འགོ་ཁྲིད་ཀྱི་ལས་རྐང་སྟེང་བྱོན་པ་དང་།1980ལོར་བློ་མཐུན་ཏེན་ཞོ་ཕིང་མཆོག་གིས་པཎ་ཆེན་རིན་པོ་ཆེ་ལ་མཇལ་འཕྲད་གནངས་ཏེ།ཁོང་རིན་པོ་ཆེ་མཆོག་ནི་རྒྱལ་གཅེས་པ་རྣལ་མ་ཞིག་ཡིན་པར་བསྟོད་བསྔགས་བྱས་པར་མ་ཟད།རིན་པོ་ཆེ་མཆོག་གིས་མེས་རྒྱལ་གྱི་ཆེད་དུ་མཛད་རྗེས་གང་མང་འཇོག་དགོས་པའི་ཐུགས་རེ་བཏོན།བློ་མཐུན་ཏིན་ཞོ་ཕིང་མཆོག་གིས་ཁོང་ལ་ཡིད་རྟོན་ཡོད་པ་དེས་པཎ་ཆེན་རིན་པོ་ཆེ་ལ་སྔར་ལས་སྐུལ་མ་ཆེན་པོ་ཐེབས་ཤིང་།ཁོང་གི་ཐུགས་ངོར་བཅོས་སྒྱུར་སྒོ་འབྱེད་ནི་མེས་རྒྱལ་དང་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་བའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པས།སྐུ་ཚེ་རྫོགས་རག་བར་དང་དོན་ཆེན་བསྒྲུབ་པར་ནུས་ཤུགས་འཛོམས་པའི་སྐབས་འདིར།ཏང་དང་རྒྱལ་ཁབ།མི་དམངས་བཅས་ལ་ཕན་པའི་ལས་དོན་རེ་བསྒྲུབས་ཏེ།མེས་རྒྱལ་གཅིག་གྱུར་དང་མཐུན་སྒྲིལ།སྟོབས་འབྱོར།ཤེས་དཔལ་བཅས་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུ་དངོས་ཀྱིས་འབད་བརྩོན་བྱེད་པའི་དགོངས་འཆར་བསྩལ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་མི་གཞན་ཞིག་ཡོད་པ་ནི་བློ་མཐུན་ཞི་ཀྲུང་ཞོན་ཡིན་ལ།ཁོང་ནི་བློ་མཐུན་ཞི་ཀྲུང་ཞོན་ལས་དགུངས་ལོ་ཉེར་ལྔའི་ཆུང་བ་དང་།ཀྲུང་གོ་གསར་བ་དབུ་བརྙེས་མ་ཐག་ནས་བཟུང་ཁོང་རྣམ་པ་གཉིས་ཀྱིས་ཕན་ཚུན་ངོ་ཤེས་ཤིང་།རིམ་བཞིན་རྡོ་རྗེ་སྤུན་གྲོགས་ལྟ་བུའི་བརྩེ་བ་ཆགས་ཏེ།བློས་ཐུབ་གྲོགས་པོའི་རྣམ་ཐར་བསྐྱངས།

བཅོས་སྒྱུར་སྒོ་འབྱེད་རྗེས་སུ།པཎ་ཆེན་རིན་པོ་མཆོག་ཡུལ་གྲུ་སོ་སོར་གཟིགས་ཞིབ་དུ་ཕེབས་ཐེངས་རེར་བློ་མཐུན་ཞི་ཀྲུང་ཞོན་གྱིས་རིན་པོ་ཆེ་མཆོག་ལ་སྐུ་ལུས་བདག་སྐྱོང་དང་བདེ་འཇགས་ལ་སེམས་ཆུང་བྱེད་དགོས་པའི་ཁ་ཏ་སློབ་གསོ་ཡང་ཡང་གཏོང་བ་དང་།རིན་པོ་ཆེ་མཆོག་གིས་གཟིགས་ཞིབ་ཚར་ནས་ཕྱིར་ཕེབས་མ་ཐག་ཐོག་མར་བློ་མཐུན་ཞི་ཀྲུང་ཞོན་གྱི་སྐུ་མདུན་དུ་བཅར་ནས་ཕན་ཚུན་ལ་གསུངས་གླེང་སྣ་ཚོགས་དང་དགོངས་འཆར་མང་པོ་བགྲོ་གླེང་བྱེད་ངེས་ཡིན་ལ།པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་སྔར་ལས་རྒྱས་པ་དང་བསྟུན་ནས་བློ་མཐུན་ཞི་ཀྲུང་ཞོན་ཡང་ཐུགས་དགྱེས་ནས་རིན་པོ་ཆེ་མཆོག་ལ་བསྔགས་བརྗོད་ཚད་མེད་བྱེད་ངེས།

1987ལོའི་ཟླ4བར། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཁྲིད་དེ་སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་མཆོད་རྟེན་ལ་མཇལ་སྐོར་དུ་ཕྱིན་པ་མ་ཟད། རིན་པོ་ཆེ་སྐུ་དངོས་ཀྱིས་ཁ་བཏགས་འབུལ། 

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཐུགས་ཁུར་དང་བག་ཆགས་ལ་བརྟེན་ནས།པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་རྒྱལ་ཁབ་འཛུགས་སྐྲུན་དང་གོང་འཕེལ།ལྷག་པར་དུ་བོད་ལྗོངས་དང་བོད་ཁུལ་གྱི་ཞིང་ཆེན་བཞིའི་འཕེལ་རྒྱས་ཐད་ལ་ཕྱག་ལས་མཛད་པའི་ངར་ཤུགས་ཆེ་རུ་བསྐྱེད།ཁོང་ལ་དགོངས་པ་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཐུགས་བཀོད་ཆེན་པོ་ཞིག་ཡོད་པར་མ་ཟད།དེ་དག་དངོས་སུ་ལག་ལེན་དང་དོན་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོའང་ཡོད་སྲིད།

ཡུན་རིང་བོར་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་ལས་ཀ་ཙག་ཙིག་སྒྲུབ་མཁན་གྱི་མདུན་འདུག་པ་བདག་ལྟ་བུར་མཚོན་ན།ཁོང་གི་མདའ་ལྟར་དྲང་པའི་ཐུགས་རྒྱུད་དང་མཁའ་ལྟར་ཡངས་པའི་མིག་རྒྱང་།གངས་ལྟར་དཀར་པོའི་ལྷག་བསམ་བཅས་ཀྱིས་བདག་གི་ཡིད་སེམས་བཀུགས་ཤིང་སྟོབས་ཤུགས་བསྩལ་སོང་།

1987ལོའི་ལོ་མགོར།པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་གསུངས་མོལ་རབ་དང་རིམ་པ་བྱས་མཐར།བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་གསར་འཛུགས་བྱེད་པའི་ཐུགས་རེ་བཏོན་པ་དང་།དེ་ནི་ཁོང་རིན་པོ་ཆེའི་ཐུགས་དགོངས་ཡངས་པའི་མཁའ་ལམ་དུ་འཚེར་བའི་འཆར་འགོད་ཀུན་གྱི་གཙོ་བོར་གྱུར་བའི་རྟག་བརྟན་གྱི་སྐར་མ་འོད་ཆེན་དེ་ཡིན་ངེས།

