སྟག་གཡག་རྩྭ་ཐང་ན་བཞད་པའི་མེ་ཏོག་སེར་ཆེན།
2020.03.31 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 68

 —ཨ་ནེ་མེ་ཏོག་གིས་འབྲོག་སྡེ་ཞིག་ལ་གཏིམས་པའི་མི་ཚེའི་རྒྱུད་རིམ།

མཚོ་འཁྱིལ་ཡུལ་ཚོའི་སྟག་གཡག་རྩྭ་ཐང་དུ་གཞིས་ཆགས་པའི་ཉིན་ཞྭ་སྡེ་བ་ནི་རྐང་ཚ་རྫོང་གི་སྔོན་ཐོན་སྡེ་བའི་གྲས་སུ་ཚུད་པ་ཞིག་ཡིན་ལ། སྡེ་བ་འདིའི་འཕོ་འགྱུར་དང་འཕེལ་རྒྱས་སོགས་ཕྱོགས་གང་ཞིག་གླེང་ཚེ་ངེས་པར་དུ་ཨ་ནེ་མེ་ཏོག་ཟེར་བའི་འབྲོག་མོ་དཀྱུས་མ་ཞིག་དྲན་ཡོང་། ཁོ་མོ་ནི་ཧ་ཅང་སྤྱིར་བཏང་གི་འབྲོག་མོ་དཀྱུས་མ་ཞིག་ཡིན་མོད། མོའི་སྤྱིར་བཏང་མིན་པའི་མིག་རྒྱང་དང་སྔོན་ཐོན་གྱི་བསམ་བློ་ལས་སྡེ་བའི་འཕེལ་རྒྱས་ལ་མཛད་རྗེས་མི་དམན་པ་བསྐྲུན་ཡོད་པས། སྡེ་བ་འདིའི་མང་ཚོགས་དང་ལས་བྱེད་ཡོངས་ཀྱིས་མ་གྲོས་གཅིག་མཐུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་སར་གྱུར་ཡོད།

རྐང་ཚ་རྫོང་སྲིད་གཞུང་གསར་འགྱུར་ལྟེ་གནས་ཀྱིས་ཆེད་དུ་མོ་རང་ལ་རྒྱུས་ལོན་ཞིག་བྱ་ཆེད། ཉིན་ཞྭ་སྡེ་བའི་ཀྱ་ཀྱུའི་ལམ་ཕྲན་རིང་མོ་བརྒྱུད་དེ་ཁོ་མོར་བཅར་འདྲིར་བྱེད་དུ་སོང་བ་ཡིན། སྒོ་ཁྱིའི་ཟུག་སྐད་གསལ་བོ་ཞིག་གྲགས་པ་དང་མཉམ་དུ་ཁྱིམ་ཚང་ཞིག་གི་སྒོ་ཁར་ཐོན་བྱུང་། “ཁྱོད་ཀྱིས་བཙལ་བཞིན་པའི་ཨ་ནེ་མེ་ཏོག་ཟེར་བ་འདི་ཚང་རེད”ཅེས་ཟེར་ཞོར་སྡེ་བའི་སྡེ་དཔོན་ལས་བྱེད་རླངས་འཁོར་ལས་མར་བབས།

ང་རང་ཁྱིམ་དུ་འཛུལ་ནས་ཐོག་མར་ཨ་ནེ་མེ་ཏོག་ལ་འཚམས་འདྲི་བྱས་པ་དང་ཐེངས་འདིར་ཁོ་མོ་བཙལ་དུ་ཡོང་བའི་རྒྱུ་མཚན་གསལ་བོར་བཤད་པ་ན། ཁོ་མོ་ནི་ཕར་བལྟས་ཚོད་ཀྱིས་ལོ་ན་བདུན་ཅུར་སོན་པ་ཙམ་གྱི་འབྲོག་མོ་དཀྱུས་མ་ཞིག་ཡིན་མོད། ཁོ་མོས་སྣེ་ལེན་བྱེད་སྟངས་དང་ཁ་བརྡ་བཤད་སྟངས་ལས་སྤྱིར་བཏང་གི་འབྲོག་མོ་འདི་ལ་སྤྱིར་བཏང་མ་ཡིན་པའི་ཤེས་རྒྱ་དང་ཡོན་ཏན་མངའ་བ་རྟོགས་ཐུབ།

