ཕྱི་རྒྱལ་དུ་སྦྱོང་བརྡར་བྱེད་བཞིན་ཡོད་ནའང་སེམས་པ་མེས་རྒྱལ་ལ་བཅངས་ཡོད།
2020.03.10 ཁུངས། མི་དམངས་དྲ་བ། ཀློག་གྲངས། 50

 2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་འཚོག་ལ་ཉེ་བའི་སྐབས་འདིར། ཀྲུང་གོའི་ལུས་རྩལ་པའི་ངོས་ནས་བརྗོད་ན། འགྲན་ཞུགས་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པའི་འགག་རྩའི་དུས་སུ་སླེབས། དབྱི་ཐ་ལིར་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་པའི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ཀྱིས་རང་ཉིད་ཕྱི་རྒྱལ་དུ་གནས་ཀྱང་སེམས་པ་མེས་རྒྱལ་དང་འབྲེལ་ནས་ཡོད་པས། རིམས་ནད་སྔ་ཙམ་མཇུག་འགྲིལ་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་དེ་ལྟར་བཤད་བྱུང་།

1990ལོའི་ཟླ་11པར། ཆོས་དབྱིངས་སྐྱིད་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཞང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ལོ་16ལ་སོན་སྐབས་ཁོ་མོ་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭས་བདམས་ཏེ་སློབ་སྟོན་རྩལ་ཁྲིད་པའི་གྲོས་འགོའི་འོག་འདུར་འགྲོས་སྦྱོང་བརྡར་བྱས། 2010ལོའི་ཟླ་6པར། ཆོས་དབྱིངས་སྐྱིད་རྒྱལ་ཁབ་འདུར་འགྲོས་རུ་ཁག་གི་མཉམ་སྦྱོང་རུ་ཁག་ནང་བཅུག ཁོ་མོའི་སེམས་བག་ཡངས་བའི་གཤིས་ཀ་དང་འགྱུར་བ་མེད་པའི་བློ་སྟོབས་ལས་ཁོ་མོས་རང་ཉིད་དང་ཁ་གཏད་རེ་རེ་ལས་རྣམ་པར་རྒྱལ་བར་བྱས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་། ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས། ཨོ་རྩལ་འགྲན་ཚོགས། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་འདུར་འགྲོས་འགྲན་སློང་ལུས་རྩལ་འགྲན་ཚོགས། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་འདུར་འགྲོས་འཛམ་གླིང་བུམ་པའི་འགྲན་བསྡུར་སོགས་རྒྱལ་ཁབ་ཕྱི་ནང་གི་འགྲན་རར་ཆོས་དབྱིངས་སྐྱིད་ཀྱིས་འཇོན་ཐང་ངོམས་འགོ་ཚུགས་པ་དང་། གཟེངས་རྟགས་ཡོད་ཚད་མིག་ཆུ་དང་རྔུལ་ཆུའི་ཐིགས་པ་གྲངས་མེད་ལས་གྲུབ་པ་ཞིག་རེད།

མཚོ་སྔོན་མཚོ་བྱང་རྩྭ་ཐང་ནས་རྒྱལ་སྤྱིའི་འགྲན་རར་ཡོང་བའི་བོད་རིགས་བུ་མོ་དེས་ཕུགས་བསམ་དོན་གཉེར་གྱི་གོམ་སྟབས་ལྷོད་དུ་གཏོང་མྱོང་མེད། ཁོ་མོ་ནི་མིག་སྔར་འཛམ་གླིང་འདུར་འགྲོས་ཀྱི་བདམས་ཐོན་པ་རྩེ་གྲ་ཡིན་པ་མ་ཟད། ཨོ་རྩལ་འགྲན་ཚོགས་ཐོག་གཟེངས་རྟགས་ཐོབ་མཁན་ཀྲུང་གོའི་བོད་རིགས་ལུས་རྩལ་པ་དང་པོ་ཡང་ཡིན་ལ། རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་ར་ལས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མྱོང་། ད་ལྟ། ཆོས་དབྱིངས་སྐྱིད་ཀྱི་བྱས་རྗེས་མཚོ་བྱང་རྩྭ་ཐང་དུ་རླུང་ལྟར་གྲགས་པས། ཁོ་མོ་ནི་བྱིས་པ་མང་པོ་ཞིག་གི་སེམས་དབུས་ཀྱི་མིག་དཔེར་གྱུར་ལ། ཁོ་མོའི་རྒྱུན་སྲིང་ལྷོད་མེད་དང་དཀའ་སྤྱད་འབད་བརྩོན་གྱི་ལུས་རྩལ་སྙིང་སྟོབས་དེ་འགྲན་རའི་ཐོག་གི་རིན་ཐང་ལས་ཆེ་བར་གྱུར་ཡོད།

