སྒེར་སེམས་མེད་པར་ཡོད་ཚད་འབུལ་བའི་རྐང་རྗེན་སྨན་པ།
2020.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

—མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་དར་ལུང་སྡེ་བའི་སྨན་པ་བཀྲ་བྷོ་ཡི་གནས་ཚུལ།

བཀྲ་བྷོ་སྡེ་དམངས་ཀྱི་ཁྱིམ་དུ་སོང་ནས་རུས་པ་མཐུད་བཞིན་པ།

མི་ལ་ལས་རང་ཉིད་ཀྱི་ལག་པ་གཡོན་པས་ལག་པ་གཡས་ལ་དྲོད་སྟེར་བ་རང་ནུས་ཤིག་ཡིན་པ་དང་། རང་ཉིད་ཀྱི་ལག་པ་གཉིས་ཀྱིས་མི་གཞན་གྱི་ལག་པར་དྲོད་སྐྱིད་སྦྱིན་པ་ནི་ལེགས་སྐྱེས་འབུལ་བ་ཞིག་རེད་ཟེར།

ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་མང་ཚོགས་ཀྱི་ཁ་ནས་བོད་རིགས་སྨན་པ་ཞིག་གི་མི་སེམས་འགུལ་བའི་གཏམ་རྒྱུད་དུས་ནམ་ཡང་ཐོས་ཐུབ། ཁོའི་མིང་ལ་བཀྲ་བྷོ་ཟེར་ཞིང་། ཁོ་རང་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་དར་ལུང་སྡེ་བ་ནས་སྐྱེས་པའི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ་སྡེ་བའི་སྨན་པ་རེད། ས་གནས་དེ་གའི་མི་རྣམས་ཀྱིས་ཁོ་ལ“རྐང་རྗེན་སྨན་པ”དང་། “མི་བཟང་བཀྲ་བྷོ”ཞེས་འབོད་ཀྱིན་ཡོད། ཁོ་རང་གླེང་ཚེ་མི་ཤེས་མཁན་དང་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད།

“སྨན་པ་བཀྲ་བྷོ་ང་ཚོའི་གནས་འདིར་མིང་གྲགས་ཧ་ཅང་ཆེ་ལ། ཁོ་རང་འཚོལ་མཁན་ཡང་མང་པོ་ཡོད་པ་མ་ཟད། འགྲོ་གྲོན་ཅི་ཡང་ལེན་བཞིན་མེད་པས་ང་ཚོས་ཁོ་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད་ཅེས་དར་ལུང་སྡེ་བའི་སྡེ་མི་ཚེ་རིང་རྒྱ་མཚོས་གསར་འགོད་པར་དེ་ལྟར་བཤད།

གཞི་རིམ་དུ་བསྡད་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཁོ་རང་རྐང་ཐང་དུ་སྐྱོད་པ་དང་། རྟ་བཞོན་པ། འཕྲུལ་རྟ་ཞོན་པ་བཅས་བྱས་ཏེ་སྨན་སྒམ་ཁུར་ནས་ཕ་ཡུལ་གྱི་གྲུ་ཟུར་རེ་རེར་བསྐྱོད་པ་དང་། སྨན་བཅོས་རོགས་སྐྱོབ་བྱས་མྱོང་མཁན་ཚང་མར་བདེ་ཐང་དང་རེ་བ་སྦྱིན་ཡོད། དྲིན་ལན་མི་བསམ་བའི་དམངས་ཁྲོད་ཀྱི་སྨན་པ་ཞིག་ཡིན་པའི་ངོས་ནས་དཀའ་ཚེགས་ཆེ་བའི་ལས་ཀ་དེ་ལས་རྒྱུ་ནི་ཁོའི་ཆུང་དུས་ཀྱི་བསམ་འདུན་ཞིག་རེད།

“ཆུང་དུས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཁྱིམ་ཚང་ཚང་མའི་དཔལ་འབྱོར་ཆ་རྐྱེན་ཡང་བཟང་རྒྱུ་མེད། ཁྱིམ་གྱི་མི་ཞིག་ལ་ནད་བྱུང་ཚེ་ལམ་ཐག་ཧ་ཅང་རིང་བའི་རྫོང་མཁར་དུ་འགྲོ་དགོས་པ་མ་ཟད། ད་དུང་སྒོར་མོ་མང་པོ་ཞིག་དགོས། གནས་འདིའི་མི་རྣམས་ནད་ལ་ལྟ་བའི་དངུལ་མེད་པ་མ་ཡིན་པར་ལམ་བར་དུ་ནད་ལ་སྟོན་པའི་དུས་ཚོད་འགོར་འགྱངས་བྱེད་ངེས་རེད་ཅེས་བཀྲ་བྷོས་ཕྱིར་དྲན་བྱས་ཏེ་བཤད། སྡོད་གནས་ས་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་བདེ་མིན་པ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པ་བཅས་ཀྱི་རྐྱེན་གྱིས་བྱིས་པའི་དུས་སུ་སྨན་པ་དཀོན་པ་དང་སྨན་ཉུང་བའི་འཚོ་བའི་ཁོར་ཡུག་ཁོའི་ད་ལྟའི་བར་དུ་བརྗེད་ཐབས་བྲལ། དེར་བརྟེན་ཉེ་འགྲམ་གྱི་འབྲོག་པར་ནད་ཡོད་ཚེ་ནད་བཅོས་བྱེད་མཁན་ཡོད་པ་དང་སྨན་འཐུང་རྒྱུ་ཡོད་པར་བྱེད་རྒྱུའི་བསམ་བློ་དེ་སྔ་མོ་ནས་ཁོའི་སེམས་སུ་བཟུང་ཡོད།