བཅར་འདྲི་བྱས་པ་ན་ཁོ་མོས་བཤད་རྒྱུར་ང་རང་ལོ་ན་རྒས་སོང་བས། སྔོན་གྱི་དོན་དག་མང་པོ་ཞིག་ད་ལྟ་ཡིད་ལ་དྲན་གྱིན་མི་འདུག ཅུང་ཙམ་དྲན་པ་ཡང་མགོ་མཇུག་ཆ་ཚང་ཞིག་བཤད་དཀའ་བ་རེད། ཡིན་ཡང་ཡིད་ལ་དྲན་ཚད་ཐམས་ཅད་ཁྱོད་ལ་བཤད་ངེས་ཡིན།  ང་རང་ནི1950ལོར་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་ཞུགས་པའི་གོ་སྐབས་མ་བྱུང་། ཡིན་ནའང་སྤྱི་ཚོགས་དང་འཚོ་བ་ནི་ང་རང་ལ་མཚོན་ན་སློབ་གྲྭ་ཆེན་མོ་ཞིག་རེད། ངས་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཐོག་མར་རང་ཉིད་ལ་བཅོས་སྒྱུར་ལེགས་པོ་ཞིག་བྱེད་དགོས་པ་ནི་རྩ་བའི་ཆ་རྐྱེན་དུ་བཟུང་ཞིང་། ཡང་གཅིག་བཤད་ན་དོན་དག་ཆུང་ཆུང་ཞིག་ཡིན་ཡང་མུ་མཐུད་ནས་རྒྱུན་སྐྱོང་རྒྱུ་ནི་དེ་ལས་གལ་ཆེན་རེད་འདོད། དེ་བས་ཐོག་མར་རང་ཁྱིམ་གྱི་ཕྱི་ནང་བར་གསུམ་ལ་གཙང་སྦྲ་དང་གད་བདར་ལེགས་པོ་བྱེད་རྒྱུ་དེ་ཡིན། དེ་ལྟར་ལོ་མང་པོར་རང་ཁྱིམ་ལ་གཙང་སྦྲ་བྱེད་པ་རྒྱུན་འཁྱོངས་ལེགས་པོ་བྱས་པས་ན། སྡེ་མི་མི་ཉུང་བ་ཞིག་གིས་ང་ནི་གཡུག་ལས་ཀ་ཅན་གྱི་བདག་མོ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་པར་མ་ཟད། ཁོ་ཚོས་ཀྱང་རང་ཁྱིམ་ལ་གཙང་སྦྲ་ལེགས་པོ་བྱེད་དགོས་པའི་འདུ་ཤེས་དེ་རིམ་གྱིས་ཇེ་བཟང་ཇེ་ལེགས་སུ་སོང་། དེ་ལྟར་དུས་ཡུན་ཐུང་བའི་ནང་དུ་གཅིག་གིས་གཅིག་ལ་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ། རིམ་གྱིས་རང་ཁྱིམ་ལ་གཙང་སྦྲ་བྱེད་པ་དེ་ནི་ང་ཚོའི་སྡེ་བ་ཡོངས་ཀྱི་གོམས་སྲོལ་ཡག་པོ་ཞིག་ཏུ་གྱུར། འདི་དག་ཚང་མ་ང་རང་གིས་དང་ཐོག་སྡེ་བ་ཡོངས་ལ་བཞག་པའི་ལས་ཀའི་བག་ཆགས་ཤིག་ཡིན་ལ་བསམ་པའི་གོ་རྟོགས་ཀྱི་སྣེ་ཁྲིད་ཅིག་ཀྱང་ཡིན།

