“དམིགས་བསལ་ཏང་དངུལ་སྒོར་ཁྲི11པོ་འདི་ཝུའུ་ཧན་ལ་སྤྲོད་རོགས།”
2020.02.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 51

 —གུང་ཁྲན་ཏང་ཡོན་བསོད་ནམས་ཚེ་རིང་གི་སྒེར་སེམས་མེད་པའི་བརྩེ་བ་ཆེན་པོས་ཐོག་མའི་བསམ་འདུན་མངོན་པར་མཚོན་ཡོད།

ཟླ2པའི་ཚེས5ཉིན་གྱི་སྔ་དྲོའི་དུས་ཚོད9དང་སྐར་མ30ཡི་སྟེང་། བསོད་ནམས་ཚེ་རིང་བཟའ་ཟླ་གཉིས་ཀ་སྒོར་བུད་ཅིང་། ནམ་རྒྱུན་ལྟར་ཆུང་མས་རླངས་འཁོར་བསྐོར་བ་དང་ཁོ་རང་ཟུར་སྟེགས་སྟེང་དུ་བསྡད། དུས་ཚོད་སྐར་མ་བཅུ་ལྷག་ཙམ་འགོར་རྗེས། བཟའ་ཟླ་གཉིས་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་གཞུང་ལས་ཁང་གི་སྒོ་ཁར་ཐོན།

“བར་དཔང་དང་པོ”ཡིན་པའི་ཧི་ནན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཉི་དགའ་ཡིས་ཞོགས་པ་དེར་བྱུང་བའི་བྱ་བ་ཡོད་ཚད་སེམས་ནས་བརྗེད་མི་ཐུབ་ལ། ཐ་ན་ཞིབ་ཕྲའི་བྱུང་རིམ་རེ་རེའང་དྲན་ངོགས་སུ་གསལ་ལེར་འཆར་བཞིན་འདུག

“ངས་དམིགས་བསལ་གྱི་ཏང་དངུལ་འདི་ཝུའུ་ཧན་ལ་འབུལ་འདོད”ཅེས་ཉི་དགའ་མཐོང་མ་ཐག་བསོད་ནམས་ཚེ་རིང་གིས་ཐད་ཀར་དུ་དེ་ལྟར་བཤད་མོད། ཡིན་ན་ཡང“ཏང་དངུལ”དེ་གྲངས་ཀ་ཆུང་ཆུང་ཞིག་མ་ཡིན་པར་སྒོར་ཁྲི11ཡོད།

བསོད་ནམས་ཚེ་རིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཁིས་སིན་ཞང་རྒྱ་མཁར་སྡེ་བའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། མིང་སྲིང་བཞི་བོའི་ཁྲོད་ཀྱི་སྤུན་གཉིས་པ་ཡིན་ལ། ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཧ་ཅང་བཟང་། 1991ལོར་ལོ་ན21ལ་སོན་པའི་བསོད་ནམས་ཚེ་རིང་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས། རང་འགུལ་གྱིས་རྫོང་ཐོག་གི་ཆེས་དཀའ་སྡུག་ཆེ་བའི་ས་ཆར་བྱ་བ་བསྒྲུབ་ཏུ་འགྲོ་རྒྱུའི་རེ་འདུན་ཞུས།

ཆུང་དུས་ནས་འབྲོག་ཁུལ་དུ་འཚོ་བ་རོལ་བའི་ཁོས་ཕ་ཡུལ་གྱི་རྗེས་ལུས་རྣམ་པ་བསྒྱུར་དགོས་ན་ངེས་པར་དུ་བྱིས་པ་ཚོར་སློབ་གསོ་མྱོང་དུ་འཇུག་དགོས་པ་གསལ་པོར་རྟོགས་ཡོད། ཁོའི་སེམས་སུ། སློབ་གསོས་མིའི་ལས་དབང་བསྒྱུར་ཐུབ་པས།ཕ་ཡུལ་གྱི་སློབ་གསོའི་ལས་དོན་ཐད་ནུས་པ་ཅུང་ཙམ་འདོན་རྒྱུ་ནི། “ཏང་གིས་ལོ་མང་རིང་སྐྱེད་སྲིང་བྱས་པའི་ཤེས་ཡོན་པ་ཞིག་གི་གཡོལ་མེད་འགན་འཁྲི”ཡིན་པར་བསམས་ཡོད།