1990ལོར། གོ་སྐབས་ཤིག་བྱུང་ནས་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་དུ་སྐད་གྲགས་ཆེ་བའི་བོད་ལུགས་གསོ་རིག་གི་རུས་མཐུད་སྨན་བཅོས་སྨན་པ་འཇམ་བཟང་ལ་འཕྲད་པ་དང་། “སྨན་པ་འཇམ་བཟང་གི་རུས་སྦྱོར་ལག་རྩལ་དེ་ཁྱད་པར་བ་ཞིག་ཡིན་ལ། གཤགས་བཅོས་དང་ཁྲག་འདོན་གྱིན་མེད་པ་དང་། ལག་མྱུལ་བྱས་ནས་རུས་པ་སྦྱོར་བའི་བྱེད་ཐབས་བཀོལ་བཞིན་ཡོད་པས་ནད་པའི་ཁུར་པོ་ཇེ་ཡང་དུ་བཏང་ཡོད་པ་དང་ཞོར་སྐྱོན་གང་ཡང་མེད་ལ་མཇུག་རྐྱེན་ངན་པ་ཡང་སློང་མི་སྲིད། སྨན་བཅོས་བྱེད་ཐབས་དེས་དུས་ཚོད་ཐུང་ངུའི་ནང་དུ་ནད་པའི་ན་ཟུག་ཇེ་ཡང་དུ་གཏོང་ཐུབ།”སྐབས་དེར་ལོ་ཉེར་གཅིག་ལ་སླེབས་པའི་བཀྲ་བྷོ་རུས་སྦྱོར་གཤགས་བཅོས་ཀྱི་དྲག་སྐྱེད་དུས་ཚོད་ཐུང་བ་དང་། བསྐྱར་ལོག་རྒྱག་ཚད་དམའ་བ། དཔལ་འབྱོར་འགྲོ་གྲོན་ཉུང་བ་བཅས་ཀྱི་ཁྱད་ཆོས་ཀྱིས་ཡིད་དབང་བཀུག་པས། འཇམ་བཟང་དགེ་རྒན་ལ་བསྟེན་རྗེས། ལོ་ངོ་བདུན་གྱི་རིང་དམའ་རིམ་སློབ་མ་ཞིག་ནས་རུས་སྦྱོར་སྨན་བཅོས་ལག་རྩལ་བྱང་ཆུབ་པའི་ཚན་ཁག་ཡོངས་ཀྱི་སྨན་པ་ཞིག་ཏུ་གྱུར་པ་རེད།

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། བཀྲ་བྷོས་རུས་ཆག་ནད་པ་ལྔ་སྟོང་སུམ་བརྒྱ་ལྷག་ལ་སྨན་རིན་མི་དགོས་པར་རུས་ཆག་སྨན་བཅོས་བྱས་པ་དང་། དྲག་སྐྱེད་བྱུང་ཚད་བརྒྱ་ཆའི་གོ་ལྔའི་ཡན་ཟིན་ལ། ཁོའི་རུས་ཆག་སྨན་བཅོས་ལག་རྩལ་ལ་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པ་དང་། སྣེ་ལེན་བྱས་པའི་ནད་པའི་ཁྲོད་ས་གནས་མང་ཚོགས་ཡོད་པ་མ་ཟད། ད་དུང་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་རྫོང་གཞན་དག་ནས་ནད་ལ་སྟོན་དུ་ཡོང་བའི་ནད་པ་ཡང་ཡོད།

ད་ལྟ། ཁོའི་སེམས་ཁྲལ་བྱེད་པ་ནི་ལག་རྩལ་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་རེད། ཁོས་བཤད་རྒྱུར།“ལག་རྩལ་འདི་སློབ་པར་དཀའ་ལས་མྱངས་དགོས་ལ། སེམས་རྣལ་དུ་ཕབ་སྟེ་སློབ་སྦྱོང་བྱེད་པའི་ན་གཞོན་ཞིག་བཙལ་ནས་རྒྱུད་འཛིན་བྱེད་དུ་འཇུག་འདོད”ཟེར།