ལོ་རེའི་ལོ་མགོ་དང་ལོ་མཇུག་གི་དུས་ནི། ལུས་རྩལ་པ་ཞིག་གི་ངོས་ནས་བརྗོད་ན་སྦྱོང་བརྡར་དང་ཡང་ན་འགྲན་བསྡུར་གྱི་དུས་ཚོད་རེད། ཆོས་དབྱིངས་སྐྱིད་ཀྱང་དེ་ལས་མ་འདས་པར་རྒྱལ་ཁབ་ཕྱི་ནས་སྦྱོང་བརྡར་བྱེད་སྐབས་བོད་ཀྱི་ལོ་གསར་ཐེངས་ཅི་ཙམ་བཏང་མིན་ཁོ་མོ་རང་གིས་ཀྱང་གསལ་པོ་ཤེས་ཀྱི་མེད། དབྱི་ཐ་ལིར་ཡོད་པའི་ཆོས་དབྱིངས་སྐྱིད་མ་གཞི་ཁྱིམ་མི་དང་མཉམ་འཛོམས་ཀྱིས་ཕ་ཡུལ་དུ་ལོ་གསར་གཏོང་ཐུབ་མེད་ཀྱང་། ཁོ་མོས་ཕུགས་འདུན་གྱི་ཆེད་དུ་དཀའ་ལས་ཇི་ཙམ་བརྒྱབ་པར་གནོང་འགྱོད་བྱེད་མ་མྱོང་།

འབྲོག་ཁྱིམ་ཕལ་བའི་བུ་མོ་ཞིག་ནས་འཛམ་གླིང་འདུར་འགྲོས་ཀྱི་བདམས་ཐོན་པ་རྩེ་གྲར་གྱུར་བ་དང་། ཕ་མའི་མིག་ནང་གི་ཆོས་དབྱིངས་སྐྱིད་ནི་ཁྱིམ་མི་ཚོའི་སྤོབས་པ་ཡིན་ལ། འགྲན་བསྡུར་བྱེད་ཐེངས་རེར་ཁྱིམ་མི་རྣམས་ཀྱིས་བོད་རིགས་ཀྱི་གོམས་སྲོལ་ལྟར་བསང་གཏོང་བ་དང་སྨོན་ལམ་བཏབ་ནས་ཁོ་མོར་གྲུབ་འབྲས་ཡག་པོ་ཐོབ་པར་རེ་སྒུག་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ཨོ་རྩལ་འགྲན་ཚོགས་མ་འཚོག་བར་དུ་ཆོས་དབྱིངས་སྐྱིད་ཀྱིས་དབྱི་ཐ་ལིར་རྒྱུན་མཐུད་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། “ང་ཚོས་སྒྲུབ་ཐུབ་པ་ནི་འཛམ་གླིང་གི་འགྲན་བསྡུར་ནང་གྲུབ་འབྲས་དེ་བས་ཁྱད་དུ་འཕགས་པ་བླངས་ནས་མེས་རྒྱལ་དང་ནང་མིར་འབུལ་རྒྱུ་དེ་ཡིན། རིམས་ནད་སྔ་ཙམ་མཇུག་འགྲིལ་བའི་རེ་བ་ཡོད། ཝུའུ་ཧན་ཤུགས་རྒྱོབ། ཀྲུང་གོ་ཤུགས་རྒྱོབ”ཅེས་ཆོས་དབྱིངས་སྐྱིད་ཀྱིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།