1987ལོའི་ཟླ4པའི་ཚེས19ཉིན། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཁྲིད་ནས་ཐེན་ཅིན་གྲུ་ཁར་གཟིགས་ཞིབ་མཛད་པའི་ཚུལ། 

རིན་པོ་ཆེ་མཆོག་གིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གཤམ་དུ་སྒྲིག་གཞི་གང་དག་འཛུགས་པ་དང་དེ་དག་ཅི་ལྟར་འཁོར་སྐྱོད་བྱེད་པའམ་གོང་འཕེལ་དུ་གཏོང་བ།ལོ་གསུམ་གྱི་འཆར་འགོད་དང་དམིགས་འབེན་སོགས་ཀྱི་ཐད་ལ་གཏན་ཕབ་ནན་མོ་བྱས་ཡོད་ལ།མ་འོངས་པར་ཐེབས་རྩ་ལྷན་ཚོགས་དེ་ནི་འབྲས་བུ་ཁུར་དུ་དུད་ཅིང་སྙན་གྲགས་ས་སྟེང་ཁྱབ་པ།སྙིང་རྗེའི་རང་གཟུགས་མངོན་པ་བཅས་ཀྱི་ཕན་བདེའི་སྡེ་ཁག་ཅིག་ཏུ་འགྱུར་བར་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།

བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ནི་རྒྱལ་སྤྱིའི་སྟེང་སྙན་གྲགས་འབར་ཞིང་གཅེས་སེམས་འབུལ་མཁན་གྱི་རྩ་འཛུགས་དང་མི་སྣ་མང་པོ་སྤྲིན་གྱི་འདུ་འགོད་བཞིན་འཁོར་བ།ཆ་རྐྱེན་ཅི་ཡང་མེད་པར་རིན་མེད་ངང་རོགས་སྐྱོར་ལས་གཞི་ཡིན་པའི་ཕན་བདེའི་སྡེ་ཁག་ཅིག་འཛུགས་རྒྱུ་ནི་ཁོང་རིན་པོ་ཆེའི་རྒྱང་རིང་གི་ཐུགས་འདུན་ཡིན།

པཎ་ཆེན་རིན་པོ་ཆེ་མཆོག་གིས་དགོངས་འཆར་དེ་དག་གླེང་སྐབས།ནམ་ཡང་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་འདུག སྐབས་དེར་བདག་ལོ་ན་ཉི་ཤུ་ལ་སོན་མ་ཐག་ཡིན་པས།ནམ་རྒྱུན་རིན་པོ་ཆེ་མཆོག་གི་ཞུམ་མེད་དཔའ་ངར་ལྡན་པའི་བརྗིད་ཉམས་དེ་དག་མཐོང་ཐེངས་རེར་རང་སེམས་ནས་གསོལ་བ་རྩེ་གཅིག་བཏབས་ནས་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྒྱས་པར་བར་ཆད་མེད་པའི་སྨོན་ལམ་འདེབས་བཞིན་འཛུགས་སྐྲུན་གྱི་མ་དངུལ་འབོར་ཆེན་དེ་གང་ནས་འཚོལ་དགོས་པ་དང་།བོད་ཁུལ་དུ་མྱུར་བར་ཐག་གཅོད་དགོས་པའི་འདྲ་མིན་སྣ་ཚོགས་ཀྱི་གནད་དོན་ཁྲི་འབུམ་ཡོད་པས།དེ་དག་ཅི་ལྟར་བྱས་ནས་ཁུངས་འབྱེད་རྒྱུན་སྐྱེད་དང་གོ་རིམ་གསལ་བཟོ་བྱེད་པར་བསམ་ནས་རེ་ཞིག་ཐེ་ཚོམ་གྱི་དྲ་བར་ཚུད་སོང་།

རིན་པོ་ཆེ་མཆོག་གིས་ངའི་བསམ་ཚུལ་མཁྱེན་པ་ཇི་བཞིན་རྒྱུན་པར་བདག་ལ་སློབ་གསོ་གཏོང་སྐབས་གསུངས་རྒྱུར།གལ་ཏེ་ང་ཚོ་སྟག་ཞིག་གིས་བདའ་ནས་ཡོང་སྐབས།ང་ཚོ་ཇོ་མོ་གླང་མའི་རི་རྩེར་འགོས་ཆོག་པས།མིའི་རིགས་ཀྱི་སེམས་ཀྱི་འཆར་སྒོ་བསམ་ཡུལ་འདས་པ་ཞིག་ཡིན།དེ་བས་བྱ་བ་ཐམས་ཅད་ནི་མིས་བསྒྲུབས་པ་ཡིན་པས།དམིགས་འབེན་ཡང་དག་ཡིན་པའི་ཁར་འབད་བརྩོན་ལྷོད་མེད་བྱས་ཚེ།ནམ་ཡང་རྒྱལ་ཁ་ལེན་པར་གདོན་མི་ཟ་ཞེས་གསུངས་མྱོང་།

དུས་འདིར་ཕྱིར་མིག་རེ་བལྟས་ཚེ།བདག་གིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ལ་ཞབས་ཞུ་བསྒྲུབས་ནས་མི་ལོ་སོ་གཉིས་ཀྱི་བརྒྱུད་རིམ་ཁྲོད་དུ་རིན་པོ་ཆེ་མཆོག་གིས་གསུང་བཤད་གསེར་དོད་མ་འདིའི་ནང་དོན་དངོས་སུ་ཉམས་ལེན་ཐེངས་གཅིག་བྱས་པ་ཡིན།

1988ལོའི་ལོ་མགོར། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་གསར་འཛུགས་བྱས་པའི་བོད་ཀྱི་རིག་རྩལ་འཁྲབ་སྟོན་ཚོགས་པར་གཟིགས་མོལ་གནང་བར་མ་ཟད། ཚོགས་མི་དང་ལྷན་དུ་བསྐྱོན་པའི་མཉམ་པར།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ནི་བོད་མི་རིགས་ཀྱི་དེད་དཔོན་ཡིན་པས།ཐེབས་རྩ་ལྷན་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཀོད་སྒྲིག་དང་དངོས་འབེབས་བྱེད་འགོ་རྩོམ་དུས།རིན་པོ་ཆེ་མཆོག་གིས་ཐོག་མར་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་རྟགས་ཇུས་འགོད་བྱས་པར་མ་ཟད།རི་མོ་བ་བློ་བཟང་བྱང་ཆུབ་གདན་འདྲེན་ཞུས་ཏེ་ཚོགས་རྟགས་འབྲི་རུ་བཅུག་པ་དང་།ཚོགས་རྟགས་དེའི་གངས་རི་ཡིས་འཛམ་གླིང་ཡང་རྩེར་གནས་པའི་གངས་ལྗོངས་མཚོན་ལ།ཤེས་རབ་རལ་གྲི་ཡིས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ།ཤེས་རབ་མངའ་བའི་བོད་མི་རིགས་མཚོན་པ།ལག་འཇུ་ཡིས་མི་རིགས་མཐུན་སྒྲིལ་ཆེན་པོ་མཚོན་པ།ཚན་རྩལ་རྟགས་མཚན་གྱིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བོད་ལྗོངས་གསར་བ་མཚོན་པ།དཔལ་འབར་གྱིས་བོད་ལྗོངས་ཀྱི་རིག་གནས་རྒྱུན་འཛིན་དང་དཔལ་འབྱོར་གོང་འཕེལ་མཚོན་པ།སྐྱུ་རུ་ཤིང་གི་ཡལ་ག་གཉིས་ཀྱིས་དུས་བདེ་འཆམ་མཐུན་བཅས་མཚོན་ཡོད།