ནད་པར་མི་རིགས་ཀྱི་དབྱེ་བ་མེད་པ་དང་ཕྱོགས་རིས་མེད་པ་མ་ཟད། ཐ་ན་དམིགས་བསལ་གྱི་ནད་པ་ཁག་ཅིག་ལ་རང་ཉིད་ནད་པའི་ཁྱིམ་དུ་སོང་ནས་ཞབས་ཞུ་སྒྲུབ་བཞིན་ཡོད། སྨན་བཅོས་མཇུག་སྒྲིལ་རྗེས་ཁྱིམ་དུ་སོང་ནས་ལྟ་ཞིབ་བྱེད་བཞིན་ཡོད། ཐུན་ཏེ་ས་ཁུལ་གྱི་སྡེ་བ་ཆེ་ཆུང་ཚང་མས་ཁོའི་ཁ་པར་ཨང་གྲངས་ཉར་ཚགས་བྱས་ཡོད་པ་དང་། མཚམས་རེར་ཉིན་གཅིག་ལ་ཁ་པར་བརྒྱ་རེ་སྣེ་ལེན་བྱེད་ཀྱིན་ཡོད་པས། ཁོས་ཁ་པར་ཨང་གྲངས་གནའ་ནས་ད་བར་དུ་བརྗེ་མ་མྱོང་། ཁོ་རང་གནས་གང་དུ་ཡོད་ཀྱང་ཁོང་ནི་སྨན་པ་ཞིག་དང་མི་འདྲ་བར་འཐབ་འཛིང་པ་ཞིག་དང་འདྲ་ལ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཆེད་དུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད།

“ང་ནི་སྡེ་བའི་སྨན་པ་ཡིན་ལ་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན་པས། ང་རང་ངེས་པར་དུ་ཡར་ལངས་དགོས། ད་ལོའི་རིམས་ནད་ཀྱི་སྐབས་སུ། ཐོག་མའི་དུས་ཚོད་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོར་བསྐྱོད་རྒྱུའི་རེ་འདུན་ཞུས། བཀྲ་བྷོས་ད་དུང་རང་ཁྱིམ་གྱི“འཕྲོད་བསྟེན་ཁང”ལ་ལྷག་པའི་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་དང་། དུག་སེལ་གཤེར་ཁུ། ཆང་བཅུད་སོགས་ཐང་མགོ་གྲོང་རྡལ་འཕྲོད་བསྟེན་ཁང་ལ་ཞལ་འདེབས་སུ་ཕུལ་བ་མ་ཟད་འཕྲོད་བསྟེན་ཁང་གིས་རྫོང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་ལ་ཞལ་འདེབས་སུ་ཕུལ་བ་རེད། དེ་དང་ཆབས་ཅིག རང་ཉིད་ཀྱིས་དྲ་ཐོག་ནས་ཤེས་རྟོགས་བྱུང་བ་དང་ཟུང་འབྲེལ་བྱས་ཏེ། སྡེ་བ་རིམ་པའི་སྐད་འཕྲིན་ཚོགས་པའི་ནང་བོད་ཡིག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་རྩོམ་སྒྲིག་བྱས་ནས་སྟབས་བདེ་དང་གོ་བདེ་ཤེས་སླའི་རྣམ་པའི་སྟེང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་པ་བྱས་པ་རེད།

བཀྲ་བྷོ་ཡི་སྒམ་གྱི་ནང་གཟི་བརྗིད་མཚན་སྙན་དཔང་ཡིག་ཆེ་ཆུང་སྣ་ཚོགས་བཞག་ཡོད་པ་དང་། ཐང་མགོ་གྲོང་རྡལ་གྱི“ཕུལ་བྱུང་ཏང་ཡོན”ནས“སྡེ་བའི་ཕུལ་བྱུང་སྨན་པ”དང་། ཐུན་ཏེ་རྫོང་གི“མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”ནས“ཀྲུང་གོའི་མི་བཟང་མིང་ཐོ” སོགས་དཔང་ཡིག་མང་པོ་བཞག་ཡོད་པ་དང་། བཀྲ་བྷོ་ཡིས་ལོ་ངོ་སུམ་ཅུ་ལྷག་གི་རིང་འབད་བརྩོན་དང་རྔུལ་ཆུ་བཏོན་པ་དེས་འཕྲོད་བསྟེན་འཐབ་ཕྱོགས་ཀྱི་གུང་ཁྲན་ཏང་ཡོན་གྱི་ཉམས་འགྱུར་དང་སྒེར་སེམས་མེད་པ་མངོན་ཡོད། བཀྲ་བྷོ་ལྟ་བུའི་གཅེས་པར་འོས་པ་དང་གུས་བཀུར་ཞུ་འོས་པའི་མི་ཞིག་ཡོད་པས། གཞི་རིམ་དུ་རྩ་བ་ཚུགས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བས་གཞི་རིམ་གྱི་ལས་ཡུལ་དང་པོའི་སྨན་བཅོས་འཕྲོད་བསྟེན་དྲ་རྒྱ་གཞི་ནས་ཇེ་བརྟན་དུ་སོང་ཡོད་པ་དང་། ས་གནས་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་ལ་སྐུལ་འདེད་བཏང་བས། ཡུལ་དེའི་མང་ཚོགས་ཀྱི་བདེ་ཐང་ལ་ཡང་འགན་ལེན་ཐུབ་པ་བཅས་བྱུང་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།