མཚོ་སྔོན་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་ཞིག་ཏུ་སྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
2020.05.28 ཁུངས། འོད་གསལ་དྲ་བ། ཀློག་གྲངས། 46

འོད་གསལ་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་བད་མ་རྒྱལ་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ལ་བཅར་འདྲི་བྱས་པ།

ཟླ5བའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱིས“ནུས་ཁུངས་གཙང་མའི་གློག་འོད་གཙང་གསུམ་འབྱུང་ཡུལ་དུ་རྣམ་པར་འཚེར”ཞེས་པའི་ཉིན་བརྒྱའི་བྱ་འགུལ་མགོ་ཚུགས་པ་དང་། བྱ་འགུལ་དེ་ཟླ5བའི་ཚེས9ཉིན་གྱི་ནམ་གུང་གི་དུས་ཚོད12ནས་ཟླ8པའི་ཚེས16ཉིན་གྱི་ནམ་གུང་གི་དུས་ཚོད24བར་དུ་མཚོ་སྔོན་གློག་དྲས་བསྟུད་མུར་ཉིན100རིང་ལ་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྫོང16དང་། གྲོང་རྡལ1བཅས་ལ་ཁྱོན་ཡོངས་ནས་ནུས་ཁུངས་གཙང་མའི་གློག་འདོན་རྒྱུ་ཡིན་ལ། དེའི་སྐབས་སུ། གོང་གསལ་གྱི་ས་ཁུལ་དེ་དག་གི་གློག་བཀོལ་བ་ཚང་མ་ཆུ་ཤུགས་དང་རླུང་ཤུགས། ཉི་འོད་ནུས་པ་སོགས་ནུས་ཁུངས་གཙང་མ་ཡིན་པས། གློག་བཀོལ་བར་སྦགས་བཙོག་མེད་པར་མངོན་འགྱུར་བྱུང་། ད་ཐེངས་ཀྱི“ནུས་ཁུངས་གཙང་མའི་གློག་འོད་གཙང་གསུམ་འབྱུང་ཡུལ་དུ་རྣམ་པར་འཚེར”ཞེས་པའི་བྱ་འགུལ་ནི་མཚོ་སྔོན་དུ་བསྟུད་མུར་ཉིན་བདུན་དང་ཉིན་དགུ། ཉིན་བཅོ་ལྔ་བཅས་ཀྱི་ནུས་ཁུངས་གཙང་མས་གློག་འདོན་པའི་བྱ་འགུལ་ལག་བསྟར་བྱས་རྗེས་ཡང་བསྐྱར་སྤེལ་བའི་ཡོད་ཚད་ནུས་ཁུངས་གཙང་མས་གློག་འདོན་པའི་ལག་ལེན་ཞིག་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་བསམ་པར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ནུས་ཁུངས་གཙང་མ་གསར་སྐྲུན་བྱེད་པའི་ཐད་ལ་སྔར་ལས་ལྷག་པའི་གྲུབ་འབྲས་བླངས་ཡོད་མོད། འོན་ཀྱང་ཁྱོན་ཡོངས་ནས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པའི་ལག་བསྟར་ཇུས་གཞི》ལས་བཏོན་པའི་དམིགས་ཚད་གལ་ཆེན་ཡོངས་འགྲུབ་བྱེད་པར་ད་རུང་ཧེ་བག་མི་ཉུང་བ་ཞིག་ཡོད་སྟབས། རྒྱལ་ཁབ་ཀྱི་རིམ་པས་མྱུར་དུ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་ཞིག་ཏུ་སྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བསམ་པར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་རྒྱལ་ཁབ་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་སྐྲུན་པར་ཏན་ཏིག་སྒོས་སྐུལ་སྤེལ་བཏང་ནས། ཧུར་ཐག་སྒོས་རྒྱལ་ཁབ་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེའི་ནང་ཚུད་པར་བྱས་ཏེ། མཚོ་སྔོན་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད།

“ནུས་ཁུངས་གཙང་མ་མོད་ཅིང་འཛོམས་པའི་དགེ་མཚན་ལ་བརྟེན་ནས། འཕེལ་རྒྱས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་སྟེ། ཐོན་ལས་ཀུན་འཛོམས་སྐྲུན་པར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་སྟབས། ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་རྣམ་པ་གསར་བ་མངོན་ཞིང་། ནུས་ཁུངས་གཙང་མའི་བསྡུ་ཉར་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་། 2019ལོར་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི2776སླེབས་ཏེ།  ཞིང་ཆེན་ཡོངས་ཀྱི་སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱི 87.6%ཟིན་ཡོད”ཅེས་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་བྱུང་།

ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་རྒྱུ་ནི་བྱ་དངོས་གསར་བ་ཅིག་ཡིན་པས། ལག་ལེན་དང་འཚོལ་ཞིབ་ཁྲོད་དུ་འབུར་ཐོན་གྱི་དཀའ་ངལ་མི་ཉུང་ཞིག་དང་འཕྲད་སྲིད་པ་སྟེ། དཔེར་ན། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མ་མང་པོ་ཞིག་ཐག་རིང་ལུང་ཁུག་དང་ཁོར་ཡུག་སྡུག་པོ། དཔལ་འབྱོར་དར་རྒྱས་མིན་པའི་ས་ཁུལ་དུ་གནས་ཡོད་པས། དེར་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་པའི་མ་གནས་ནང་ལོག་ས་ཁུལ་དང་བསྡུར་ན་ཧ་ཅང་མཐོ་བ་དང་། རྒྱལ་ཁབ་ཀྱི་རིམ་པས་གཏན་ཕབ་བྱས་པའི་དམིགས་བསལ་གྱི་རོགས་སྐྱོར་སྲིད་ཇུས་ཅུང་ཙམ་ཉུང་ལ། དེའི་མཚུངས་སུ། ཕྱི་སྐྱེལ་བགྲོད་ལམ་རྗེས་ལུས་ཡིན་པ་དང་། ཁྱད་པར་དུ་མཚོ་སྔོན་ནས་དབུས་ཤར་རྒྱུད་བར་གྱི་མཐོ་གནོན་ཐད་རྒྱུག་བཟོ་སྐྲུན་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞིའི”ནུས་ཁུངས་དང་གློག་ཤུགས་འཆར་འགོད་ནང་དུ་ད་རུང་ཚུད་མེད་པ་རེད། ལིན་ཧོ་དང་མང་ཨེ་སོགས་གཞི་རྒྱ་ཆེ་བའི་ནུས་ཁུངས་གཙང་མར་གསར་སྤེལ་བྱེད་པར་འཚམ་པའི་ས་ཁུལ་ཏུ་གློག་དྲའི་རྨང་གཞི་སྒྲིག་ཆས་ཉམས་ཞན་ཡིན་པས། གློག་ཤུགས་ཕྱི་འདོན་གྱི་ནུས་ཤུགས་ལ་ཚད་བཀག་ཐེབས་པ་དེས་ནུས་ཁུངས་གཙང་མ་གསར་སྤེལ་བྱེད་པར་འགོར་འགྱངས་བཟོས་ཏེ། ཐོན་ཁུངས་མང་པོ་ཞིག་འཕྲོ་བརླག་ཏུ་བཏང་བ་རེད།

མཚོ་སྔོན་ནི་ནུས་ཁུངས་གཙང་མའི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། ནུས་ཁུངས་གཙང་མའི་ཐད་ལ་གཞན་ལས་ལྷག་པའི་དགེ་མཚན་མང་པོ་ཡོད་པ་དང་། དེའི་ནང་དུ་ཉི་འོད་ནུས་པའི་ཐོན་ཁུངས་ལ་སྟོང་ཝ་དུང་ཕྱུར10ཡོད་ལ། རླུང་ཤུགས་ནུས་པའི་སྤྱིའི་གསོག་ཚད་སྟོང་ཝ་དུང་ཕྱུར4ཡོད་པ་དང་། ཆུ་ནུས་ཐོན་ཁུངས་ཀྱི་སྤྱིའི་གསོག་ཉར་ཚད་ཧ་ལམ་སྟོང་ཝ་ཁྲི2400ལྷག་ལ་སླེབས་ཡོད་པས། ཀྲུང་གོའི་སྐམ་སའི་འབར་སླ་བའི་འཁྱག་དར་དང་དྲོད་གྲངས་ཏུའུ200ལས་བརྒལ་བའི་སྐམ་ཚའི་བྲག་རྡོ་ཐོག་མར་མངོན་པའི་ས་ཁུལ་ཡིན་པ་དང་། འོད་ཤུགས་གློག་འདོན་དང་རླུང་ཤུགས་གློག་འདོན་ར་བ་འཛུགས་སྐྲུན་བྱས་ཆོག་པའི་མྱ་ངམ་ཐང་དུ་གྱུར་བའི་ས་ཆ་སྤྱི་ལེ་གྲུ་བཞི་མ་ཁྲི10ཡོད་པས། ནུས་ཁུངས་གསར་བའི་ཐོན་ལས་གོང་འཕེལ་གཏོང་བའི་གནས་མཆོག་ཁྱད་པར་བ་ཞིག་དང་། ཀྲུང་གོའི་ས་ཁོངས་ཐོན་ཁུངས་རྒྱུན་མཐུད་བྱེད་པའི་རྟེན་གཞི་གཙོ་བོ་ཞིག་ཡིན། ཡིན་ནའང་། ས་ཁམས་ཀྱི་ཆ་རྐྱེན་དང་དཔལ་འབྱོར་གོང་སྤེལ་ཆུ་ཚད་ཀྱིས་ཚད་བཀག་ཐེབས་པར་བརྟེན། མཚོ་སྔོན་རང་སྟེང་གི་ནུས་ཤུགས་ཁོ་ནར་བརྟེན་ནས་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཐོད་བརྒལ་ཆེན་པོ་ཡོང་དཀའ་བས། རྒྱལ་ཁབ་ཀྱི་རིམ་པས་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་ཡིན།

