ལྷག་པ་ཚེ་རིང་མིག་ནང་གི་ཇོ་མོ་གླང་མའི་སྣོད་བཅུད་ཀྱི་འགྱུར་ལྡོག
2020.06.04 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 41

ལོ་ཞེ་བརྒྱད་ལ་སླེབས་པའི་ལྷག་པ་ཚེ་རིང་ལ་ཚང་མས“ནོར་གནག་གི་དམག་སྤྱི”ཞེས་འབོད་པ་དང་། ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དུ་བྱ་བ་སྒྲུབ་ནས་ལོ་ཉེར་བརྒྱད་འགོར་ཡོད། ཁོང་གིས་རི་འཛེག་དུས་ཚིགས་སུ་ས་གནས་དེ་གའི་ནོར་གནག་རུ་ཁག་དང་འབྲེལ་བ་བྱས་ཏེ། རི་འཛེག་རུ་ཁག་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་དུ་འཇུག་བཞིན་ཡོད་པས“ནོར་གནག་གི་དམག་སྤྱི”ཞེས་པའི་མིང་དེ་ལྟར་ཐོགས་པ་རེད།

ཇོ་མོ་གླང་མར་འགོ་སྐབས་ནོར་གནག་ལ་བརྟེན་ནས་དངོས་ཟོག་སྐྱེལ་དགོས། ཁོ་རང་ད་ལྟ་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དིང་རི་དོ་དམ་ཡན་ལག་ཅུའུ་ཇོ་མོ་གླང་མའི་སྒར་ས་ཆེན་མོའི་དོ་དམ་ས་ཚིགས་ཀྱི་འགོ་གཙོ་ཡིན་ཞིང་། རྒྱུན་དུ་ཇོ་མོ་གླང་མའི་ས་ཁུལ་དུ་སྐོར་གཡེང་བྱས་ཏེ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ད་དུང་ས་གནས་དེ་གའི་སྡེ་མིས་གད་སྙིགས་དོ་དམ་དང་བརླན་ས་སྲུང་སྐྱོང་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གཏན་འབེབས་ལ་བརྩི་སྲུང་ཞུ་མིན་ལ་ལྟ་སྐུལ་བྱེད་ཀྱིན་ཡོད། སྐོར་གཡེང་བྱེད་སྐབས་རླངས་འཁོར་བསྐྱོད་ཐབས་བྲལ་བའི་གཡང་གཟར་ལམ་བུར་ཁོ་རང་རྐང་ཐང་དུ་སོང་ནས་ཞིབ་བཤེར་བྱེད་བཞིན་ཡོད།

“དགུན་དུས་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེན་མོར་གངས་པུས་མོ་ཙམ་དུ་འབབ་ཀྱིན་ཡོད། རླངས་འཁོར་བསྐྱོད་མི་ཐུབ་པའི་སྐབས་སུ། ང་ཚོ་རྐང་ཐང་དུ་བསྐྱོད་དགོས་ལ། ཇོ་མོ་གླང་མའི་རོང་ཤར་རྒྱུད་དུ་རྐང་ཐང་དུ་དུས་ཚོད་བརྒྱད་ཙམ་བསྐྱོད་མྱོང་ཡོད”ཅེས་བཤད་བྱུང་།

ཁོའི་ཁྱིམ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཡོད་པ་དང་། རང་ཉིད་སྲོག་ཆགས་ལ་ཧ་ཅང་དགའ་བའི་དབང་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་མུས་བཞི་སྟོང་ལྔ་སྟོང་ཡོད་པའི་ཇོ་མོ་གླང་མའི་རི་ཁུལ་དུ་ལས་ཀ་བྱེད་པར་ཡོང་བ་རེད།

དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་སྟོད་དུ། ཁོ་དང་ལྐོག་རྔོན་བྱེད་མཁན་འཛིང་རེས་བྱས་མྱོང་ཞིང་། “སྐབས་དེ་དུས་ཚང་མར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཞན་ལ། མི་ལ་ལས་རི་སྐྱེས་སྲོག་ཆགས་དང་རང་ཁྱིམ་གྱི་ཕྱུག་རིགས་དབར་ཁྱད་མེད་སྙམ་ནས། མཐོང་མ་ཐག་གསོད་པའམ་ཡང་ན་སྲོག་ཆགས་ཀྱི་པགས་པ་ལྐོག་འཚོང་བྱེད་བཞིན་ཡོད་པས། སྲོག་ཆགས་ཀྱིས་མི་མཐོང་མ་ཐག་བྲོས་འགྲོ”ཅེས་བཤད།