1995ལོར། ཁོས་བསྟུད་མར་སྐབས་ཐེངས་གཉིས་ཀྱི་མཐར་ཕྱིན་འཛིན་གྲྭའི་གྲངས་རིག་གི་སྦྱངས་འབྲས་རྫོང་ཡོངས་ཀྱི་ཨང་དང་པོ་བླངས་རྗེས། བསོད་ནམས་ཚེ་རིང་ཁིས་སིན་ཞང་ཆ་ཚང་སློབ་ཆུང་གི་སློབ་གཙོར་བདམས། ཡིན་མིན་མང་པོ་བཤད་པ་ལས་དོན་དངོས་ཀྱི་བྱ་བ་ཞིག་བསྒྲུབས་ན་བཟང་། སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རྒྱུ་མེད་པའི་གནས་བབ་ལ་གདོང་གཏད་དེ། ཁོས་ཕྱོགས་གཅིག་ནས་སྡེ་བའི་ནང་གི་ལས་བྱེད་མང་ཚོགས་ལ་འདྲི་རྩད་བྱས་ནས་ཁོ་ཚོའི་བསམ་འཆར་སྡུད་ལེན་བྱས་པ་དང་། ཕྱོགས་གཅིག་ནས་དངོས་སུ་ལག་ཏུ་བསྟར་ཞིང་ཐབས་ཇུས་སྣ་ཚོགས་འཐེན་ནས་སློབ་གྲྭའི་སྒྲིག་ཆས་སྒྲིག་བཀོད་ལེགས་བསྒྱུར་བྱས། ཐ་ན་སློབ་གྲྭ་གྲོལ་རྗེས་ཀྱང་ལག་སྒྲོན་བཀར་ཏེ་སློབ་མཚམས་བཞག་པའི་སློབ་མའི་ཁྱིམ་དུ་འཚམས་འདྲིར་ཕྱིན་ཏེ། ཤ་ཚ་བའི་གཏམ་གྱིས་ཁྱིམ་བདག་ཚོར་བྱིས་པ་སླར་ཡང་སློབ་གྲྭར་སྐྱེལ་དགོས་པའི་ཁ་བརྡ་བྱས།

“ངས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པར་འབད་འདོད་པ་ལས། མི་ཚེ་འཕྲོ་བརླག་ཏུ་གཏོང་མི་འདོད།”1996ལོར་དངོས་སུ་ཏང་ནང་དུ་ཞུགས་དུས་ཀྱི་འགན་འཁྲིའི་འདུ་ཤེས་དེ་ནམ་ཡང་ཁོའི་སེམས་སུ་ཉར་ཡོད་ལ། ཁོས་སེམས་གཏིང་ནས་གུང་ཁྲན་ཏང་ཡོན་ཞེས་པའི་ཐོབ་ཐང་འདིར་ངོ་གནོང་མི་དགོས་པར་བྱེད་པའི་ཕུགས་འདུན་བཅངས་ཡོད།

འདི་ནི་ལོ་སར་གྱི་རྗེས་སུ་རང་ཉིད་ཀྱིས་བསྒྲུབས་པའི་ཆེས་དོན་སྙིང་ཅན་གྱི་བྱ་བ་ཞིག་ཡིན་མོད། འོན་ཀྱང་ཁོས་བསམ་ཐོག་ཏུ་ད་རུང་དེ་འདྲ་ཞིག་སོང་མེད། ཁོའི་སེམས་སུ་སྒོར་ཁྲི11གི་དམིགས་བསལ་ཏང་དངུལ་སྤྲད་པ་དེ་ནི་ཐབས་བཀོད་མེད་པའི་བྱེད་ཐབས་ཤིག་ཡིན་ཏེ། ཁོའི་སེམས་འདུན་ཐོག་མ་ནི་དང་བླངས་པ་ཞིག་བྱས་ཏེ་ལས་ཡུལ་དང་པོར་རོགས་སྐྱོར་བྱེད་དུ་འགྲོ་རྒྱུ་དེ་རེད།“ཏང་ཡོན་ཞེས་པའི་ཡིག་འབྲུ་འདི་གཉིས་ཁ་ནས་བཤད་པ་ཙམ་གྱིས་ག་ལ་ཆོག གང་ཞིག་ལ་ང་ཚོ་མཁོ་ན་དུས་ཚོད་དང་པོའི་ནང་དེར་ཐོན་དུ་འཇུག་དགོས་མོད། འོན་ཀྱང་ལུས་ཕུང་བཟང་རྒྱུ་མེད་པས་ལས་ཀ་ལས་མི་ཐུབ་ལ། ལས་ཡུལ་དང་པོར་སོང་ནའང་གཞན་ལ་དཀའ་ལས་བཟོ་སྲིད།”