སེམས་ཀྱིས་སྐྱོད་པའི་འབོད་སྐུལ་ལས།  ཕྱོགས་བཅུའི་ཤེད་ཤུགས་གཅིག་ཏུ་འཁེལ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱི་བརྩོན་སེམས་ལ་ཀྲུང་དབྱང་འགོ་ཁྲིད་དང་འབྲེལ་ཡོད་ཕྱོགས་སོ་སོས་རྒྱབ་སྐྱོར་དང་བསྔགས་བརྗོད་ཐོབ་པ་དང་།ཞི་ཀྲུང་ཞོན་སོགས་འགོ་ཁྲིད་བློ་མཐུན་དག་གིས་སྐུ་དངོས་སུ་མཆན་བཀོད་ཐུགས་ཁུར་འོག བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་ཚུགས་པའི་ཚོགས་ཆེན་1987ལོའི་ཟླ4བའི་ཚེས15ཉིན་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཁང་དུ་རྒྱལ་ཁའི་ངང་འཚོགས་པ་དང་།པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་གཉམ་དུ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཤིང་།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་སྙན་གྲགས་ཆེ་བའི་འགོ་ཁྲིད་དང་ལས་རིགས་སོ་སོའི་མི་སྣ་གྲགས་ཅན་བཞི་བཅུ་ལྷག་གིས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར་བ་དང་།རག་སྡིས་དང་ཀྲོ་ཕུའུ་ཁྲུའུ་སོགས་ཀྲུང་དབྱང་དང་བོད་ལྗོངས་སོགས་ཞིང་ལྗོངས་འགོ་ཁྲིད་བློ་མཐུན་ཉི་ཤུ་ལྷག་གིས་བློ་འདོན་པའི་འགན་ཁུར།བློ་མཐུན་བོའུ་ལན་ཧྥུ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་གསུང་བཤད་གནང་སྟེ།ཚོགས་ཆེན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བའི་ཚུལ་བསྟན་པ་དང་།ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་རྒྱབ་སྐྱོར་བྱེད་པའི་གལ་ཆེན་གྱི་དམིགས་བསལ་སྲིད་ཇུས་རབ་དང་རིམ་པ་དང་བབ་བསྟུན་གྱི་བྱེད་ཐབས་ལ་འགྱུར་བ་འབྱུང་མི་སྲིད་པས།རེ་བ་ཡིན་ན་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ལྗོངས་དང་དེ་མིན་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཛུགས་སྐྲུན་ལས་དོན་སྣ་ཚོགས་གོང་འཕེལ་གཏོང་བར་གཞོགས་འདེགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་ནན་གྱིས་བསྟན།

པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྲུའུ་ཞི་གཞོན་པ་བོའུ་ལན་ཧྥུ་ཡིས་གསུང་བཤད་ལ་གསན་རྗེས་ཐུགས་ཤིན་ཏུ་དགྱེས་པའི་ངང་དགོངས་འཆར་ལྷུག་པོར་གནང་དོན།“བོད་ལྗོངས་ཀྱི་རི་ཀླུང་བརྗིད་ཆགས་མཛེས་སྡུག་ལྡན།མངའ་ཁོངས་ཆེ་ཞིང་མུ་མཐའ་བྲལ།ཐོན་ཁུངས་མོད་ཅིང་ཕུན་སུམ་ཚོགས།ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག

འཛམ་གླིང་གི་ཡུལ་གྲུ་སོ་སོའི་མཛའ་བཤེས་གྲོགས་པོ་ཚང་མར་བོད་ལྗོངས་ལ་སྤྲོ་བ་ཆེན་པོ་ཡོད་པས།བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་རིག་གནས་ལག་རྩལ་ལས་དོན་ཡར་ཐོན་འབྱུང་བར་རོགས་སྐྱོར་བྱེད་འདོད་ཀྱི་འདུན་པ་ཤིན་དུ་ཆེ་བས། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་དམིགས་ཡུལ་ཡང་ཡུལ་གྲུ་སོ་སོའི་མཛའ་བཤེས་མི་སྣ་དང་མཛའ་མཐུན་སྲིད་གཞུང་།རྩ་འཛུགས།ཐུན་མོང་ཚོགས་པ་བཅས་ལ་འབྲེལ་སྦྱོར་བྱས་ཏེ།ཟུར་སྣོན་གྱི་ཆབ་སྲིད་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏང་བར་མ་དངུལ་དང་དངོས་རྫས་ཀྱིས་རོགས་སྐྱོར་བྱ་རྒྱུ་དེ་ཡིན་ལ།གྲབས་གསོག་བྱས་པའི་ཐེབས་རྩ་དེ་དག་ཐད་ཀར་དུ་བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས།སློབ་གསོ།འཕྲོད་སྟེན།ཚན་རྩལ་བཅས་གོང་སྤེལ་གཏང་བའི་ལས་དོན་ཐད་དང་།དེ་མིན་ད་རུང་གནའ་ཤུལ་གྲགས་ཅན་དང་དགོན་རྙིང་ཉམས་གསོ།བོད་ལུགས་གསོ་རིག་སྔོགས་འདོན་ལེགས་སྒྲིག་དང་གསར་གཏོད་སོགས་ཀྱི་ཐད་བཀོལ་རྒྱུ་ཡིན”ཞེས་གསུངས།

རིན་པོ་ཆེ་མཆོག་གིས་ཐེབས་རྩ་ལྷན་ཚོགས་ཀྱི་ལྷ་སའི་སྤྱི་ཁྱབ་པུའུ་ཡི་གཞུང་ལས་ཁང་དང་པེ་ཅིན་གཞུང་ལས་ཁང་གཉིས་ཀྱི་ལོ་འཁོར་བྱ་བའི་འཆར་འགོད་གཏན་ཕབ་བྱས་པར་མ་ཟད།གདེང་ཚོད་ཡོད་པའི་སྒོ་ནས་སྔོན་བརྡ་བཏང་སྟེ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲུབ་པའི་བྱ་བར་གྲུབ་འབྲས་ཐོན་པར་སྒུག་དགོས་པ་དང་།རྨང་གཞི་དང་ཆ་རྐྱེན་ཐད་ནས་འབྲས་བུ་སྨིན་རྗེས།ད་གཟོད་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དངོས་སུ་དབུ་བརྙེས་སྲིད་པ་རེད།

1989ལོའི་ཟླ1པའི་ཚེས9ཉིན། པཎ་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་སྐུ་ཚེ་འདིར་ཆེས་མཐའ་མཇུག་ཕྱིར་བོད་ལྗོངས་སུ་ཕེབས་པའི་ལམ་བར་དུ་གནམ་གྲུའི་ནང་བསྐྱོན་པའི་སྐུ་པར། 