གཞན་སྡེ་བ་འདིའི་སྐྱེས་མ་རྣམས་ཀྱི་མ་བུ་བདེ་སྲུང་དང་མོ་ནད་སྔོན་འགོག་གི་འདུ་ཤེས་ཧ་ཅང་ཞན་པས། བྱིས་པ་བཙའ་སྐབས་སྨན་ཁང་དུ་མི་འགྲོ་བར་མ་བུའི་ཚེ་སྲོག་ལ་ཉེན་ཁ་འབྱུང་གིན་ཡོད། བུད་མེད་ཚོ་རང་ལུས་བདེ་སྲུང་གི་རྒྱུན་ཤེས་ཞན་པ་སོགས་ཀྱི་སྣང་ཚུལ་མཐོང་བས། རང་ཉིད་ཀྱིས་ལོ་མང་པོར་བུད་མེད་བདེ་སྲུང་སྐོར་གྱི་རྒྱུན་ཤེས་སྣ་ཚོགས་རང་ནུས་ཅི་ལྕོགས་ཀྱིས་སློབ་སྦྱོང་བྱས་ནས་ཁྱབ་བསྒྲགས་བྱས་མྱོང་བ་དང་། ཐོག་མར་བུད་མེད་མི་ཉུང་བ་ཞིག་གིས་འཕྲོད་བསྟེན་འདིའི་རིགས་དང་ལེན་བྱེད་དཀའ་བ་དང་འཛེམ་དོགས་བྱེད་པ་སོགས་ཀྱི་གནས་ཚུལ་འབྱུང་མོད། ཡུན་གྱིས་བུད་མེད་ཚོས་འཕྲོད་བསྟེན་གྱི་དགེ་མཚན་ཤེས་ནས་རང་གིས་རང་ལ་སྲུང་སྐྱོབ་ལེགས་པོ་བྱེད་བཞིན་ཡོད། འདི་ནི་ང་ལ་མཚོན་ན་སྡེ་བ་འདིར་ཕུལ་བའི་ལེགས་སྐྱེས་དང་པོ་ཡིན།

1966ལོར་ང་ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའི་ཨུ་ཡོན་དང་སྡེ་དམངས་ཨུ་ཡོན་དུ་བདམས་པ་ནི་ང་ལ་མཚོན་ན་མི་ཚེ་འདིར་སྤོ་མ་མྱོང་བའི་ཐེམ་སྐས་གསར་བ་ཞིག་རེད། ང་ནི་སློབ་གྲྭར་འགྲོ་མ་མྱོང་བས་སྡེ་བའི་འཐུས་མིའི་བྱ་བ་བསྒྲུབ་རྒྱུ་དེ་ཧ་ཅང་དཀའ་ཁག་ཆེན་པོ་ཞིག་ཏུ་གྱུར།  ཡིན་ན་ཡང་འདིའི་ཕྱོགས་ལ་འབད་པ་བྱེད་འདོད་ཀྱི་སེམས་ཤུགས་དེ་དུས་ནམ་ཡང་ཡལ་མ་མྱོང་།  1971ལོར་ངས་ཉིན་ཞྭ་སྡེ་བའི་བུད་མེད་ཀྲུའུ་རིན་གྱི་འགན་ཁུར་ཏེ་རིམ་བཞིན་སྡེ་བའི་སྡེ་དཔོན་ལས་བྱེད་པའི་མཛུབ་སྟོན་ལྟར་སྐད་གཉིས་རྒྱུན་ཤེས་སྐོར་ལའང་སྔར་ལས་འབད་པ་ལྷོད་མེད་བྱས་པ་ཡིན། དེ་དུས་ཀྱི་ང་ལ་མཚོན་ན་བུད་མེད་ཀྲུའུ་རིན་གྱི་བྱ་བར་ཉམས་མྱོང་མེད་པས། དེ་ནི་རང་ཁྱིམ་ལ་གཙང་སྦྲ་བྱེད་པ་ལྟ་བུའི་ལས་ཀ་ཞིག་གཏན་ནས་མ་ཡིན་པར། རྒྱུན་དུ་ཁྱིམ་ཁ་སྒོ་ཉུལ་བྱས་ནས་འཆར་ལྡན་བུ་སྐྱེས་ཕྱོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས་ལ། བྱ་བ་འདིར་ཤ་ཉེ་དུ་གཙོ་བྱས་སྡེ་མི་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་མི་བྱེད་པར་མ་ཟད། སྐད་ཆ་འདྲ་མིན་སྣ་ཚོགས་བཤད་པ་ང་ཡི་རྣ་ལམ་དུ་གྲགས་འོང་དུས་བྱ་བ་བསྒྲུབ་པའི་སེམས་ཤུགས་ཉམས་མྱོང་ལ། སྐབས་དེར་ཁྱིམ་ཚང་མང་པོ་ཞིག་འཆར་ལྡན་བུ་སྐྱེས་ལ་འགལ་ནས་འཚོ་བར་དཀའ་ཁག་འབྱུང་བཞིན་པ་བསམ་ན། ཡང་བསྐྱར་ལྷག་བསམ་གཙང་མས་ཁོ་ཚོར་འཆར་ལྡན་བུ་སྐྱེས་སྐོར་གྱི་སློབ་གསོ་དང་འཕྲོད་བསྟེན་སྐོར་གྱི་སློབ་སྦྱོང་གི་འདུ་ཤེས་ཆགས་སུ་འཇུག་དགོས་པའི་ཀུན་སློང་ཞིག་ང་ལ་སེམས་གཏིང་ནས་སྐྱེས་ཏེ། སླར་ཡང་ལས་ཀ་འདིར་འཇུས་ཏེ་རང་གི་བུ་ཕྲུག་ཐོག་མར་སློབ་གྲྭར་བསྐྱལ་ནས་སྡེ་བ་འདིའི་བྱིས་པ་དག་ལ་སློབ་གསོའི་ལམ་ཁ་ཐོག་མ་བསྐྲུན།