“མཚོ་སྔོན་ནུས་ཁུངས་གཙང་མའི་ཕྱི་སྐྱེལ་བགྲོད་ལམ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྔར་ལས་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན་པ་དང་། ད་ལོའི་ཟླ་དང་པོར། མཚོ་སྔོན་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན་གཉིས་ཀྱིས་ནུས་ཁུངས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ། མཚོ་སྔོན་ནས་ཅང་སུའུ་བར་ལ་ཆེས་མཐོ་གནོན་ཐད་རྒྱུག་བཟོ་སྐྲུན་གྱི་སྔོན་གྲབས་ལས་ཀ་བསྒྲུབ་པར་མཉམ་དུ་སྐུལ་འདེད་བཏང་བ་ཡིན”ཞེས་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་གྲོས་གཞི་བཏོན། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མཚོ་སྔོན་ནས་ཅང་སུའུ་བར་གྱི་ཆེས་མཐོ་གནོན་ཐད་རྒྱུག་བཟོ་སྐྲུན་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞིའི”ནུས་ཁུངས་འཕེལ་རྒྱས་ཀྱི་འཆར་འགོད་དང་གློག་ཤུགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཞག་ནས། ལས་གཞི་དེའི་སྔོན་གྲབས་བྱ་བ་བདེ་བླག་ངང་འགྲུབ་པར་འདེགས་སྐྱོར་བྱ་དགོས་སྟེ། ཅང་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན། རྒྱལ་ཁབ་གློག་དྲ་ཀུང་ཟི་སོགས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་ལས་གཞི་སྐུལ་འདེད་བྱ་བའི་ཚན་ཁག་བཙུགས་ཏེ། འགན་ཁུར་ལས་བགོས་དང་དུས་ཚོད་སྒྲུབ་ཚད་གསལ་བོར་བྱས་ནས། མཉམ་དུ་སྔོན་གྲབས་བྱ་བ་བསྒྲུབ་པར་སྐུལ་འདེད་གཏོང་དགོས།

“ནུས་ཁུངས་གསར་བ་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བ་དང་བསྟུན་ནས། རྒྱལ་ཁབ་ཀྱིས་ནུས་ཁུངས་གསར་བའི་ཁ་གསབ་རོགས་དངུལ་ཕྱིར་སློག་ཚད་ཇེ་མགྱོགས་སུ་བཏང་སྟེ། ནུས་ཁུངས་གསར་བའི་ལས་གཞིར་ཁ་གསབ་མེད་པར་གོང་སྙོམ་དྲ་ཞུགས་ལ་སྐུལ་འདེད་བཏང་བ་དེས་མཚོ་སྔོན་གྱི་ནུས་ཁུངས་གསར་བའི་འཕེལ་རྒྱས་ལ་དཀའ་ཁག་མང་པོ་བཟོས། ”ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་གྱི་ནུས་ཁུངས་གསར་བའི་འཕེལ་རྒྱས་ཐད་ལ་རྒྱལ་ཁབ་ཀྱིས་ཁྱད་པར་ཅན་གྱི་སྲིད་ཇུས་གནངས་དགོས་པའི་གྲོས་གཞི་བཏོན་ཏེ། མཚོ་སྔོན་གྱི་མེ་ཤུགས་གློག་འདོན་གྱི་གློག་རིན་སྟོང་ཝ་གཅིག་ལ་སྒོར0.3247ཡིན་པ་དེ་མཚོ་སྔོན་གྱི་གོང་སྙོམ་ཚད་གཞི་རུ་བརྩི་དགོས་པ་དང་། ཚད་གཞི་དེ་ལས་བརྒལ་བའི་གློག་རིན་སྟོང་ཝ་གཅིག་ལ་སྒོར0.2277ཡན་གྱི་རིན་གོང་གི་ཁྱད་པར་དེ་མཚོ་སྔོན་གྱི་ནུས་ཁུངས་གསར་བའི་དྲ་ཞུགས་གློག་རིན་ཡིན་པས། མུ་མཐུད་དུ་ཁ་གསབ་བྱས་ཏེ། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་རྗེས་མཐུད་གོང་སྤེལ་ཏུ་གཏོང་བར་རོགས་འདེགས་བྱེད་དགོས།