ཁ་བཤད་དོན་ལ་གནས་རྒྱུ་དང་དོན་ལ་འབྲས་བུ་སྨིན་རྒྱུ་ནི་པཎ་ཆེན་རིན་པོ་མཆོག་གི་མཛད་པ་ཡིན་ངེས།གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་ཚོགས་ཆེན་གྲོལ་མ་ཐག་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་ཨུ་ཡོན་ཞེ་ལྔ་ཁྲིད་ནས་སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་མཆོད་རྟེན་ལ་མཇལ་སྐོར་དུ་ཕེབས་པ་དང་།དེའི་རྗེས་ཉིན་གཅིག་ལའང་སྐུ་ངལ་གསོ་ཁོམ་མེད་པར་ཐེན་ཅིན་གྲོང་ཁྱེར་དུ་གཟིགས་ཞིབ་མཛད།ཉིན་གསུམ་གྱི་རིང་ལ།ཨུ་ཡོན་རྣམས་ཀྱིས་སྔ་གཞུག་ཏུ་ཐེན་ཅིན་གྲུ་ཁ་དང་ལྕགས་རྟ་བཟོ་གྲྭ།ཉེར་མཁོའི་རྒྱུན་བཀོལ་བཟོ་གྲྭ།ས་གདན་བཟོ་གྲྭ།སྣ་འཛོམས་ཚོང་ར།ལྷོ་ཕྱོགས་ཟས་རིགས་སྲང་ལམ།ཐེན་ཅིན་བོད་ལྗོངས་སློབ་འབྲིང་སོགས་སུ་གཟིགས་ཞིབ་མཛད་དེ།རིན་པོ་ཆེ་མཆོག་གིས་ཞབས་ཀྱི་པདྨོ་གང་སར་བཀོད་ཅིང་ཐུགས་བསམ་རྣོན་པོས་རིགས་དྲུག་བསྒོམ།

ཐེན་ཅིན་གྱི་གྲུ་ཁར་འབྱོར་རྗེས།རིན་པོ་ཆེ་མཆོག་གིས་ལས་སྒྲུབ་མི་སྣ་ལ་གྲུ་གཟིངས་སྒྲིག་བཟོ་དང་དངོས་ཟོག་དབོར་འདྲེན།དངོས་རྫས་མཁོ་སྤྲོད།འགྲིམ་འགྲུལ་དྲ་རྒྱ།ཕྱི་ཕྱོགས་ཉོ་ཚོང་སོགས་ཀྱི་གནས་ཚུལ་སྣ་ཚོགས་ཞིབ་འདྲི་དང་རྒྱུས་ལོན་ཟབ་མོ་བྱས་པ་དང་།དེའི་འཕྲོར་རིན་པོ་ཆེ་མཆོག་སྐུ་དངོས་སུ་གནམ་གྲུར་བཞུགས་ཏེ་མཚོ་མོར་རྒྱང་གཟིགས་མཛད་བཞིན་ཐུགས་བསམ་ཡུན་རིང་བཏང་མཐར་ཚིག་ནན་ཞིང་དོན་ཟབ་མོས་སྒོ་ནས་ཚང་མར་གསུངས་རྒྱུར།“རང་བྱུང་ཁོར་ཡུག་དང་ལོ་རྒྱུས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་བོད་ལྗོངས་ནང་ལོག་གི་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་ཧེ་བག་ཧ་ཅང་ཆེན་པོ་ཡོད་པས།ང་ཚོས་སློབ་གསོ་གོང་འཕེལ་དང་འཇོན་མི་གསོ་སྐྱོང་བྱས་ནས།སྔོན་ཐོན་ས་ཁུལ་འདི་དག་ལ་སློབ་སྦྱོང་བྱེད་དགོས་ལ།ཁོ་ཚོའི་སྔོན་ཐོན་གྱི་གོ་རྟོགས་དང་ཐབས་ཤེས།སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་ཆས།སྔོན་ཐོན་གྱི་ལམ་ལུགས་དཔེ་དབྱིབས་བཅས་ལ་སློབ་སྦྱོང་བྱས་ཏེ།བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱེད་དགོས་པ་དང་།བསླབས་པའི་འབྲས་བུ་ལག་ལེན་དུ་བསྟར་ནས་བོད་ལྗོངས་ཀྱི་ཁྱད་ཆོས་དང་འཚམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བཏོད་བྱེད་དགོས་ལ།དེའི་མཚུངས་སུ།བོད་ལྗོངས་ཀྱི་དགེ་མཚན་ཐོན་ཁུངས་ཁྱབ་སྤེལ་གཏང་དགོས།འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོས་བོད་ལྗོངས་ལ་ཐུགས་ཁུར་གནང་བ་ཡིན་ལ།རྒྱ་བོད་མི་རིགས་བར་གྱི་བརྩེ་སེམས་ཀྱི་འོ་ཆུ་གཅིག་ཏུ་འདྲེས་པའང་ཡིན་ངེས།”

ཟླ་བཞི་བའི་མཚོ་རླུང་བསིལ་མོ་དལ་གྱིས་ལྡང་ཞིང་།མཚམས་རེར་གྲང་ཤུར་ཤུར་གྱི་འཁྱགས་རླུང་གི་སྣང་བ་ཅིག་སྟེར་མོད།འོན་ཀྱང་རིན་པོ་ཆེ་འཁོར་དང་བཅས་པའི་ཨུ་ཡོན་རྣམས་ཀྱི་སེམས་ཁོངས་སུ་དྲོད་ལམ་ལམ་གྱི་ཤེད་ཤུགས་ཀྱིས་ཁེངས་འདུག འདི་ནི་རྒྱུན་པར་རིན་པོ་ཆེའི་སྐུ་མདུན་དུ་བཅར་བའི་མྱོང་ཚོར་རྣལ་མ་ཞིག་ཡིན་སྲིད་ལ།ཁོང་རིན་པོ་ཆེའི་རྒྱུད་ལ་གཏན་དུ་འགྱུར་བ་མེད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དག་མ་ཞིག་ཡོད་པ་དེར་ཀུན་གྱིས་ཡིད་སྨོན་འཆོར་བཞིན་ཡོད་པ་དང་།ལྷག་པར་དུ་རིན་པོ་ཆེ་མཆོག་ལ་རྣམ་རིག་རྒོད་པའི་སྤྱན་མདངས་དང་རིགས་ལམ་གསལ་བའི་བརྡར་གཅོད་ཀྱི་མཐུ་སྟོབས་ལྡན་ལ།དུས་ནམ་ཡིན་ཡང་ཤེལ་དཀར་མེ་ལོང་ལྟ་བུའི་དྲི་མེད་ཀྱི་ལྷག་བསམ་དཀར་པོ་ཞིག་དང་དོན་ཆེན་ཡུན་གྱིས་བསྒྲུབ་པའི་མིག་རྒྱང་རིང་མོ་ཞིག་ཡོད་པས།དཀའ་བའི་གནས་གང་ལ་འཕྲད་ཀྱང་ཁོང་རིན་པོ་ཆེའི་བྱིན་རླབས་ཀྱིས་མི་བུ་དག་ལ་དཔའ་ངར་ཞིག་དང་སྙིང་སྟོབས་ཤིག་བསྐྱེད་ཡོང་ངེས།དེ་བས་རིན་པོ་ཆེ་མཆོག་གིས་ཐུགས་བཀོད་ལྟར་དུ་དངོས་ཕུང་དཔལ་འབྱོར་གྱི་འཛུགས་སྐྲུན་སྟེ་སྲོང་བཙན་མགྲོན་ཁང་གི་དཔེ་རིས་དང་ཐང་ཀ བོད་ཇ།བོད་ལུགས་ས་གདན།ཁྱིམ་ཆས།སྐྱེལ་འདྲེན་ཀུང་ཟི།བོད་ལྗོངས་རྟ་རྩལ་རུ་ཁག་སོགས་ཀྱི་ལས་གཞི་དག་སྔ་གཞུག་ཏུ་མགོ་བརྩམས་པར་མ་ཟད།ད་དུང་བོད་ལྗོངས་ནས་ནང་ལོག་ས་ཁུལ་དུ་དངུལ་རྩ་དང་གྲོང་ཁྱེར་འཛུགས་སྐྲུན།འཆར་འགོད་དོ་དམ།རླངས་འཁོར་ཁ་ལོ་བ།མ་བྱན་སོགས་ལ་སློབ་སྦྱོང་བྱེད་པར་མི་སྐོར་ཐེངས་མང་པོ་མངགས་པ་དང་།1987ལོའི་ཟླ5བར།བོད་ཁུལ་གྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་རྒྱལ་སྤྱིའི་ཚོང་རར་བཀྲམས་ཏེ།བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་ཆེད།པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་ཡང་བསྐྱར་བོད་ལྗོངས་གངས་ཅན་དར་སྤེལ་སྤྱི་ཁྱབ་ཀུང་ཟི་གསར་བསྒྲུབས་བྱས་པ་དང་། དེ་ནི་བོད་ཁུལ་གྱི་ཞིང་ནགས་ཕྱུགས་གསུམ་དང་བཟོ་ཚོང་ཉོ་འཚོང་བཅས་ཀྱི་ཁེ་ལས་ཆེན་པོ་གཅིག་པུར་གྱུར།

