ལོ་བཅུའི་འཕོ་འགྱུར་ཁྲོད་ཀྱི་ཉི་ཁྲི་དང་ཆུ་ཁྲི་བཟའ་ཟླ་གཉིས།
2020.04.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

ཡུས་ཧྲུའུ་གྲོང་ཁྱེར་ཁྲ་འགུ་སྡེ་བ་ནི་ཡུས་ཧྲུའུ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སྤྱི་ལེ15ཙམ་གྱི་མཚམས་སུ་ཆགས་ཡོད་ལ། ཉིས་སྟོང་བཅུ་ལོའི4·14ཡུས་ཧྲུའུ་ས་ཡོམ་སྐབས་སུ་སྡེ་བའི་མང་ཚོགས་ཀྱི་སྡོད་ཁང་ལ་གནོད་སྐྱོན་ཚབས་ཆེན་ཐེབས། ས་ཡོམ་བྱུང་ནས་ཉིན20ལས་མ་འགོར་བར་ཁྲ་འགུ་སྡེ་བའི་བསྐྱར་སྐྲུན་མགོ་བརྩམས་པ་དང་། ཟླ་བ་བཞིའི་ནང་ལ་འཛུགས་སྐྲུན་ཡོངས་སུ་གྲུབ་པ་རེད། བསྐྱར་སྐྲུན་བྱས་ནས་ལོ་ངོ་བཅུ་འགོར་བའི་དེ་རིང་། ཁྲ་འགུ་སྡེ་བའི་མདུན་བསྐྱོད་ཀྱི་གོམ་ཁར་སྔར་བཞིན་མཚམས་འཇོག་པ་མེད་ཅིང་། མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ཡང་གཞན་གྱིས་སྨོན་པའི་ཡུལ་དུ་གྱུར་ཡོད།

ཉི་ཁྲི་དང་ཆུ་ཁྲི་བཟའ་ཟླ་གཉིས་ནི་ཁྲ་འགུ་སྡེ་བའི་མང་ཚོགས་དཀྱུས་མ་གཉིས་ཡིན། “2010ལོའི་ཡུས་ཧྲུའུ་ས་ཡོམ་མ་བྱུང་སྔོན་ལ་ངེད་བཟའ་མི་གང་པོ་ས་ཁང་ཞིག་ཏུ་བསྡད་ཡོད་པ་དང་། སྐབས་དེ་དུས་ཆུ་དང་གློག དྲ་རྒྱ་སོགས་ཅི་ཡང་མེད། ཆ་རྐྱེན་སྡུག་པོ་ཡིན”ཅེས་ཉི་ཁྲིས་གསར་འགོད་པར་དེ་ལྟར་ལབ་བྱུང་། ད་ལྟ་ཁོ་ཚང་སོ་ཕག་ལས་བརྩིགས་པའི་ཁང་པ་སྨི་གྲུ་བཞི་མ80ཅན་ཞིག་ཏུ་བསྡད་ཡོད་ཅིང་། ཆུ་དང་གློག དྲ་རྒྱ། ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་ཆ་ཚང་བར་འདུག ཁང་པ་དེ་ནི་ཡུས་ཧྲུའུ་བསྐྱར་སྐྲུན་སྐབས་སུ་འཛུགས་སྐྲུན་བྱས་པ་ཡིན་ལ། ས་ཡོམ་བྱུང་ནས་ལོ་གཅིག་ལྷག་ལས་མ་འགོར་བར་ཁོ་ཚང་གིས་འགྲོ་སྒོ་ཅི་ཡང་གཏོང་མ་དགོས་པར་ཁང་པ་གསར་པ་དེའི་ནང་འདུག་ཐུབ་པ་བྱུང་བ་རེད།

