རིམས་ནད་སྔོན་འགོག་གི་ཐད་འབད་འབུངས་བྱེད་མཁན།
2020.02.15 ཁུངས། རྩེ་ཁོག་རྫོང་དྲིག་སྒྲོག་པུའུ། ཀློག་གྲངས། 73

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོ་རུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། སྨན་བཅོས་ལས་དོན་མི་སྣ། གཞི་རིམ་ལས་དོན་མི་སྣ་བཅས་ཀྱིས་ནུས་ཤུགས་ཡོད་དགུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དངོས་སུ་འབད་བརྩོན་བྱེད་བཞིན་ཡོད། ཁོ་ཚོའི་བརྟན་སྲུང་དང་ཉེན་ཁར་མ་འཛེམ་པར་མི་རྣམས་ལ་བདེ་ཐང་གི་འགོག་སྲུང་བརྟན་པོ་ཞིག་བསྐྲུན་ཡོད། དེའི་ཁྲོད་ད་དུང་རྣམ་པ་གཞན་ཞིག་གི་སྟེང་ནས་མདུན་དུ་མཆོང་བའི་དམིགས་བསལ་གྱི་དཔུང་ཁག་ཅིག་ཡོད་པ་ནི་གསར་འགོད་པའི་དཔུང་སྡེ་དེ་རེད། དོན་འགྲུབ་རྒྱལ་ནི་གསར་འགོད་པའི་དཔུང་སྡེ་དེའི་ཁྲོད་ཀྱི་མི་སྣ་ཞིག་རེད། 

དོན་གྲུབ་རྒྱལ་ནི་རྩེ་ཁོག་རྫོང་བརྙན་འཕྲིན་ཁང་གི་འགོ་གཙོ་གཞོན་པ་དང་གསར་འགོད་པ་ཞིག་ཡིན། 

དོན་གྲུབ་རྒྱལ་གླེང་སྐབས། ཁོ་རང་ངོ་ཤེས་མཁན་ཚང་མས“ལས་ཀ་ནན་ཏན་བྱེད་པ་དང་། དཀའ་སྡུག་ལ་མི་སྐྲག་པ། དཀའ་ངལ་ལ་མི་སྐྲག་པ། བློ་རིག་རྒོད་པའི་ཕོ་རྒོད་ཅིག་ཡིན”ཅེས་བཤད་ཀྱིན་ཡོད། རྫོང་དུ་བཅར་འདྲིའི་བྱ་བ་གང་ཞིག་ཡོད་རུང་ཁོང་ལ་ཁ་པར་གཏོང་སྲིད་ལ། དུས་ཚོད་སྔ་འཕྱི་གང་ཡིན་ལ་མི་བལྟ་བར་ཁོས་དེ་མ་ཉིད་དུ་སྐད་སྦུག་འཁྱེར་བ་དང་བརྙན་ལེན་འཕྲུལ་ཆས་འཁྱེར་ནས་གཏན་འཁེལ་གྱི་ས་གནས་སུ་ཐོན་བཞིན་ཡོད། 

ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་རྩེ་ཁོག་རྫོང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་བཅོས་བྱ་བ་བཀོད་སྒྲིག་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས་རྗེས། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་དྲིལ་བསྒྲགས་ཁྲིད་སྟོན་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཆེད། རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མྱུར་དུ་དོན་འགྲུབ་རྒྱལ་ལ་འབྲེལ་བ་བྱས་ཏེ། རྫོང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། དོན་འགྲུབ་རྒྱལ་གྱིས་ཁ་པར་ལས་བཤད་རྒྱུར། ཁོ་རང་མྱུར་དུ་ཕྱིར་ལོག་ནས་འབྲེལ་ཡོད་བྱ་བ་སྒྲུབ་ངེས་ཡིན་ཅེས་བཤད། 

ལས་ཁུངས་སུ་ཐོན་རྗེས་ངལ་གསོ་ཁོམ་ཡང་མེད་པར། ཐོག་མའི་དུས་ཚོད་ནང་བཀོད་འདོམས་པུའུ་དང་འབྲེལ་གཏུག་བྱས་ཏེ《རྩེ་ཁོག་རྫོང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་གྲོས་ཚོགས》སོགས་ཀྱི་གསར་འགྱུར་སྒྲིག་བཟོ་བྱས་ནས་བཏང་བ་དང་། དེའི་རྗེས། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བའི་ཁྲོད། ཁོས་ཐའེ་ཀྲང་གཞོན་པ་དང་གསར་འགོད་པའི་འགན་གཅིག་ལྕོགས་སུ་འཁུར་ནས་བྱ་བར་སྐུལ་སྤེལ་གང་ལེགས་བྱས་ཏེ། སྔ་རྗེས་སུ《རྩེ་ཁོག་རྫོང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་ཁ་གཏད་ཧུར་ཐག་བྱེད་རྒྱུའི་སྐོར་གྱི་གློ་ཚད་རིམས་ནད་ཀྱི་གྲོས་འགོ་ཡི་གེ》དང《རྩེ་ཁོག་རྫོང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བརྡ་ཁྱབ》(བོད་རྒྱ་སྐད་གཉིས)སྒྲིག་བཟོ་བྱས་པ་མ་ཟད། སྨན་བཅོས་དང་སྤྱི་བདེ། རིམས་ནད་ཞིབ་བཤེར་ས་ཚིགས། གྲོང་རྡལ་བཞི་དང་ཞང་བཞི་བཅས་དང་དེ་མིན་སྡེ་བ་དང་རུ་ཁག་སོ་སོར་སོང་ནས་བཅར་འདྲི་བྱས། བརྡ་ཁྱབ་དང་སྤྱི་བསྒྲགས་དོན་ཚན་ཉི་ཤུ་ལས་པ་དང་། སྤྱི་ཁྱབ་ལས་ཁུངས་ནས་སྒྲ་བརྙན་གྱི་སྤྱི་ཕན་བརྡ་ཁྱབ་ཉེར་དྲུག་ཕབ་ལེན་བྱས་པ་མ་ཟད་རྒྱུན་ཆད་མེད་པར་གཏོང་སྤེལ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་པར་གཞི་གཉིས་དང་རྩེ་ཁོག་རྫོང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་སྲུང་ཤེས་བྱ་གཉིས་ལས་པ་མ་ཟད་རླུང་འཕྲིནFM98.7གསར་འབྱེད་བྱས། རླུང་འཕྲིན་དང་བརྙན་འཕྲིན་ཉིན་གང་དང་རེས་སྐོར་མང་པོ། མཚམས་མི་ཆད་པར་གཏོང་བ་བཅས་བརྒྱུད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཤེས་བྱ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་པ་རེད། 