1989ལོའི་ཟླ1པའི་ཚེས22ཉིན། རབ་གནས་མཛད་སྒོའི་ཉིན་མོར་ཤར་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱི་མདུན་དུ་རྗེས་དྲན་མཉམ་པར་བསྐྱོན་པ་དང་དེ་ནི་བདག་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ཉིད་ཀྱི་ཆེས་མཇུག་མཐའི་མཉམ་པར་རྩ་ཆེན་ཞིག་ཡིན། 

སྐུ་ཚེ་གང་བོར་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་འཕྲིན་བསྐྱངས་ཏེ།  བོད་ལྗོངས་ཕུལ་བྱུང་རིག་གནས་འཛམ་གླིང་ཡོངས་སུ་སྤེལ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་ཁེ་ལས་དར་རྒྱས་ལ་ཐུགས་རྩིས་ཆེ་བར་མ་ཟད།བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་ཁྱབ་གདལ་གཏང་བར་ཡང་མཐོང་ཆེན་གང་ལེགས་གནང་ངེས།

1988ལོའི་ལོ་མགོར། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་རིགས་རིག་རྩལ་འཁྲབ་སྟོན་ཚོགས་པ་གྲབས་འཛུགས་བྱས་པར་མ་ཟད།བོད་ལྗོངས་ཀྱི་ལྷོ་ཁ་ས་ཁུལ་དུ་རྩ་འཛུགས་སྦྱོང་བརྡར་བྱས་པ་དང་།གཞས་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་དང་འཛོམས་དབྱངས་སྒྲོལ་མ།གཞས་མ་གཏམ་གྱི་འཁྲབ་སྟོན་པ་གྲགས་ཅན་ཐུབ་བསྟན་བཅས་འདུས་པའི་བོད་རིགས་འཁྲབ་སྟོན་པ་སོ་གཅིག་སྔ་གཞུག་ཏུ་ཁྲིན་ཏུའུ་དང་པེ་ཅིན།ཐེན་ཅིན།ཧྲང་ཧེ།ཧྭང་ཀྲིག།ཞང་ཀང་སོགས་གྲོང་ཁྱེར་མང་པོར་སོང་ནས་འཁྲབ་སྟོན་བྱས་པ་དང་།ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མང་པོས་འཁྲབ་སྟོན་ལ་གཟིགས་པར་མ་ཟད།གདེང་འཇོག་ཚད་མཐོན་པོར་གནངས་ཤིང་།འཁྲབ་ཡུལ་སོ་སོ་ནས་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་ཐོབ།

བདག་སྐབས་དེར་འཁྲབ་སྟོན་ཚོགས་པའི་ནང་ཞུགས་ཏེ་ཁོ་ཚོའི་བྱ་བ་ཁ་ཤས་ལ་རོགས་འདེགས་བྱས་པ་ཡིན་ལ།ཆེས་བརྗེད་དཀའ་བ་ཞིག་ནི་རིན་པོ་ཆེ་མཆོག་གིས་འཁྲབ་སྟོན་པ་རེ་རེའི་འཚོ་བ་དང་ལུས་ཕུང་གི་གནས་ཚུལ།ཐ་ན་འཁྲབ་ལྭ་དང་འཁྲབ་ཆས་སོགས་ཞིབ་ཕྲའི་བྱ་བ་ལའང་ཐུགས་ཁུར་ཆེན་པོར་གནངས་པ་མ་ཟད།ད་དུང་ཚོགས་མི་རེ་རེའི་མིང་དང་ཁྱིམ་ཚང་གི་དཀའ་ཁག་བཅས་ཐུགས་ལ་གསལ་བོར་འཛིན་ངེས།རིན་པོ་ཆེ་མཆོག་གིས་འཁྲབ་སྟོན་པ་རྣམས་ལ“ང་ཚོས་གླུ་ལེན་གར་རྩེ་བྱེད་པ་ནི་བརྗིད་ཆགས་ལྡན་པའི་གངས་རིའི་ཡང་རྩེ་ཁོ་ན་ངོམ་པ་མིན་པར་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་འོད་སྟོང་འཕྲོ་རུ་འཇུག་ཆེད་དང་།དེ་ལས་ཀྱང་གཙོ་ཆེ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།སྤུན་ཟླའི་ཞིང་ཆེན་ཁག་གིས་བོད་ལྗོངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དྲིལ་སྒྲོག་དང་།བོད་ལྗོངས་ཀྱི་མིག་སྔའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གནས་བབ་བཟང་བོ་དྲིལ་སྒྲོག བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་དང་བྲལ་ཐུབ་མེད་པའི་ཆ་ཤས་ཤིག་ཡིན་ལ།བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་མཚན་སྙན་གྲགས་རྒྱ་བསྐྱེད་བཏང་ནས།མེས་རྒྱལ་ལ་བསྟོད་གླུ་ལེན་པ་དང་།ཕ་ཡུལ་འཛུགས་སྐྲུན་དང་གོང་སྤེལ་གཏང་བར་རོགས་སྐྱོར་བྱེད་པ་དེ་དྲིལ་སྒྲོག་བྱེད་དགོས”ཞེས་རྒྱུན་དུ་གསུངས་མྱོང་།