“མཚོ་སྔོན་ནི་དར་རྒྱས་མི་ཆེ་བའི་ཞིང་ཆེན་གྱི་ཁོངས་སུ་གཏོགས་པས་ནོར་སྲིད་ཁག་པོ་དང་སྡོད་དམངས་ཀྱི་རང་གྲབས་ནུས་པ་ཞན་པ་དང་། དེའི་མཚུངས་སུ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་ནི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གཙོ་བོ་ཡིན་པས། ནུས་ཁུངས་གཙང་མའི་དྲོད་ཁོལ་ལོངས་སུ་སྤྱད་ཆོག”གཙང་གསུམ་འབྱུང་ཡུལ་གྱི་དྲོད་རླངས་གཙང་མ་ལེགས་བསྒྱུར་བྱེད་པར་མ་དངུལ་འབོར་ཆེན་དགོས་པར་དམིགས་ནས། ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་གྱི་དྲོད་རླངས་གཙང་མའི་ལས་གཞི་དེ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི”བའི་མཚོ་སྔོན་སོགས་བོད་ཁུལ་ཞིང་ཆེན་བཞིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་རྣམ་གྲངས་ཀྱི་ཇུས་གཞིའི་ནང་འཇོག་དགོས་པར་མ་ཟད། དེ་ལ་སྲིད་ཇུས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་དགོས་པ་དང་། གྲོང་རྡལ་དང་རོང་འབྲོག་ས་ཁུལ་གྱི་དྲོད་རླངས་གཙང་མའི་སྒྲིག་ཆས་དང་རྨང་གཞིའི་སྒྲིག་ཆས་ཆ་ཚང་ལ་གྲོན་དངུལ་ཡོད་ཚད་ཁ་གསབ་བྱེད་དགོས་པ་མ་ཟད། གློག་མེད་པའི་རོང་འབྲོག་ཁྱིམ་ཚང་གི་གློག་ཁུངས་ཁ་གསབ་རོགས་སྐྱོར་གྱི་ཁྱབ་ཁོངས་ནང་འཇོག་དགོས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་དྲོད་རླངས་གཙང་མའི་ལས་གཉེར་མ་གནས་ལ་རོགས་སྐྱོར་ཁ་གསབ་བརྒྱབ་སྟེ། དྲོད་རླངས་གཙང་མའི་ལས་གཞི་བདེ་བླག་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་པའི་གྲོས་གཞི་བཏོན།

དེ་ལས་གཞན། ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་ཞིང་ཆེན“འོད་ཤུགས་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཞིང་ཆེན”གྲས་སུ་འཇོག་དགོས་པ་དང་།  ནུས་ཤུགས་ཆེན་པོས་མཚོ་སྔོན་གྱི་འོད་ཤུགས་ལྷུ་ལག་ཕྱིར་བསྡུ་དཔེ་སྟོན་གནས་འཛུགས་དགོས་ལ།  ཕྱིར་བསྡུའི་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ།  རྒྱལ་ཡོངས་ཀྱི་ས་གནས་གཞན་དག་གི་འོད་ཤུགས་ལྷུ་ལག་ཕྱིར་བསྡུ་བེད་སྤྱོད་བྱེད་པའི་བྱ་བར་དཔྱད་འཇོག་ནུས་ལྡན་བྱེད་དགོས་པའི་གྲོས་གཞི་བཏོན།

ལོ་ཙཱ་བ། ཨ་བརྟན་རྒྱལ།