དུས་རབས་གསར་བའི་མཛངས་མི།
2020.04.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 590

༼  བློ་མཐུན་ཏུའུ་ཧྲི་ཧེ་ལ་སློབ་སྦྱོང་བྱས་ཏེ། ང་ཚོས་མེ་གསོད་རུ་ཁག་ནས་མཛེས་པའི་ཡུས་ཧྲུའུ་ལ་བྱས་རྗེས་གསར་བ་འཇོག༽ 

ལྷག་བསམ་གྱི་འབོད་སྐུལ་ཅིག་གིས

ཡིད་ཆེས་ཀྱི་བློ་སྤོབས་ཤིག་གིས

རྗེས་དྲན་གྱི་ང་རོ་ཞིག་གིས

དུས་རབས་གསར་བའི་དཔའ་བོ་ཞིག་གི་མཛད་པ་བརྗོད་ཡོང་།

མི་རབས་རྗེས་མ་དག་གི་དཔའ་ངར་གྱི་དཔུང་ཤ་བསྒུལ་ཡོང་།

གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་མེ་གསོད་རུ་ཁག་ཏུ་ཕྱིན་པ་ན། ལུས་བོང་ཆུང་ཞིང་གདོང་ལ་འཚེར་སྣང་དོད་པ། སྐད་ཆའི་གདངས་ལ་སི་ཁྲོན་གྱི་ཡུལ་སྐད་འདྲེས་ཆེ་བའི་བློ་མཐུན་ཏུའུ་ཧྲི་ཧེ་དང་དངོས་སུ་མཇལ།

ཏུའུ་ཧྲི་ཧེ་ནི་དམག་ནང་དུ་ཞུགས་ནས་ལོ་ངོ་བཅུ་དྲུག་འགོར་བ་དང་། སྔ་རྗེས་སུ་མེ་གསོད་དང་ཉེན་སེལ་མྱུར་སྐྱོབ་ཀྱི་ལས་འགན་སྟོང་གཅིག་དང་ལྔ་བརྒྱ་ལྷག་ལེགས་གྲུབ་བྱས་ཤིང་། དེའི་ཁྲོད་གནོད་ཐེབས་མང་ཚོགས་བཞི་བརྒྱ་ལྷག་ཙམ་ཉེན་ཁའི་གནས་ལས་བསྐྱབས། དེ་མིན་སྤྱི་ཚོགས་རོགས་སྐྱོབ་ཐེངས་ལྔ་བརྒྱ་ལྷག་ཙམ་བྱས་པའི་ངོ་མཚར་གྱི་གཏམ་རྒྱུད་དང་གཟི་བརྗིད་ཀྱི་མཚན་རྟགས་མང་པོ་ཐོབ་མྱོངས་ལ། 2006ལོའི་ཟླ་བཅུ་པར་སྤྱི་བདེ་པུའུ་མེ་གསོད་ཅུའུ་ཡིས“རྒྱལ་ཡོངས་སྤྱི་བདེ་མེ་གསོད་དཔུང་སྡེའི་སྔོན་ཐོན་མི་སྒེར”དུ་བདམས་པ་དང་། 2006ལོའི་ཟླ་བཅུ་གཉིས་པར“མཚོ་སྔོན་གྱི་མེ་གསོད་སྲུང་དམག་ཆེན་པོ་བཅུའིགྲས་སུ་བདམས། 2007ལོ་ནས2008ལོའི་བར་སྔ་གཞུག་ཏུ་ཀྲུང་གོའི་སྐབས་བཅུ་གཅིག་པའི་“ལྔ་བཞིའི་གཞོན་ནུའི་གཟེངས་རྟགས”དང་། “ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་ཡང་གནང་། ལྷག་པར་ཏུ4.14ཡུས་ཧྲུའུ་ས་འགུལ་བྱུང་བའི་སྐབས་སུ། ཕ་ཡུལ་དུ་གུང་གསེང་གཏོང་བཞིན་པའི་ཏུའུ་ཧྲི་ཧེ་ཡིས་རང་འགུལ་སྒོས་གོང་རིམ་འབྲེལ་ཡོད་སྡེ་ཁག་ལ་གནོད་ཐེབས་ས་ཁུལ་གྱི་མྱུར་སྐྱོབ་ལས་ཡུལ་དང་པོར་འགྲོ་བའི་རེ་ཞུ་བཏོན་ཏེ། ཁོའི་འཐབ་གྲོགས་ང་བཞི་དང་ལྷན་ཅིག་སྔ་བ་གསུམ་གྱི་སྔོན་མ་བྱས་ནས་གནོད་ཐེབས་ས་ཁུལ་དུ་འབྱོར། གནོད་སེལ་མྱུར་སྐྱོབ་ཀྱི་ཉིན་བཅོ་ལྔའི་རིང་། ཏུའུ་ཧྲི་ཧེ་ཡིས་རང་སྲོག་གི་ཉེན་ཁར་མ་འཛེམ་པར་གནོད་ཐེབས་ཁྲོད་ཀྱི་མི་བདུན་ཙམ་ཉེན་ཁའི་གནས་ལས་བསྐྱབས་ཤིང་། རྐྱེན་ལམ་དུ་ཤོར་བའི་འདས་པོ་བཅུ་དགུ་ཡི་ཕུང་པོ་སྔོག་འདོན་བྱས་པ་དང་། རིན་འབོར་སྒོར་འབུམ་གཉིས་ལྷག་ཙམ་གྱི་རྒྱུ་ནོར་མྱུར་སྐྱོབ་བྱས་པས།  2010ལོའི་ཟླ་བདུན་པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཡོམ་འགོག་གནོད་སེལ་དཔེ་བཟང་མི་སྣའི་ཆོ་ལོ་བསྩལ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་མེ་གསོད་རུ་ཁག་གི་རུ་གཙོ་གཞོན་པ་རིན་ཆེན་བྱམས་ཀྱིས་བཤད་རྒྱུར།