ལོ་ངོ་དུ་མའི་རྗེས་སུ།བདག་དགེ་རྒན་ཚེ་བརྟན་སྒྲོལ་མ་སོགས་སྒྱུ་རྩལ་པ་རྒན་པ་ཚོ་དང་ཡང་བསྐྱར་ལྷན་འཛོམས་བྱུང་དུས།རིན་པོ་ཆེ་མཆོག་གིས་སྐབས་དེར་གནངས་བའི་བཀའ་སློབ་ཡིད་ལ་དྲན་ཐེངས་རེར་ཚང་མར་དྲན་གདུང་གིས་གཟིར་ནས་སྐྱོ་བའི་མིག་ཆུ་ཁྲོམ་ཁྲོམ་བཞུར་སོང་།

བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་དུ་གྱུར་བའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བར་མཚོན་ན།ཁོང་གིས་ཐོག་མཐའ་བར་གསུམ་དུ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་བསྟུན་པ་ཡོང་བར་ཁྲིད་སྟོན་བྱས་ཏེ།བོད་བརྒྱུད་ནང་བསྟན་གྱི་ཆོས་ཀྱི་སྙིང་པོ་དང་ཀྲུང་ཧྭ་རིག་གནས་གཉིས་ཕན་ཚུན་ལྷན་འདྲེས་ཡོང་བར་འབད་པ་རྩེ་གཅིག་གནངས།

ཆབ་སྲིད་ཐད་མེས་རྒྱལ་ལ་དགའ་ཞེན་ཆེ་བ་དང་ཆོས་ལུགས་ཐད་ནང་བསྟན་རིག་པའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་ལེགས་པར་གནང་བའི་འཇོན་མི་སྐོར་ཞིག་སྐྱེད་བསྲིངས་བྱེད་ཆེད།པན་ཆེན་རིན་པོ་ཆེ་དང་ཀྲོ་ཕུའུ་ཁྲོའུ་རྣམ་གཉིས་ཀྱིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་དུ་བཙུགས་ཏེ།བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ནང་བསྟན་རིག་པའི་འཇོན་མི་སྐྱེད་བསྲིངས་དང་ཞིབ་འཇུག་བྱེད་སའི་ལྟེ་བར་གྱུར་བ་མ་ཟད།ཁོང་རིན་པོ་ཆེས་སྐུ་དངོས་སུ་གླིང་གཙོ་ཐོག་མའི་འགན་བཞེས།པཎ་ཆེན་རིན་པོ་ཆེ་མཆོག་གིས་དམིགས་བསལ་གྱི་ངང་ནས“དུས་འདིར།ང་ཚོས་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ནས་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བཞིན་ཡོད་ལ།བསྟན་པ་ཡང་དར་ནི་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གོང་སྤེལ་དང་འཛུགས་སྐྲུན་བྱེད་པར་ཕན་ཚུན་ཟུང་འབྲེལ་དང་ཕན་ཚུན་བསྟུན་པར་ཡོང་བའི་དུས་སྐབས་ཤིག་ཡིན་པས།བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དང་ཐེབས་རྩ་ལྷན་ཚོགས་ཀྱི་དང་བླངས་པ་གང་ཡིན་རུང་།རྒྱལ་ཁབ་ལ་དགའ་བ་དང་ཏང་ལ་དགའ་བ།ཆོས་ལ་དགའ་བ་བཅས་ཀྱི་ཆེས་གཞི་རྩར་གྱུར་བའི་ཚད་གཞི་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་དང་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་ཡར་སྐུལ་གཏང་བར་བྱས་རྗེས་བསྐྲུན་རྒྱུ་དེ་ཡིན”ཞེས་ནན་གྱིས་བསྟན་པ་རེད།

རིན་པོ་ཆེ་མཆོག་གི་ལྷད་མེད་ཀྱི་དགོངས་པ་འདི་ནི་ཁོང་གི་སྐུ་ཚེ་གང་བོར་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་རྣམ་ཡིན་ལ།བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་བྱ་བའི་ཁ་ཕྱོགས་ཀྱང་ཡིན་ངེས།

1989ལོའི་ཟླ1པོའི་ཚེས9ཉིན།པཎ་ཆེན་རིན་པོ་ཆེ་མཆོག་ཆེད་བཏང་གནམ་གྲུར་བཞུགས་ནས་བོད་ལྗོངས་སུ་ཕེབས་ཏེ།པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་སྐུ་ཕྲེང་དགུ་བའི་བར་གྱི་སྐུ་གདུང་མཆོད་ཁང་ཤར་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་ཆེན་མོ་རབ་གནས་མཛད་སྒོའི་སྟ་གོན་དང་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལྷ་སའི་གཞུང་ལས་ཁང་གི་འབྲེལ་ཡོད་བྱ་བར་གཟིགས་ཞིབ་གནངས།ཆེད་བཏང་གནམ་གྲུ་གོང་དཀར་གནམ་གྲུ་ཐང་དུ་མར་འབབ་སྐབས།རིན་པོ་ཆེ་མཆོག་གིས་ཐུགས་ལྷོད་ལྷོད་ངང་གནམ་གྲུའི་སྒེའུ་ཁུང་ལས་རྒྱང་གཟིགས་མཛད་དེ་གནམ་གྲུ་གཅིག་ཏུ་སྡོད་པའི་ང་ཚོ་འཁོར་དང་བཅས་པར་ཞལ་གསུང་དྲོད་མོ་གནངས་བྱུང་།“ཁྱེད་ཚོས་ལྟོས་དང་།གཙང་ཞིང་གཡའ་དག་པའི་གངས་ལྗོངས་བོད་ཁམས་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་།འདི་འདྲའི་ལོ་མང་པོ་ཞིག་གི་རིང་ལ།ང་རང་གཅེས་སུ་འོས་པའི་ཡུལ་གྲུ་འདིར་འབྱོར་ཐེངས་རེར།སེམས་སུ་བཤད་མི་ཤེས་པའི་ཚོར་སྣང་དྲགས་པོ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་་་་་་།”ཞེས་གསུང་མཚམས་འདིར་ཐོན་རྗེས།རིན་པོ་ཆེའི་སྤྱན་མཐར་མཆི་མས་ཁེངས་ཤིང་།གནམ་གྲུའི་ནང་ཡོངས་སུ་ལྷིང་འཇགས་ཀེར་གནས།