བསམ་བློ་འདི་ནི་མིག་སྔའི་ཁོའི་ལུས་ཕུང་གི་གནས་ཚུལ་ལས་བྱུང་བ་རེད།

ཁིས་སིན་ཞང་ཆ་ཚང་སློབ་ཆུང་དུ་ལོ་ངོ13ལ་སློབ་གཙོའི་འགན་བཞེས་པའི་རིང་དུ། ཁིས་སིན་ཞང་གི་ན་ཆུང་བྱིས་པ་སློབ་གྲྭར་ཞུགས་ཚད་ལོ་རེ་རེར98%ཡན་ཡིན་པ་དང་། ལོ་རེ་རེའི་མཐར་ཕྱིན་སྤྱི་རྒྱུགས་དང་ལོ་རིམ་གྱི་ཟུར་འཐེན་རྒྱུགས་ལེན་ཁྲོད་ཁོ་ཚོའི་སློབ་གྲྭ་རྫོང་ཡོངས་ཀྱི་སྔོན་གྲལ་དུ་ཚུད་ཡོད་ཅིང་། སློབ་གྲྭའི་ལོ་མཇུག་གི་དཔྱད་ཞིབ་ནི་བསྟུད་མར་ལོ10ཡི་རིང་ལ་རྫོང་ཡོངས་ཀྱི་ཨང་དང་པོ་ཡིན་པས། བསྟུད་མར་ལོ9ཡི་རིང་ལ་སྔོན་ཐོན་སྡེ་ཚན་དུ་བདམས།

གྲུབ་འབྲས་འདི་དག་ནི་བསོད་ནམས་ཚེ་རིང་གི་ལྷག་བསམ་དང་འབྲལ་ཐབས་མེད།

སློབ་གྲྭའི་དཔལ་འབྱོར་ཆ་རྐྱེན་ཧ་ཅང་ཞན་པའི་ལོ་དེ་དག་ལ། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་བྱེད་ཆེད། བསོད་ནམས་ཚེ་རིང་ག་ས་གང་དུ་ལས་གཞི་བཙལ་དུ་བརྒྱུགས་ཤིང་། ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་སློབ་གྲྭའི་དགེ་སློབ་ཡོངས་ལ་མལ་ཁང་གྱན24ལས། སྡེ་བའི་ནང་གི་ལོ་ན་གཞོན་པའི་འབྲོག་པ་ཚོར་སློབ་སྦྱོང་དང་གསོ་སྦྱོང་བྱེད་ས་ཞིག་འདོན་སྤྲོད་བྱེད་ཆེད། ཁོ་རང་གང་སར་བརྒྱུགས་ཏེ། ཞང་ཡོངས་ཀྱི་སྡེ་བ4ལ་བསྡོམས་པས་ནུས་མང་སློབ་ཁང་གྱན16ལས་པར་མ་ཟད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འབྲོག་དམངས་རིག་གནས་ལག་རྩལ་གསོ་སྦྱོང་རྟེན་གཞི་བཙུགས། 2006ལོར། ཁོས་ཧུར་བརྩོན་འོག་ཁིས་སིན་ཞང་གིས་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་ཀུན་གྱི་སྔོན་དུ་བྱིས་སྙོར་ཁང་བཙུགས།

ཕྱིར་ལོག་པའི་ལམ་བར་དུ། བསོད་ནམས་ཚེ་རིང་བསམ་གཞིགས་ཀྱི་གཡང་དུ་ལྷུང་། “གལ་ཏེ་ཆ་རྐྱེན་ཅུང་བཟང་རྒྱུ་ན། ཝུའུ་ཧན་ལ་ད་དུང་སྒོར་མོ་མང་ཙམ་འབུལ་འདོད་ཡོད”ཅེས་སྒེའུ་ཁུང་ཕྱི་རོལ་ཏུ་ལྟ་ཞོར་ལྷོད་ལྷོད་ངང་དེ་ལྟར་བཤད།