“བློ་མཐུན་ཏུའུ་ཧྲི་ཧེ་ལ་མཚོན་ན། ཡུས་ཧྲུའུ4.14ས་འགུལ་བྱུང་བའི་སྐབས་སུ་བྱས་རྗེས་འབུར་ཐོན་བཞག་པའི་མི་སྣ་ཞིག་ཡིན། སྐབས་དེར་ཁོ་རང་ཟི་ལིང་གི་ཆེས་སྤྱིར་བཏང་གི་དམག་མི་ཞིག་ནས་ས་འགུལ་སྐབས་འདིར་འོངས་ཏེ། མི་མང་པོ་བསྐྱབས་པ་དང་བྱས་རྗེས་ཆེན་པོ་བཞག་པས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་མེ་གསོད་མི་སྣར་བདམས་ཐོན་བྱུང་བ་རེད། དེ་བས་ཁོ་རང་ཉིད་ཀྱིས་ཀྱང་གོ་སྐབས་འདི་ལྟ་བུ་རེག་ཐུབ་པ་བྱུང་བར་བཀའ་དྲིན་གཟོ་ཕྱིར་ཡུས་ཧྲུའུ་གྱི་ས་འདིར་འོང་སྟེ 2013 ལོ་ནས་ད་ལྟའི་བར་ཡུས་ཧྲུའུ་གྲོང་ཁྱེར་མེ་གསོད་རུ་ཁག་ནས་བྱ་བསྒྲུབས་པ་རེད། ང་ཚོའི་ལས་ཁུངས་སུ་ཁོ་དང་ཁོ་ལྟ་བུའི་ཡུས་ཧྲུའུ་ས་འགུལ་སྐབས་སུ་བྱས་རྗེས་འབུར་ཐོན་བཞག་མྱོངས་བའི་མི་སྣ་ད་དུང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་མི་སྣ་གཉིས་དང་ཁོ་རིམ་པའི་ལས་བྱེད་པ་གསུམ་ཙམ་ཞིག་ཡོད། མ་འོངས་པར་ང་ཚོས་མུ་མཐུད་དུ་བློ་མཐུན་ཏུའུ་ཧྲི་ཧེ་ལྟ་བུའི་དཔེ་ལེགས་མི་སྣ་གང་མང་སྐྱེད་སྲིང་བྱས་ཏེ། ཡུས་ཧྲུའུ་གསར་བར་བྱས་རྗེས་འཇོག་པའི་ཆོད་སེམས་བརྟན་པོ་ཡོད།”

