བསོད་ནམས་རྡོ་རྗེ་ནི1957ལོའི་ཟླ་གཉིས་པར་སྐྱེས་པ་དང་། 1983ལོའི་ཟླ་བརྒྱད་པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཁོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གོང་ཧོ་རྫོང་ཨི་སྟི་ཞང་ཆུ་རྔ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད།
ལོ་ངོ་སོ་གཅིག་གི་རིང་ལ། ཁོང་གིས་སེམས་ལ་མང་ཚོགས་བཅངས་ནས་མང་ཚོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པ་དང་། སྡེ་བ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་བསམ་ཕྱོགས་གཅིག་ལ་འབད་པ་དང་ནུས་ཤུགས་གཅིག་ཏུ་བཀོལ་བས། ཆུ་རྔ་སྡེ་བའི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།
ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། བསོད་ནམས་རྡོ་རྗེ་ཡིས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་ཀྱི་གནས་ཚུལ་དོ་ཁུར་བྱེད་ཀྱིན་ཡོད་པ་དང་། ཁོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་སྣང་ཆུང་བྱེད་མི་རུང་བ་གསལ་པོ་ཤེས་ཡོད། ཞང་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཁོང་གིས་དཔའ་ངར་ཆེན་པོས་མིག་སྔར་གྱི་དཀའ་ངལ་ལ་མ་འཛེམས་པར་མྱུར་དུ་ཆུ་རྔ་སྡེ་བའི་རིམས་ནད་ཞིབ་བཤེར་ས་ཚིགས་བཙུགས་ཏེ། དུས་ཐོག་ཏུ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་རོང་འབྲོག་པའི་ཏང་ཡོན་རྣམས་ལ་དུས་ཚོད24ཡི་རིང་ལས་རེས་བྱེད་པར་བཀོད་སྒྲིག་བྱས། དེ་དང་ཆབས་ཅིགཆེད་མི་བཀོད་སྒྲིག་བྱས་ནས་ཉིན་ལྟར་ཞང་དང་གྲོང་རྡལ་གྱི་ཞིབ་བཤེར་ཚན་ཆུང་དང་མཉམ་དུ་སྡེ་བ་དང་ཁྱིམ་ཚང་རེ་རེར་སོང་ནས་མཚོ་སྔོན་དུ་ལོག་མཁན་ལ་ཞིབ་བཤེར་དང་གནས་ཚུལ་གསལ་བོ་འདྲི་བ་དང་། ལུས་ཕུང་ལ་དྲོད་ཚད་འཇལ་བ། སྔོན་འགོག་ཤེས་བྱ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ།
རྐང་པ་གཉིས་ལ་ལོ་མང་པོར་ནད་ཕོག་ནས་རྐང་ཐང་དང་སྐས་ལ་འགོ་སྐབས་དཀའ་ལས་ཆེན་པོ་ཡོད་མོད། འོན་ཀྱང་ཁོང་གིས་ཞིབ་དཔྱད་ཚད་ལེན་ས་ཚིགས་དང་། མཚོ་སྔོན་དུ་ལོག་མཁན་གྱི་ཁྱིམ་ཚང་དང་སྡེ་བ་རིམ་པའི་སྟབས་བདེའི་གྲོད་ལམ་སྟེང་གནས་སྐབས་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་སློབ་གསོ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དེ་དག་ཐམས་ཅད་སྡེ་བའི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོ་སྒྲུབ་ཆེད་ཁོ་ན་རེད། ལོ་63ལ་སླེབས་པའི་བགྲེས་པོ་ཁོང་གིས་བྱ་སྤྱོད་དངོས་ཀྱི་སྟེང་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད་པ་མ་ཟད། རྒྱ་ཆེའི་རོང་འབྲོག་པའི་ཏང་ཡོན་རྣམས་ལ་མིག་དཔེ་ཡང་བསྟན་ཡོད།
ཟླ་གཉིས་པའི་ཚེས་གསུམ་ཉིན། ཁོས་རང་འགུལ་སྒོས་ཏང་རྩ་འཛུགས་ལ་ཏང་དངུལ་སྒོར་ཁྲི་གཅིག་སྤྲད། ཁོས་བཤད་རྒྱུར། “ང་ནི་ཏང་ཡོན་ཞིག་ཡིན་པ་དང་། ད་ལྟ་ང་ཚོའི་རྒྱལ་ཁབ་ལ་འདི་ལྟ་བུའི་ཁྱབ་རྒྱ་ཆེ་བའི་རིམས་ནད་བྱུང་ཡོད་པས། ང་རང་གི་སེམས་སུ་དངོས་གནས་བྲེལ་བ་ལངས། ང་རང་ལོ་ན་མཐོ་བས་སྒྲུབ་ཐུབ་པའི་བྱ་བ་ཧ་ཅང་ཉུང་ལ། སྒོར་ཁྲི་གཅིག་པོ་འདིས་དངོས་རྫས་དང་ཟས་རིགས་ཉོ་བ་གང་ཡིན་རུང་སྤྱོད་གོ་ཆོད་ཐུབ་ངེས”ཟེར།
འདི་ནི་རོང་འབྲོག་པའི་ཏང་ཡོན་ཞིག་གི་བསམ་འདུན་ཡིན་ལ། ཀྲི་པུའུ་ཧྲུའུ་ཅི་ཞིག་གི་བྱ་སྤྱོད་རེད། རིམས་ནད་ཀྱི་མདུན་དུ་རྒྱ་ཆེའི་ཏང་ཡོན་གྱིས་གཅིག་རྗེས་གཉིས་མཐུད་ངང་འགན་འཁྲི་འཁུར་བ་དང་། ཐོབ་ཐང་གསལ་སྟོན། ཡུལ་དངོས་སུ་སྐྱོད་པ། མིག་དཔེ་བཟང་པོ་སྟོན་པ་བཅས་བྱེད་པ་དང་། ཁོང་ཚོས་གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་ལས་ཡུལ་དངོས་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པ། མང་ཚོགས་ཀྱི་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པ། ལས་གནས་བརྟན་སྲུང་གིས་རང་འགན་གཙང་སྒྲུབ་བྱེད་པར་སྣེ་ཁྲིད་བཞིན་ཡོད། བསོད་ནམས་རྡོ་རྗེ་ལྟ་བུའི་མི་ཁྲི་སྟོང་མང་པོ་ཡོད་པའི་རྐྱེན་གྱིས་ང་ཚོར་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། མང་ཚོགས་རྣམས་ལ་བདེ་འཇགས་ཚོར་སེམས་དང་བདེ་སྐྱིད་ཚོར་སེམས་ཡོད་པ། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་རྒྱུར་གཞི་ནས་འགན་ལེན་ཐུབ་པ་བཅས་བྱས་ཡོད།
ལོ་ཙཱ་བ། ཤ་བོ་རིན་མཚོ།