1994ལོར་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་རིམ་སྤོར་བྱས་པ་དང་། དེའི་ཁྱབ་ཁོངས་སུ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དིང་རི་དང་གཏིང་སྐྱེས། གཉའ་ལམ། སྐྱིད་རོང་བཅས་རྫོང་བཞི་ཚུད་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གསུམ་དང་སྟོང་བཞི་ཙམ་ཡོད་པ་རེད།

དེའི་རྗེས་ཁོ་རང་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་སྡེ་མི་ཚོར་གང་ཞིག་ནི་རྒྱལ་ཁབ་རིམ་པའི་སྲོག་ཆགས་ཡིན་པ་དང་། སྲུང་སྐྱོང་བྱེད་པའི་སྲོག་ཆགས་གང་བྱུང་བསད་ན་ཆད་པ་གང་ཞིག་ཕོག་རྒྱུ་ཡིན་པ། རི་སྐྱེས་སྲོག་ཆགས་ཇེ་ཉུང་དུ་སོང་ན་སྐྱེ་ཁམས་མ་ལག་ལ་གཏོར་བཤིག་གང་ཞིག་ཕོག་མིན་བཅས་ལ་འགྲེལ་བཤད་བྱས།

དེ་ནས་རིམ་བཞིན་རི་སྐྱེས་སྲོག་ཆགས་གང་བྱུང་དུ་རྔོན་པའི་གོམས་གཤིས་ལ་འགྱུར་ལྡོག་བྱུང་ཡོད།

“ལོ་བཅུ་ཡི་སྔོན་དུ་ངས་ཇོ་མོ་གླང་མའི་སྒར་ས་ཆེན་མོ་ནས་གསའ་ཞིག་མཐོང་མྱོང་།”རྗེས་སུ་བོད་ལྗོངས་ཇོ་མོ་གླང་མའི་གསའ་སྲུང་སྐྱོང་ལྟེ་གནས་ཀྱིས་སྲུང་སྐྱོབ་ཁུལ་དུ་དམར་ཕྱིའི་པར་ཆས་ལས་ཐེངས་འགའ་གསའ་པར་དུ་བླངས་ཡོད། ལྷག་པ་ཚེ་རིང་གིས་དགའ་ཚོར་དང་བཅས“འདི་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་གྲངས་འབོར་ཡང་མང་པོ་མེད། ངའི་བསམ་པར་གསའ་རྒྱུན་ཆད་པ་རེད་སྙམ་མོད། ད་ལྟ་སེམས་ཁྲལ་བྱེད་མི་དགོས”ཞེས་བཤད།

“སྲོག་ཆགས་གཞན་གྱི་གྲངས་འབོར་ཡང་རིམ་གྱིས་ཇེ་མང་དུ་སོང་ཡོད”སྐོར་གཡེང་བྱེད་སྐབས་ཁོས་སྲུང་སྐྱོབ་ས་ཁུལ་གྱི་གཏན་འབེབས་གཞིར་བཟུང་ནས། རང་ཉིད་ཀྱིས་མཐོང་བའི་སྲོག་ཆགས་ཀྱི་གྲངས་འབོར་དང་ཁྱབ་ཚུལ་ཐོ་འགོད་ལེགས་སྒྲིག་བྱས་པའི་ནང་རྒྱ་མཚོ་ཞང་དང་སྒང་དཀར་གྲོང་རྡལ། གད་དམར་ཞང་བཅས་སུ་རྐྱང་མང་པོ་ཡོད་པ་དང་། ཆུ་སྟེང་ཞང་དང་རོང་ཤར་ཞང་དུ་ས་བབ་དམའ་བས་སྤྲེའུ་མཐོང་རྒྱུ་ཡོད་པ་བཅས་ཐོ་འགོད་བྱས་ཡོད།

ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡིས་མཁོ་འདོན་བྱས་པའི་གཞི་གྲངས་ལྟར་ན། ཇོ་མོ་གླང་མའི་སྲུང་སྐྱོབ་ས་ཁུལ་དུ་སྐམ་སའི་རི་སྐྱེས་སྲོག་ཆགས་སྣ་ཁ་བཞི་བརྒྱ་གོ་གཅིག་ཡོད་པའི་ནང་གསའ་ཡི་གྲངས་ཀ་བརྒྱ་དང་དགུ་བཅུ་ནས་ཉིས་བརྒྱ་བདུན་ཅུ་བར་འཕར་ཡོད་པ་དང་། རྩ་ཆེའི་སྐྱེ་དངོས་སྣ་ཁ་སྟོང་གཉིས་ལྔ་བརྒྱ་ལྔ་བཅུ་ཡོད་པ། ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ལྔ་དང་སྟོང་ལྔ་ལྷག་ཙམ་ཟིན་ཡོད་པས། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་བརྒྱད་ལྔ་ཟིན་ཡོད།