ཟླ1པོའི་ཚེས27ཉིན།པཎ་ཆེན་རིན་པོ་ཆེ་མཆོག་གིས་ཉིན་མཚན་དབྱེར་མེད་ངང་སྐུ་ཚེགས་མྱངས་རྗེས་རེ་ཞིག་སྐུ་ངལ་གསོ་བའི་དུས་ལ་བབས་བྱུང་།རེབ་འདིའི་རབ་གནས་མཛད་སྒོའམ་སྐུ་གདུང་མཆོད་ཁང་གསར་བཞེངས་ཐད་ཞུགས་པའི་ལས་རིགས་སོ་སོའི་མང་ཚོགས་ལ་དྲིན་ལན་འཇལ་ཕྱིར་རིན་པོ་ཆེ་མཆོག་གི་ཐུགས་བཀོད་ལྟར།གསར་དུ་བཞེངས་པའི་བདེ་ཆེན་བསྐལ་བཟང་ཕོ་བྲང་མདུན་གྱི་ཐང་ཆེན་དུ་གཟབ་རྒྱས་ངང་མེ་ཕུང་དགོང་ཚོགས་བསྡུས་ཤིང་།དེ་ནི་ཟླ་འགའི་རིང་ལ་ནི་རིན་པོ་ཆེ་ཁོམ་སྐབས་བྱུང་བའི་དུས་ཚོད་ཕྲན་བུ་ཙམ་ཡང་ཡིན་ངེས།སྐར་འོད་ལམ་ལམ་འཚེར་བའི་མཚན་ལྗོངས་དང་མེ་ལྕེ་ལྷབ་ལྷབ་མཆེད་པའི་མེ་ཕུང་གཉིས་གཞི་གཅིག་ཏུ་འདྲེས་པའི་སྣང་ཚུལ་གྱིས་དེ་སྔ་སོས་དལ་བབ་ཆགས་ངང་གནས་པའི་བདེ་ཆེན་བསྐལ་བཟང་ཕོ་བྲང་ལ་སྔར་ལས་བརྗིད་ཉམས་དང་གཟི་དཔལ་བསྩལ་སོང་ལ།མཁའ་རུ་མཆེད་པའི་མེ་སྟག་རེ་རེ་ལས་རིན་པོ་ཆེ་མཆོག་གིས་བྱམས་སེམས་ཀྱི་ཐུགས་རྒྱུད་མངོན་ཞིང་སྐུ་ཚེགས་གྲངས་མེད་མྱངས་པའི་བཞིན་མདངས་སྦས་ཡོད།རིན་པོ་ཆེ་མཆོག་གི་མདུན་དུ་བཅར་བའི་ང་ཚོ་ནི་ཨ་ཕའི་གམ་གྱི་བྱིས་པ་ཇི་བཞིན་ནམ་ཡང་སེམས་པ་དྲོད་ཀྱིས་ཁེངས་ཤིང་བཞིན་ལ་འཛུམ་གྱིས་བརྒྱན་ཡོད།ནམ་ཡང་བརྗེད་དཀའ་བ་ནི་རིན་པོ་ཆེ་མཆོག་གིས་མཚན་མོ་དེར་གསུངས་པའི་བཀའ་སློབ་དག་ཡིན་ལ།ཁོང་གིས་མེ་ཕུང་དགོང་ཚོགས་སྟེང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དག་གིས་གཞས་མ་གཏམ་གྱི་འཁྲབ་སྟོན་ལ་གཟིགས་སྐབས་སེམས་འགུལ་ཐེབས་པའི་ངང་གསུངས་དོན།“བོད་ལྗོངས་ནི་བསོད་ནམས་ཀྱི་ཞིང་ཁམས་ཡིན་པས།ང་ཚོར་སྙན་གྲགས་ཀྱི་བ་དན་སྲིད་རྩེར་གཡོ་བའི་གླིང་གེ་སར་རྒྱལ་པོ་ཡོད་ལ།ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་བོད་རིགས་མི་དམངས་ཀྱང་ཡོད་ངེས།བོད་ལྗོངས་དར་རྒྱས་དང་གོང་འཕེལ་གཏོང་དགོས་ན་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་དང་བྲལ་ཐབས་མེད་ལ།ཕུགས་བསམ་ལྡན་པའི་སྐྱེ་བོ་དག་གིས་མི་རབས་ནས་མི་རབས་ལ་འབད་བརྩོན་ལྷོད་མེད་བྱེད་དགོས། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་གླེང་སྐབས། རིན་པོ་ཆེ་མཆོག་གིས་ངང་རྒྱུད་རིང་པོའི་སྒོ་ནས་ང་ཚོར་གསུངས་རྒྱུར། “བྱ་བའི་ལས་གཞི་འདི་ལེགས་པོར་བསྒྲུབ་པར་བརྩེ་སེམས་ཟབ་མོ་འཆང་དགོས་པ་དང་། དུས་ནམ་ཡིན་ཡང་བོད་ལྗོངས་མི་དམངས་ཀྱི་ཚ་གྲང་གི་བདེ་སྡུག་ཡིད་ལ་དམ་པོར་བཟུང་ནས། ཐབས་བརྒྱ་ཇུས་སྟོང་སྒོས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་གནས་བབ་དང་གོམ་སྟབས་ཀྱི་རྗེས་ཆོད་དགོས”།

སྤྱིར་བཤད་ན་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་བྱ་བ་སྣ་ཚོགས་ནི་དུས་རབས་དང་གོམ་ཁ་མཐུན་ཞིང་མེས་རྒྱལ་ཀྱི་ཁ་ཕྱོགས་དང་མཐུན་པ། མི་དམངས་དང་མཉམ་དུ་སྐྱོད་ཐུབ་པར་བྱུང་སྟེ། བོད་ཁུལ་གྱི་མི་སེར་ལ་ཕན་བདེ་བསྐྲུན་པའམ་ཡང་ན་མི་རིགས་མཐུན་སྒྲིལ་ཆེན་མོ་དང་རྒྱལ་ཁབ་གོང་འཕེལ་ཆེན་པོ་འབྱུང་བར་བྱས་རྗེས་འཇོག་དགོས། འདི་ནི་ངས་ཁྱེད་ཚོར་བཅོལ་བའི་རེ་བཞག་ཡང་ཡིན........རིན་པོ་ཆེ་མཆོག་གི་འགྱུར་མེད་གཏན་ཚིགས་ཀྱི་སྤྱན་མདངས་ནི་སྨག་རུམ་གྱི་ཁྲོད་ཀྱི་སྐར་ཆེན་ཇི་བཞིན་མཛད་མེད་ཀྱི་སྟོབས་ཤུགས་དང་རེ་འདུན་སྦྱིན་བྱུང་བས། ཚང་མས་ལག་ཟུང་ཐལ་མོ་སྦྱར་ཏེ་དད་པའི་སྤུ་ལོང་གཡོ་བཞིན་ཁོང་གི་བཀའ་སློབ་ལ་གསན་བྱུང་།

འདི་ནི་རིན་པོ་ཆེ་མཆོག་གི་ཆེས་མཐའ་མཇུག་གི་བཀའ་སློབ་དང་ཐེབས་རྩ་ལྷན་ཚོགས་སྐོར་གྱི་བྱ་བའི་མཛུབ་སྟོན་ཐ་མ་ཡིན་པ་སུ་ཞིག་གིས་སེམས་ལ་ཤར་མྱོང་ངམ། དུས་དེ་ནས་བཟུང་། སྒྲ་གདངས་མཐོ་ཞིང་ཚིག་འབྲུ་གསལ་བོའི་གསུང་སྐད་སྙན་མོ་དེ་དར་ལུང་རྣ་བའི་གསོས་སུ་སྨིན་པའི་སྐལ་བ་ཡེ་ནས་མ་ལྡན།