2008ལོའི་ཟླ6པའི་ཉིན་ཞིག་ལ། གྲོང་ཁྱེར་ག་གེ་མོ་ཞིག་གི་ཟ་ཁང་ཞིག་ལ་མེ་སྐྱོན་བྱུང་བ་དང་། ཟ་ཁང་ནང་དུ་གཤེར་གཟུགས་རླངས་སྣོད་དགུ་དང་། ད་དུང་ཉེ་འཁོར་ཏུ་ཚོང་ཁང་དང་མི་ཚོགས་མང་བར་མ་ཟད། ཚོང་ར་དེའི་ནང་གི་ཚོང་ཟོག་གི་རིན་ཐང་སྒོར་བྱེ་བ་ལྷག་ཡིན་པས། འབར་གས་ཀྱི་དོན་རྐྱེན་བྱུང་ཚེ། དེའི་མཇུག་འབྲས་བློ་ཡུལ་ལ་ཤོང་དཀའ་བ་ཞིག་འབྱུང་སྲིད།  དེ་འདྲའི་ཉེན་ཁ་ཆེ་བའི་དུས་སུ། བློ་མཐུན་ཏུའུ་ཧྲི་ཧེ་ལ་འཇིགས་སྣང་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དམར་འོད་མཆེད་མཆེད་ཀྱི་མེ་ལྕེའི་ཁྲོད་མཆོང་སྟེ། གཤེར་གཟུགས་རླངས་སྣོད་གསུམ་བསྟུད་མར་སྒོའི་ཕྱིར་བཏོན་རྗེས། ཁོའི་གདོང་ལ་གྱོན་པའི་དབུགས་འབྱིན་རྔུབ་འཕྲུལ་ཆས་ཀྱི་ངོ་ཁེབས་དེ་མེས་ཚིག་ནས་གདོང་གི་ཤ་ཡང་གཞོབ་དྲེག་ཆགས་ཏེ་དམར་རྗེན་དུ་ཕྱིར་མངོན་འདུག ཡིན་ནའང་། ཁོའི་དཔའ་ངར་ལ་ཞུམ་པ་མེད་ཀྱང་སྔར་བཞིན་སྤོབས་པའི་ཨམ་གཙིགས་བསྡམས་ནས་བཤེར་གཟུགས་རླངས་སྣོད་དེ་དག་རེ་རེ་བཞིན་བདེ་འཇགས་སྒོས་ཕྱིར་བཏོན།

འདི་ལྟ་བུའི་ངོ་མཚར་གཏམ་རྒྱུད་རེ་རེ་ནི་ང་ཚོ་མི་ཕལ་བ་ཞིག་ལ་མཚོན་ན་དཀའ་མོའི་ལ་དང་དཀོན་མོའི་ཆུ་ཡིན་ནའང་། བློ་མཐུན་ཏུའུ་ཧྲི་ཧེ་ལ་མཚོན་ན་དེ་ནི་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་དང་ལས་དོན་འགང་ཆེན་ཞིག་ཏུ་ངོས་བཟུང་ཡོད་པ་ཁོའི་ཁེངས་སྐྱུང་གི་རྣམ་འགྱུར་དང་བབས་ཆགས་ཀྱི་སྨྲ་བརྗོད་རེ་ལས་ཀྱང་རང་བཞིན་གྱིས་རྟོགས་ཐུབ།