ཉི་ཁྲིས་དབྱར་ཁར་རླངས་འཁོར་བསྐོར་ཏེ་ཡུལ་སྐོར་པ་འགྲུལ་སྐྱེལ་བྱས་ནས་གླ་ལེན་པ་དང་ཡུལ་སྐོར་པ་ཉུང་བའི་དུས་ཚིགས་སུ་ཚོང་བརྒྱབ་ནས་སྒོར་མོ་འཚོལ་བཞིན་ཡོད་ལ། ཁོའི་བཟའ་ཟླ་ཆུ་ཁྲི་ནི་སྡེ་ཁུལ་གྱི་ཁོར་ཡུག་གཙང་བཟོ་པ་ཞིག་ཡིན་ཞིང་ཟླ་ཕོགས་ལེན་བཞིན་ཡོད་པ་དང་། ཁོ་བཟའ་ཟླ་གཉིས་ཀྱི་ཡོང་འབབ་ཀྱིས་ཁྱིམ་ཚང་གི་འཚོ་བའི་འགྲོ་སྒོ་དང་བྱིས་པ་གཉིས་སློབ་གྲྭར་སྐྱེལ་བར་འདང་ངེས་ཡོད་པ་རེད། “ལོ་རེར་ཡོང་སྒོ་སྒོར་ཁྲི6ནས7ཙམ་རག་ཐུབ་འདུག ད་དུང་རྩྭ་སའི་ཁ་གསབ་ལ་མི་རེར་སྒོར་དྲུག་བརྒྱ་རེ་ཡོད། འཚོ་བར་དཀའ་ཁག་མི་འདུག”ཅེས་གསར་འགོད་པས་འཚོ་བར་དཀའ་ཁག་ཅི་ཡོད་དྲིས་སྐབས་ཉི་ཁྲིས་ཡིད་ཚིམ་པའི་ངང་ལན་དེ་ལྟར་བཏབ་བྱུང་།

ཁོ་ཚང་ནི་ཁྲ་འགུ་སྡེ་བའི་སྐར་རིམ་ལྔའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་བཅུ་ཡི་གྲས་སུ་ཡོད་ཅིང་། ཉི་ཁྲིས་ནམ་རྒྱུན་ཁོའི་བུ་བུ་མོ་གཉིས་སློབ་གྲྭར་སྐྱེལ་བ་དང་མཉམ་དུ་སྡེ་བའི་ནང་གི་རླངས་འཁོར་མེད་པའི་ཁྱིམ་ཚང་གི་བྱིས་པ་དག་ཀྱང་རིན་མེད་སྒོས་ཕར་སྐྱེལ་ཚུར་ལེན་བྱེད་བཞིན་ཡོད། “བྱིས་པ་ཚོ་ཕར་སྐྱེལ་ཚུར་ལེན་བྱས་ནས་ལོ་ངོ་དྲུག་བདུན་ཙམ་ཞིག་འགོར་སོང”ཞེས་ཁེངས་སྐྱུང་དང་བཅས་ཏེ་བཤད་བྱུང་། ད་དུང་དེ་གཅིག་པུ་མ་ཡིན་པར་ཉི་ཁྲི་དང་ཆུ་ཁྲི་བཟའ་ཟླ་གཉིས་གཞན་ལ་རོགས་རམ་བྱེད་པར་དགའ་བ་དང་འཆམ་མཐུན་ལ་དགའ་བ་སོགས་ཀྱི་རྐྱེན་གྱིས་སྡེ་བའི་ནང་ཁོ་གཉིས་ཁས་མི་ལེན་པ་མེད།

ཉི་ཁྲི་དང་ཆུ་ཁྲི་བཟའ་ཟླ་གཉིས་ཀྱིས་སྤྱིར་བཏང་གི་འཚོ་བའི་ལམ་ནས་ལོ་ངོ་བཅུའི་བསྐྱར་སྐྲུན་གྱི་འོད་སྟོང་འཕྲོ་བའི་བཞུད་ལམ་ཟིན་ཐོར་བཀོད་ཡོང་ཞིང་། སྤྱིར་བཏང་གི་མི་ཞིག་གིས་གོད་ཆགས་ལ་ཡ་ལན་སྤྲོད་པའི་སྙིང་སྟོབས་དར་སྤེལ་བཏང་ཡོད།

                                                                                                             རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།