ཉེ་འགྲམ་གྱི་མི་ཚང་མས་ཁོས་དཀའ་སྤྱད་འབད་བརྩོན་བྱེད་པ་མཐོང་ནས་ཁོ་ལ་མཐེ་བོང་བསྒྲེངས་སྐབས། ཁོས་ཁེངས་སྐྱོང་གིས་བཤད་རྒྱུར། དུ་བ་མེད་པའི་དམག་འཐབ་འདིའི་ཁྲོད། ངས་སྒྲུབ་ཐུབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ། རྫོང་ཏང་ཨུ་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ནུས་ཤུགས་ཡོད་དགུས་དྲིལ་སྒྲོག་བྱེད་རྒྱུ་དེ་རེད།  རང་རེའི་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་འཕེལ་རིམ་དང་ཕན་འབྲས་དང་། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོ་རུ་བྱ་བ་སྒྲུབ་བཞིན་པའི་གུང་ཁྲན་ཏང་ཡོན་དང་། སྨན་བཅོས་ལས་དོན་མི་སྣ། སྤྱི་བདེ་ཉེན་རྟོག་པ། ཞང་དང་གྲོང་རྡལ། སྡེ་བ་དང་སྡོད་ཁུལ་བཅས་ཀྱི་གཞི་རིམ་ལས་བྱེད་མི་སྣའི་སྙིང་སྟོབས་དང་མི་སེམས་འགུལ་བའི་བྱས་རྗེས་དྲིལ་སྒྲོག་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་ཤེས་བྱ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཧུར་ཐག་བྱས་ནས། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་མང་ཚོགས་ཀྱི་སེམས་ཁམས་ལ་ཁྲིད་སྟོན་ཡང་དག་བྱེད་པ་དང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་འགོག་བཅོས་ཀྱི་བྱ་བར་འབད་པ་ག་འདྲ་བྱེད་བཞིན་པ་ཇི་མ་ཇི་བཞིན་ཟིན་ཐོར་འགོད་རྒྱུ་དེ་ཡིན་ཟེར། 

ད་ལོ་ལོ་སོ་དྲུག་ལ་སླེབས་པའི་དོན་གྲུབ་རྒྱལ་གྱིས་གསར་འགོད་པའི་ལས་གནས་སྟེང་བྱ་བ་སྒྲུབ་ནས་ལོ་བཅུ་གཅིག་འགོར་ཡོད་པ་དང་། ལས་གནས་འདིའི་སྟེང་ཉིན་ལྟར་གསར་འགྱུར་བརྙན་ཕབ་བྱེད་དུ་འགྲོ་དགོས་པས་ཉིན་གཅིག་གི་ཟ་མ་དུས་ལྟར་ཟ་མི་ཐུབ་མོད། འོན་ཀྱང་། ཁོས་རང་ཉིད་ཀྱི་གདམ་གར་འགྱོད་པ་གཏན་ནས་སྐྱེ་མ་མྱོང་། རང་གི་བྱ་བའི་ལས་གནས་སྟེང་བྱ་བ་ཅི་ཞིག་སྒྲུབ་ཀྱང་གཟབ་ནན་ཡིན་ལ། ཁོས་སྒྲིག་སྦྱོར་བྱས་པའི《སྔོ་ཚོད་འདེབས་མཁན་པད་མ་མཁའ་འགྲོ》དང《རྩེ་ཁོག་རྫོང་གི་མི་རིགས་སློབ་གསོའི་རྨང་གཞིའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།》《རྩེ་ཁོག་རྫོང་གིས་སྐྱེ་ལྡན་ཕྱུགས་ལས་དཔེ་སྟོན་རྫོང་བཙུགས་པ》སོགས་ཀྱི་གསར་འགྱུར་ལ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གསར་འགྱུར་བྱ་དགའ་ཐོབ་པ་དང་། 2018ལོར་སྐབས་དང་པོའི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་སྐད་བརྙན་འཕྲིན་གསར་འགྱུར་མཉམ་ལས་ཀྱི་འཕྲིན་གཏོང་བ་རྩེ་གྲས་བཅུ་ལ་བདམས་པ་རེད། 

ལོ་ཙཱ་བ། ཤ་བོ་རིན་མཚོ།