དོན་ངོ་མར་བཤད་ན། ང་ཚོའི་མེ་གསོད་རུ་ཁག་འདིའི་རྩ་འཛུགས་དང་འཐབ་གྲོགས་ཚང་མས་ང་ལརྒྱལ་ཡོངས་ཀྱི་ཕུལ་བྱུང་མེ་གསོད་རུ་མིཞེས་པའི་གཟི་བརྗིད་མཚན་སྙན་ཞིག་གནང་བར་ང་རང་མི་སྒེར་རང་ངོས་ནས་བཤད་ན་དངོས་གནས་བསོད་ནམས་ཡག་པོ་རེད་བསམ་ཡོད། ང་རང་མེ་གསོད་རུ་ཁག་གི་བྱ་བའི་ལས་རྐང་འདིར་ཞུགས་པ་ནས་ད་ལྟའི་བར་རྩ་འཛུགས་དང་འཐབ་གྲོགས་ཚང་མས་ཐུགས་ཁུར་དང་གཟིགས་སྐྱོང་གི་འོག་ནས་རིམ་བཞིན་འཚར་ལོངས་བྱུང་སྟེ་དེ་རིང་གི་གྲུབ་འབྲས་འདི་ལྟ་བུ་ཞིག་རེག་ཐུབ་པ་བྱུང་བར་དུས་རབས་འདི་དང་རྩ་འཛུགས་འདི་ལ་བཀའ་དྲིན་ཞུ་དགོས་ཡོད། སྤྱིར་ན་ངས་སྒྲུབ་པའི་ལས་ཀ་དག་ནི་ཆེས་སྤྱིར་བཏང་དང་། ཡང་ན་མེ་གསོད་རུ་མི་ཞིག་གིས་སྒྲུབ་འོས་པའི་ལས་ཀ་ཅིག་ལས་འདས་ཡོད་པ་མ་རེད། ཡིན་ཡང་གོང་རིམ་རྩ་འཛུགས་ཀྱིས་ང་ལ་འདི་ལྟ་བུའི་གདེང་འཇོག་གནང་ཡོང་ཚེ། དངོས་གནས་གནོན་ཤུགས་ཀྱང་མི་ཉུང་བ་ཞིག་ཡོད་འདུག་མོད། རྩ་འཛུགས་ཀྱི་རེ་བ་མ་བཅག་པར་མུ་མཐུད་དུ་བྱ་བའི་ལས་རྐང་འདི་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པའི་འདུན་པ་སྔར་ལས་བརྟན་པོ་བཅང་ཡོད།

2014ལོའི་ཟླ6ཚེས་27ཉིན། བསྟུད་མར་ཉིན་འགའི་རིང་ལ་དྲག་ཆར་བབས་པས། རྫ་ཆུའི་སྟོད་རྒྱུད་དང་རྨ་ཆུའི་བཞུར་རྒྱུད་ཀྱི་འདྲེས་མདོ་ཞིག་ཏུ་ཆུ་ལོག་རྒྱུག་སྟེ། བྱེ་རྡོ་བཟོ་གྲྭ་ཞིག་གི་མཐའ་འཁོར་གྱི་འགྲོ་ལམ་ཚང་མ་ཆུས་ཁུར་ནས་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ་གྱུར་བ་དང་། བྱེ་རྡོ་བཟོ་གྲྭའི་མི་དྲུག་ཛ་དྲག་གི་ཉེན་ཁའི་གནས་སུ་གྱར་བས་། བློ་མཐུན་ཏུའུ་ཧྲི་ཧེ་ཡིས་སྲོག་ཉེན་ལ་མ་འཛེམ་པར་མེ་གསོད་རུ་ཁག་གི་སྣ་དྲངས་ཏེ་ཆུ་ཚོད་སུམ་ཅུ་ཡས་མས་ལྷག་ལ་ཡུལ་དངོས་སུ་མྱུར་སྐྱོབ་འཕྲལ་སྒྲུབ་བྱས་པས་ཉེན་ཁའི་ཁྲོད་ཀྱི་མི་དྲུག་པོ་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་། བློ་མཐུན་ཏུའུ་ཧྲི་ཧེ་ནི་མེ་གསོད་རུ་ཁག་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་གདོང་མཆོང་དཔའ་བོ་ཞིག་ཡིན་ལ། ཁོས་དམག་མི་གསོ་སྐྱོང་གི་ལག་ལེན་དངོས་ཀྱི་ཁྲོད་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མི་ཆོས་བསམ་བློ་དང་སློབ་གསོའི་འདུ་ཤེས། དོ་དམ་བྱེད་སྟངས་བཅས་བཀོལ་བར་དོ་སྣང་ཆེན་པོ་བྱེད་ཅིང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུའང་ཁོ་ནི་ལྷག་བསམ་དང་སྙིང་རྗེ་ལྡན་པའི་འཐབ་གྲོགས་ཚོའི་ཁྲོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན།  འཐབ་གྲོགས་རེ་རེའི་མི་གཤིས་སྤྱོད་ལམ་དང་དགའ་ཕྱོགས། ཁྱིམ་ཚང་གི་གནས་ཚུལ་ཚང་མ་ཁོ་ལ་རྒྱུས་ལོན་ཟབ་མོ་ཡོད་པར་མ་ཟད། བྱ་བ་ཙག་ཙིག་ཅི་ཞིག་ཡིན་ཡང་འཐབ་གྲོགས་ཕན་ཚན་བར་རོགས་རེས་བྱེད་རྒྱུར་དགའ་བས་བློ་མཐུན་ཏུའུ་ཧྲི་ཧེ་ནི་འཐབ་གྲོགས་ཀུན་གྱི་སེམས་ཀྱིས་དད་ས་དང་མིག་གིས་བལྟ་སར་གྱུར་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་མེ་གསོད་རུ་ཁག་གི་རུ་མི་བསོད་ནམས་རྡོ་རྗེ་ཡིས་བཤད་རྒྱུར།