དྲང་མོར་བཤད་ན་ཉེ་འཁོར་གྱི་མི་རྣམས་ཀྱི་སེམས་སུ་བསོད་ནམས་ཚེ་རིང་ནི་བླ་ན་མེད་པའི་མི་ཞིག་ཡིན་ཏེ། ཐོག་དང་པོར་རྒྱ་མཁར་སྡེ་བ་ནས་གཞན་ཡུལ་དུ་སློབ་གཉེར་བྱེད་ཀྱིན་པའི་དབུལ་ཕོངས་སློབ་མ་ཞིག་ལ་སྒོར་ཁྲི1གི་སློབ་རིན་རོགས་སྐྱོར་བྱས་པ་ནས་བཟུང་སྟེ་ལོ་ངོ19ཡི་རིང་ལ། ཁོས་རིམ་བསགས་ཀྱིས་སྒོར་མོ་དང་དངོས་ཟོག་སྒོར་ཁྲི80ལྷག་གི་ཞལ་འདེབས་ཕུལ་ཡོད།

བསོད་ནམས་ཚེ་རིང་གིས་ཁིས་སིན་ཞང་ཆ་ཚང་སློབ་ཆུང་གི་སློབ་གཙོ་དང་ཁིས་སིན་ཞང་གི་ཞང་གཙོ་གཞོན་པའི་འགན་བཞེས་པའི་སྐབས་སུ། མགོན་པོ་ཡིས་ཁིས་སིན་ཞང་ཚ་ཧན་སུའུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་འཁུར་ཡོད་པས། མགོན་པོར་མཚོན་ན་བསོད་ནམས་ཚེ་རིང་ནི་ཆེས་ཆ་རྒྱུས་ལྡན་པའི་མི་དེ་རེད།

“ལོ་དེ་དག་གི་རིང་ལ། ཁོས་རྒྱུན་དུ་དཀའ་ཁག་ཡོད་པའི་སློབ་མ་དང་དགེ་རྒན། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་སློབ་གྲྭ་བཅས་ལ་ཞལ་འདེབས་ཕུལ་བ་དང་། སྐབས་ལན་རེར་སློབ་གྲྭ་དཀའ་ཁག་ལ་འཕྲད་སྐབས་ཀྱང་ཁོས་རང་སྟེང་ནས་སྒོར་མོ་ཕུལ་བ་རེད། ངས་བརྗེད་མི་ཐུབ་པ་ཞིག་ནི། སྐབས་དེར་སློབ་གྲྭའི་ཕྱི་ར་དང་སློབ་མའི་མལ་ཁང་ཞིག་གསོ་བྱས་པར་མ་ཟད། དཔེ་ཆ་སྐོར་ཞིག་ཀྱང་ཉོ་དགོས་པས། ཁོས་སྒོར་ཁྲི4ལྷག་ཞལ་འདེབས་ཕུལ་ཞིང། དེའི་རྗེས་སུ་ཞང་ཐོག་ཏུ་བྱིས་སྙོར་ཁང་འཛུགས་སྐབས་ཁོས་ཡང་བསྐྱར་སྒོར3000ཕུལ་ནས་སྒོ་ཆེན་ལས། ”

2015ལོར། བསོད་ནམས་ཚེ་རིང་ནད་ཀྱི་དབང་གིས་ལས་འཁྱུར་ངལ་གསོ་བྱས།

“འགན་ཁུར་མེད་ན་སེམས་པ་དལ” བས་ཁོས་གཞན་ལ་རོགས་སྐྱོར་བྱེད་པའི“ཞོར་ལས”འདི“ལས་ཀ་གཙོ་བོ”རུ་བསྒྱུར་མགོ་བརྩམས། ཡིན་ཡང་ཁོས་རིམ་གྱིས་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག འཚོ་བར་དཀའ་ཁག་ཆེ་བའི་འབྲོག་པ་མང་ཚོགས་ཀྱིས་སྔོན་ཆད་བཞིན་སྨན་ཡོན་དང་སློབ་ཡོན་གྱི་ཆེད་དུ་སེམས་ཁྲལ་བྱེད་དགོས་ཀྱིན་མེད་པ་རྟོགས་པས། ཁོས་ཀྱང“དུས་བསྟུན་ལྷན་སྐྱོད”བྱས་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་རོགས་སྐྱོར་བྱེད་མགོ་བརྩམས་ལ། སེམས་ཤུགས་མང་པོ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྟེང་དུ་བཀོལ།