ཟླ1ཚེས28ཉིན་གྱི་ནམ་གུང་། རིན་པོ་ཆེ་བོད་ལྗོངས་སུ་ཕེབས་ནས་སྐུ་ཚེགས་འོ་བརྒྱལ་མང་པོ་མྱངས་སྟབས། གློ་བུར་དུ་སྙིང་ནད་ཕོག་ནས་དྲན་པ་ཉམས་པར་གྱུར་བ་དང་། ང་ཚོས་བློ་འཚབ་ཆེ་བའི་ངང་ནས་རིན་པོ་ཆེའི་སྐུ་མདུན་དུ་བསྡད་ནས་ལྟ་སྐྱོང་བྱས་ཏེ། སྐད་ཅིག་ཙམ་ལའང་ཁོང་རིན་པོ་ཆེ་དང་བྲལ་མི་ཕོད་པར་སྙུང་གཞི་ཇེ་དགའ་རུ་ཡོང་བར་ངང་སྒུག་བྱས་པ་ཡིན། དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་། བདག་ཏག་ཏག་དབྱང་དབུགས་དམ་བིའི་ནང་དུ་དབྱང་དབུགས་སྣོན་པར་ཁང་པའི་ཕྱི་རོལ་དུ་སོང་སྟེ་དུས་ཚོད་སྐར་ཆ་འགའི་རྗེས་སུ་སྒོ་ཕྱེས་ནས་ནང་དུ་འོང་བ་ན། ཆེད་མངགས་མྱུར་སྐྱོབ་སྨན་བཅོས་ཚོགས་ཁག་ཕྱིར་འཐེན་བྱེད་པ་དང་འཕྲད་སོང་བས། སྐབས་དེར་བདག་གི་སེམས་སུ་རིན་པོ་ཆེའི་སྙུང་གཞི་སངས་དྲག་ཏུ་བུད་སོང་སྙམ་ནས་ཁང་བའི་ནང་དུ་ཐོན་པ་ན། གནམ་རྡིབས་པ་ལྟ་བུའི་སྡུག་བསྔལ་ཞིག་བདག་གི་མགོ་ཐོག་ཏུ་ལྷུང་བྱུང་། མདང་དགོང་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་བདེ་སྐྱིད་ཀྱི་དྲོད་ཁོལ་མྱངས་བ་དང་སྐབས་འདིར་རིན་པོ་ཆེ་དང་གཏན་བྲལ་བྱུང་ནས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་སོང་། བདག་ཅི་བྱ་གཏོལ་མེད་དུ་གྱུར་ནས་ལག་ཏུ་བཟུང་བའི་དབྱང་དབུགས་དམ་བི་སར་ལྷུང་བའང་མ་ཤེས་པར་ཡིད་སྐྱོ་བའི་མིག་ཆུ་ཤམ་ཤམ་དུ་བཞུར་བྱུང་།

དལ་ཅག་གེར་རིན་པོ་ཆེའི་སྐུ་གདུང་མདུན་དུ་པུས་མོ་སར་བཙུགས་ཤིང་ལག་གཉིས་ཐལ་མོ་སྦྱར་ནས་ཡུན་རིང་བོར་བྱམས་ཀྱིས་བསྐྱངས་ཤིང་དྲོད་ཀྱིས་གཉོར་མཁན་གྱི་ཕ་མ་ལྟ་བུའི་གཉེན་ཉེ་ལ་སྨོན་ལམ་བཏབས་སོང་། “བཀུར་འོས་པའི་པཎ་ཆེན་རིན་པོ་ཆེ་ལགས།  བདག་གིས་ཁྱེད་མཆོག་གི་བཀའ་སློབ་ཡིད་ལ་དམ་པོར་བཟུང་ནས་ཁྱེད་ཀྱི་ཞབས་རྗེས་རྡོག་པོས་གནོན་བཞིན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་གོང་སྤེལ་གྱི་ཆེད་དང་། བོད་ཁུལ་གྱི་རིགས་མཐུན་སྤུན་ཟླ་ཚོར་སྔར་ལས་ལྷག་པའི་འཚོ་བ་སྐྱིད་པོ་ཞིག་རོལ་ཆེད། སྟོབས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ནས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་བྱ་བ་ཡོད་ཚད་ལེགས་པོར་བསྒྲུབ་པར་རང་ཉིད་ཀྱི་ཚེ་གང་པོའི་ནུས་ཤུགས་འབུལ་རྒྱུ་ཡིན་པས། རིན་པོ་ཆེ་མཆོག་གི་ཐུགས་འདུན་སྟོང་ཟད་དུ་གཏན་ནས་གཏོང་མི་སྲིད། ”

2018ལོའི་ཟླ6པའི་ཚེས6ཉིན། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་འགོ་གཙོ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་མཆོག་གིས་པེ་ཅིན་གཞུང་ལས་ཁང་གི་ལས་ཡུལ་དངོས་སུ་བྱ་བར་མཛུབ་སྟོན་གནང་བཞིན་པའི་ཚུལ། 

དེང་གི་དུས་འདིར། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ལས་འཛིན་འགོ་གཙོ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་མཆོག་གིས་དབུ་ཁྲིད་འོག གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་བཞིན་ཡོད་ལ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་དངོས་སུ་ཇུས་འགོད་གནང་བའི་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་རྟགས་ཀྱང་ང་ཚོ་དང་ལྷན་དུ་མི་ལོ་སོ་གཉིས་འདས་སོང་། ཚོགས་རྟགས་ཆུང་བ་འདི་ལས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དང་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བར་གྱི་མི་འགྱུར་རྡོ་རྗེའི་དམ་བཅའ་བདེན་དཔང་བྱས་ཡོད་ལ། པཎ་ཆེན་རི་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ལ་བཅངས་བའི་རེ་བ་ཆེན་པོ་དང་མཛད་མེད་ཀྱི་གཅེས་སེམས་དང་ནུས་ཤུགས་ཀྱང་བརྒྱུད་སྤྲོད་བྱས་ཡོད།

ནམ་རྒྱུན་ང་རང་དཀའ་ཁག་དང་འགལ་རྐྱེན་ལ་འཕྲད་པའི་སྐབས་སུ། རིན་པོ་ཆེ་མཆོག་གི་བྱམས་སེམས་དང་བརྗིད་ཉམས་ཀྱི་ཞལ་འཛུམ་དང་མངགས་བཅོལ་ཟབ་མོ་དང་ཡིད་ཆེས་བརྟན་པོ་དེ་དྲན་འོང་། བདག་གི་སེམས་ཁོང་སུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དང་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཕུལ་བའི་གཟི་བརྗིད་ཀྱི་དམ་བཅའ་དེ་གཏན་ནས་འགྱུར་མི་སྲིད་ལ། ཚེ་སྲོག་གི་རྒྱུ་བ་མ་ཆད་ན།ཞབས་ཞུའི་གོམ་ཁ་གཏན་ནས་འཆོལ་མི་སྲིད། རྩོམ་ཡིག་འདི་ནི་དགའ་ཞིང་གུས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ལ་ཆེད་དུ་བྲིས་པ་དགེའོ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་བགྲང་བྱ་སུམ་ཅུ་འགོར་བའི་ཉིན་མོར་བྲིས་པའོ། 

ཡོངས་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་འབྲི་བ། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་པེ་ཅིན་གཞུང་ལས་ཁང་གི་འགོ་བ་ཚེ་དབང་ཉི་མ་ཡིན། 


རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།

ལོ་ཙཱ་བ། ཨ་བརྟན་རྒྱལ།
སྙན་སྒྲོན་པ། དབྱངས་ཅན།
རྩོམ་སྒྲིག་འགན་འཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།