ངའི་མིང་ལ་བསོད་ནམས་རྡོ་རྗེ་ཟེར། ང་རང2019ལོའི་ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་མཚོ་སྔོན་གྱི་མེ་གསོད་རུ་ཁག་གི་གྲལ་དུ་ཚུད་པ་རེད། དེ་ནས་ཟླ་བ་བརྒྱད་ཙམ་གྱི་རིང་ལ་མཚོ་ཤར་གྲོང་ཁྱེར་ནས་སློབ་སྦྱོང་བྱས་ནས་སྡོད་དགོས་པ་བྱུང་ཞིང་། དེའི་སྐབས་སུ་བློ་མཐུན་ཏུའུ་ཧྲི་ཧེ་ཡི་མཚན་སྙན་ཐོས་མྱོངས་ལ། དྲ་ལམ་སོ་སོ་ནས་ཁོའི་ལོ་རྒྱུས་ཐུང་ངུ་རེ་ཡང་་བལྟས་མྱོངས། དེ་ནས་ཟླ་བ་བརྒྱད་འགོར་རྗེས་སུ་ང་ཚོར་ལས་བགོས་བྱས་ཏེ་ང་རང་ཡུས་ཧྲུའུ་གྲོང་ཁྱེར་མེ་གསོད་རུ་ཁག་ཏུ་ཡོང་དགོས་པ་བྱུང་། བྱ་བའི་ལས་རྐང་དུ་ཞུགས་མ་ཐག་ཏུ་བྱ་བའི་ཉམས་མྱོངས་དང་ལག་ལེན་ཅི་ཡང་མེད་པས་དཀའ་ལས་ཅུང་མང་པོ་རེག་དགོས་པ་བྱུང་ཡང་། སྟབས་འགྲིག་པ་ཞིག་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་མེ་གསོད་རུ་མི་བློ་མཐུན་ཏུའུ་ཧྲི་ཧེ་ཡང་ང་ཚོའི་རུ་ཁག་འདིར་ཡོད་པས་གོ་སྐབས་བཟང་བོ་རེད་སྙམ་སྟེ་ཁོང་ལ་སློབ་སྦྱོང་བྱས་པ་ཡིན། མ་འོངས་པར་ཡང་བློ་མཐུན་ཏུའུ་ཧྲི་ཧེ་ལ་སློབ་སྦྱོང་དང་མིག་དཔེར་བཟུང་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་ཡང་ན་ཁོང་ལྟ་བུའི་དམག་མི་བཟང་བོ་ཞིག་བྱ་རྒྱུ་ནི་ངའི་མི་ཚེའི་དམིགས་ཡུལ་ཡིན།

དུས་རབས་གསར་བའི་དཔའ་བོ། ཏུའུ་ཧྲི་ཧེ་ལྟ་བུའི་མི་བུ་འཇོན་ཐང་ཅན་དག་ལ་རྗེས་སུ་ཡི་རང་དང་མིག་དཔེར་བཟུང་ནས། ང་ཚོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་བགྲོད་ལམ་སྟེང་། མཛེས་པའི་ཡུས་ཧྲུའུ་ལ་ཞབས་ཞུ་བསྒྲུབ་དགོས། བསྟོད་གླུ་ལེན་དགོས།

༼  བློ་མཐུན་ཏུའུ་ཧྲི་ཧེ་ལ་སློབ་སྦྱོང་བྱས་ཏེ། ང་ཚོས་མེ་གསོད་རུ་ཁག་ནས་མཛེས་པའི་ཡུས་ཧྲུའུ་ལ་བྱས་རྗེས་གསར་བ་འཇོག༽ 


རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། ལྷ་རྒྱལ་བཀྲ་ཤིས།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།