ཇོ་མོ་གླང་མའི་སྲུང་སྐྱོབ་ས་ཁུལ་དུ་ཇོ་མོ་གླང་མའི་སྒར་ས་ཆེན་མོ་དང་འདྲ་བའི་དོ་དམ་ས་ཚིགས་བསྡོམས་པས་ཉི་ཤུ་ཡོད་པ་དང་། དོ་དམ་སྲུང་སྐྱོབ་ས་ཚིགས་རེར་དོ་དམ་སྲུང་སྐྱོང་རུ་མི་བཅུ་རེ་ཡོད་ལ། དིང་རི་རྫོང་ཁོ་ནར་རུ་མི་བརྒྱད་ཅུ་ལྷག་ཡོད་ཅིང་། ཁོ་ཚོ་མང་ཆེ་བ་ནི་ས་གནས་དེ་གའི་རོང་འབྲོག་མང་ཚོགས་ཡིན་པ་དང་མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་གསུམ་ཙམ་ཡོད།

རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས་པ་ལས་གཞན། ལྷག་པ་ཚེ་རིང་དང་ཁོང་གི་ལས་རོགས་ཚོས་ད་དུང་ཇོ་མོ་གླང་མའི་སྒར་ས་ཆེན་མོའི་ས་ཁོངས་ཀྱི་གད་སྙིགས་གཙང་སེལ་བྱེད་དགོས།

ཇོ་མོ་གླང་མའི་ཡུལ་སྐོར་བའི་སྒར་ས་ཆེན་མོའི་འགྲམ་དུ་གད་སྙིགས་བརྒྱུད་སྐྱེལ་ས་ཚིགས་བཙུགས་ཡོད་པ་དང། རི་འཛེག་མཁན་དང་ཡུལ་སྐོར་བ། ཡུལ་མི་སོགས་ཀྱིས་དབྱུགས་པའི་འཚོ་བའི་གད་སྙིགས་ཚང་མ་དེ་གར་སྤུངས་ཀྱིན་ཡོད།

ད་ལོ་ཁོང་གིས་རི་འཛེག་སྒར་ས་ཆེན་མོའི་གད་སྙིགས་གཙང་སེལ་ཐབས་ལམ་གསར་པ་སྤྱད་པར་བརྟེན“རི་འཛེག་མཁན་གྱི་བཙོག་ཆུ་དང་ཐབ་ཚང་གད་སྙིགས། སྐྱག་གཅིན་སོགས་ས་ཆ་དེ་རང་དུ་གནོད་མེད་གཙང་སེལ་བྱས་པ་དང་ཆུའི་ཐོན་ཁུངས་འཁོར་རྒྱུག་ངང་སྤྱད་པར་བརྟེན། རི་ནས་དབོར་བའི་གད་སྙིགས་ཇེ་ཉུང་དུ་ཕྱིན་ཡོད།”

གཞི་གྲངས་ལས་མངོན་པ་ལྟར་ན། 2016ལོ་ནས་བཟུང་རྒྱལ་ཁབ་དང་ས་གནས་རིམ་ཁག་ནོར་སྲིད་ཀྱིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལས་བརྒལ་བ་དེ་ཇོ་མོ་གླང་མའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བཏང་ཡོད། མ་འོངས་པར་ཇོ་མོ་གླང་མའི་སྲུང་སྐྱོབ་ས་ཁུལ་དུ་དིང་རི་རྫོང་གིས་གནོད་མེད་ཅན་གྱི་གད་སྙིགས་གཙང་སེལ་བཟོ་གྲྭ་དང་བཙོག་ཆུ་གཙང་སེལ་བཟོ་གྲྭ དེ་བཞིན་མཁའ་རླུང་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ནས་ལྟེ་བའི་ས་ཁུལ་གྱི་ཉིན་གང་གི་གནམ་གཤིས་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད།

གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་ས་བབ་མཐོ་བའི་རི་ཀླུང་སྔོ་ལྗང་གིས་བརྒྱན། སྐོར་གཡེང་བྱེད་པའི་ལམ་བར་དུ་ཁོས་རི་དེའུ་དང་ལུང་གཞུང་དུ་ལྟ་བཞིན་སྐོར་གཡེང་བྱེད། ཟླ་གཅིག་སོང་རྗེས། རྣ་ཕྲུག་བཙའ་བའི་དུས་ཡིན་པ་དང་རྣ་བ་ནི་ཁོ་རང་དགའ་བའི་སྲོག་ཆགས་རེད། འོན་ཀྱང་སྤྱང་ཀི་ཡང་དེ་དང་ཆབས་ཅིག་ཇེ་མང་དུ་འགྲོ་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།