“ངས་ངེས་པར་དུ་ཁོའི་ཁྱིམ་ཚང་གི་གནས་ཚུལ་ལ་ཅིག་བལྟ་དགོས”ཞེས་སྡེ་བའི་ལས་བྱེད་པ་བརྒྱུད་ནས་རོགས་སྐྱོར་མཁོ་མཁན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། བསོད་ནམས་ཚེ་རིང་གིས་རྒྱུན་པར་དེ་ལྟར་ནན་བཤད་བྱེད་སྲིད། ཁོའི་སེམས་སུ་རང་ཉིད་ཀྱིས་རོགས་སྐྱོར་ཆེན་པོ་བྱེད་མི་ཐུབ་ནའང་། སྒོར་སྐར་མ་གང་ཡིན་རུང་དངོས་གནས་དགོས་མཁོ་ཆེ་བའི་མིའི་སྟེང་དུ་བཀོལ་དགོས་པར་འདོད་ཀྱིན་ཡོད།

བསོད་ནམས་ཚེ་རིང་གིས་རྒྱུན་དུ་འཁུར་བའི་རྒྱབ་ཁུག་དེའི་ནང་དུ་འབྲི་དེབ་ཆུང་ཆུང་ཞིག་བཅུག་ཡོད་ལ། དེའི་སྟེང་དུ་རྫོང་ཡོངས་ཀྱི་སྡེ་བ་སོ་སོའི་ནང་གི་ཁོས་རོགས་སྐྱོར་བྱས་མྱོང་བའི་དབང་པོ་སྐྱོན་ཅན་གྱི་མིང་ཐོ་བྲིས་ཡོད། ཁོས་མི་དེ་དག་དབང་པོ་སྐྱོན་ཅན་ཞིག་གི་ཚད་དུ་བཞག་མ་མྱོང་བར་མ་ཟད། རྒྱུན་དུ་ཁོ་ཚོ“ཕུ་ནུ་མིང་སྲིང”གི་ཚད་དུ་བཞག་ཡོད། དེབ་ཆུང་དེའི་སྟེང་དུ་སྒྲོལ་མ་ཆུང་ཆུང་དང་བཅས་ཏེ་བསྡོམས་པས་མི136གི་མིང་ཡིག་བྲིས་འདུག 2016ལོ་ནས་བཟུང་། ལོ་གསུམ་རེའི་ནང་དུ་བསོད་ནམས་ཚེ་རིང་གིས་མལ་སྟན་ཆ་ཚང་རེ་དང་དངུལ་སྒོར། དེ་མིན་ད་དུང་ཁོ་ཚོར་མཁོ་བའི་དངོས་པོ་གཞན་དག་བཟུང་ནས་ཁོ་ཚོར་འཚམས་འདྲི་བྱེད་དུ་འགྲོ་བ་རེད།

བསོད་ནམས་ཚེ་རིང་ལ་ད་དུང“དམིགས་འབེན་ཆུང་ཆུང”ཞིག་ཡོད་དེ། དེ་ནི་ཞལ་འདེབས་སུ་ཕུལ་བའི་སྒོར་གྲངས་ཁྲི100ལོངས་སུ་འཇུག་རྒྱུ་དེ་རེད། ཁོས་ད་སྔ་ཕུལ་མྱོང་བའི་ཞལ་འདེབས་ཀྱི་སྒོར་གྲངས་ལ་བལྟས་ན་དམིགས་འབེན་དེ་ནི་འགྲུབ་དཀའ་བ་ཞིག་མིན་མོད། འོན་ཀྱང་དེ་ནི་ཁྱིམ་ཚང་གི་འགྲོ་སོང་གང་ནུས་ཀྱིས་ཉུང་འཕྲི་བྱས་པའི་རྨང་གཞིའི་སྟེང་ནས་ཐོན་དགོས།