འགན་གཙང་ལེན་སྐབས་ཀྱི་ང་ཚོའི་སྡེ་བ་ནི་ཆ་རྐྱེན་ཤིན་ཏུ་ཞན་ལ་ཁྱིམ་ཚང་རང་རང་གི་རྩྭ་སར་ལྕགས་དྲ་འཐེན་པའི་ཆ་རྐྱེན་ཡང་མེད་སྟབས། སྡེ་བ་དང་ཁྱིམ་ཚང་བར་ལ་ས་རྩོད་ཆུ་རྩོད་དུས་རྒྱུན་དུ་འབྱུང་བས། ངས་ཀྱང་སྡེ་བ་འདི་འཕེལ་རྒྱས་ཀྱི་ལམ་ཁར་ཞུགས་དགོས་ཚེ་ངེས་པར་དུ་སྡེ་བ་ཕན་ཚུན་འགྲིག་མཐུན་དང་ཁྱིམ་ཚང་བར་ལ་གྲོས་ཡོང་བྱེད་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བསམ་ནས། དུས་རྒྱུན་འཆར་ལྡན་བུ་སྐྱེས་ཁྱབ་བསྒྲགས་ཀྱི་ཞོར་དུ་ཕན་ཚུན་བར་གྱི་མཐུན་སྒྲིལ་གནད་དུ་འཛིན་དགོས་ལུགས་དང་། རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་དར་སྤེལ་བྱ་དགོས་ཚུལ་སོགས་ལོ་མང་ལ་བཤད་མཐར། རིམ་བཞིན་སྡེ་བའི་མཐུན་སྒྲིལ་ཇེ་ལེགས་དང་ཁྱིམ་མཚེས་ཀྱི་གྲོས་ཁ་ཇེ་མཐུན་དུ་སོང་ཏེ་ད་ལྟའི་རྫོང་ཡོངས་ཀྱི་སྔོན་ཐོན་སྡེ་བར་གྱུར་བའི་གྲུབ་འབྲས་བླ་མེད་བླངས་ཡོད།

ཨ་ནེ་མེ་ཏོག་གི་ལྷག་བསམ་གཙང་མ་དང་ལང་ཚོའི་གསོན་ཤུགས་ཡོད་ཚད་སྟག་གཡག་རྩྭ་ཐང་གི་འབྲོག་སྡེ་འདིར་ཕུལ་བས། ཁོ་མོ་ལ་ལོ་རབས་དགུ་བཅུའི་སྐབས་ཀྱི་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གསུམ་བརྒྱད་དར་ཆ་བསྒྲེངས་མཁན་གྱི་བྱ་དགའི་མཚན་སྙན་ཐོབ་ལ། གཞན་ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱི་དམངས་ཆེན་འཐུས་མི་ཡང་ཡིན། ཁོ་མོ་ནི་སྟག་གཡག་རྩྭ་ཐང་གི་སྙིང་སྟོབས་ཀྱི་དན་རྟགས་ཡིན་ལ། འབྲོག་སྡེ་ཆེན་མོ་འདིར་འཕེལ་རྒྱས་ཀྱི་ལམ་བུ་བསྐྲུན་པའི་སྣེ་ཁྲིད་པ་ཞིག་ཀྱང་ཡིན་པ་གཞི་ནས་རྟོགས་སོང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།