བསོད་ནམས་ཚེ་རིང་བཟའ་ཟླ་གཉིས་ལ་མཚོན་ན། དངོས་པོའི་འཚོ་བ་ནི་དེ་འདྲའི་གལ་ཆེན་ཞིག་མིན་པར་འདུག་གནས་ཤིག་ཡོད་པས་ཆོག ལོ་འདི་དག་གི་རིང་ལ། ཁོ་ཚོའི་ཉེ་འགྲམ་གྱི་ལས་གྲོགས་དང་ཉེ་མི་མང་པོ་ཞིག་གིས་ཟི་ལིང་ནས་ཁང་པ་ཉོས་ཤིང་། ཆེས་ཞན་པའང་རྫོང་མཁར་གྱི་ཐོག་ཁང་དུ་བསྡད་ཡོད། ཁོ་ཚང་གི་གུ་དོག་པའི་འགྲུལ་ཁང་དང་རྙིང་ཞིང་རལ་བའི་སྒྲིག་ཆས། ཤིང་གིས་བཟོས་པའི་འབོལ་ཁྲིའི་སྟེང་གི་ཙོག་གདན་རྙིང་ཧྲུལ་ཅན་དག་མཐོང་སྐབས། མི་ཁ་ཤས་ཀྱིས་ཁོས་སྒོར་ཁྲི་བཅུ་ཕྲག་འགའ་རེ་དོན་མེད་དུ་མི་ཆ་མེད་རྒྱུས་མེད་དག་ལ་བྱིན་པའི་བྱ་སྤྱོད་དེར་གོ་བ་ལོན་ཐུབ་ཀྱིན་མེད།

“དེ་ནི་ངེད་ཚང་གི་བཟའ་མི་གང་བོའི་ཐུན་མོང་གི་གདམ་གསེས་ཡིན་པས། མི་གཞན་པས་གོ་བ་མ་ལོན་རུང་སྐྱོན་མེད།” བསོད་ནམས་ཚེ་རིང་གི་བུ་ན་ནིང་སློབ་གྲྭ་ནས་མཐར་ཕྱིན་ཏེ་བྱ་བར་ཞུགས་མ་ཐག་ཡིན་ལ། དུས་རྒྱུན་དུ་བུས་ཨ་ཕའི“བྱ་གཞག”ལ་རྒྱབ་སྐྱོར་དང་རོགས་རམ་གང་མང་བྱས་ཤིང་།བུ་མོ་ནི་མཐོ་གསུམ་སློབ་མ་ཞིག་ཡིན་ལ། གནང་བ་བྱིན་ནས་ཡུལ་ལ་ལོག་རྗེས་གླེང་གྲངས་ཆེས་མང་བ་ནི་མོ་དང་སློབ་གྲོགས་ཕན་ཚུན་བར་རོགས་རམ་བྱས་པའི་གཏམ་རྒྱུད་དག་རེད།

བསོད་ནམས་ཚེ་རིང་མིག་དཔེར་འཛིན་མཁན་གྱི་མིའང་མང་པོ་ཞིག་ཡོད་དེ།ཐེངས་འདིའི་རིམས་ནད་བྱུང་རྗེས། ཁོས་འགོག་བཅོས་ཚོད་འཛིན་གྱི་ཤེས་བྱ་མང་པོ་ཞིག་དུས་ཐོག་ཏུ་བོད་ཡིག་ཏུ་བསྒྱུར་ཏེ་ཚོགས་པ་སོ་སོའི་ནང་དུ་བསྐུར་བས། ཅང་མ་འགོར་བར། ཤེས་བྱ་དེ་དག་རྫོང་ཡོངས་ཀྱི་ས་ཆ་སོ་སོར་ཁྱབ། ཁྱད་པར་དུ་ཁོས་དམིགས་བསལ་ཏང་དངུལ་སྒོར་ཁྲི11སྤྲད་རྗེས། རྫོང་ཡོངས་ཀྱི་ཏང་ཡོན་རྣམས་ཀྱིས་ཁོ་རང་མིག་དཔེར་བཟུང་སྟེ། ཟླ2པའི་ཚེས9ཉིན་བར་དུ། ཏང་ཡོན833གྱིས་བསྡོམས་པས་རྩ་འཛུགས་ལ་སྒོར་འབུམ་དྲུག་ཁྲི་གསུམ་ལྷག་གི་དམིགས་བསལ་ཏང་དངུལ་ཕུལ་བ་དང་།མི་གྲངས་འདིས་རྫོང་ཡོངས་ཀྱི་ཏང་ཡོན་མི་གྲངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།