གཡུ་བཟང་རྩྭ་ཐང་གི་དབུལ་ཐར་གཏམ་རྒྱུད་བརྗོད་མཁན་དཔལ་ཆེན་འབུམ།
2020.06.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ཆགས་ཡོད་སའི་ལུང་རོང་བརྒྱུད་དེ་སྤྱི་ལེ་བཅུ་ཙམ་བསྐྱོད་རྗེས་གཡོན་ཕྱོགས་ཀྱི་རི་གཟར་ངོས་སུ་ས་ལམ་ཀྱག་ཀྱོག་ཅིག་འཐེན་ཡོད་པ་མཐོང་ཐུབ་ལ། ས་ལམ་དེ་དེད་ནས་ལུང་རོང་གི་ཁར་བུད་ན་མུ་མཐའ་མེད་པའི་རྩྭ་ཐང་ཡངས་པོ་ཞིག་གིས་ཡིད་ཀྱི་དང་བ་དབང་མེད་དུ་བཀུག་འགྲོ། རྩྭ་ཐང་ཆེན་པོ་དེ་ལ་ས་གནས་མང་ཚོགས་ཀྱིས་གཡུ་བཟང་རྩྭ་ཐང་ཞེས་འབོད་ཅིང་།གནས་དེར་གཞིས་ཆགས་པའི་འབྲོག་སྡེ་ལ་ལྷ་སྡེ་སྡེ་བ་ཞེས་འབོད། དཔལ་ཆེན་འབུམ་ནི་ལྷ་སྡེ་སྡེ་བའི་འབྲོག་པ་དཀྱུས་མ་ཞིག་ཡིན་ཞིང་ཉེ་བའི་ལོ་འདི་དག་གི་རིང་ལ་ཁོས་དབུལ་སྐྱོར་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དབུལ་ཐར་བྱ་ཐུབ་པ་བྱུང་བར་མ་ཟད། ད་ལྟ་ཡང་ད་དུང་རྡོག་མཚམས་མ་བཞག་པར་ཕྱུག་འགྱུར་གྱི་ལམ་ཆེན་སྟེང་དུ་བརྩོན་འགྲུས་ལྷོད་པ་མེད་པའི་སྒོ་ནས་ལས་སྐྲུན་ལ་བྲེལ་བཞིན་མཆིས།

“ང་སློབ་ཆུང་མ་གཏོགས་འགྲིམས་མྱོང་མེད་ལ། སྐབས་དེ་དུས་བྱིས་པའི་སློབ་གསོའི་འདུ་ཤེས་ཀྱང་ཅུང་ཞན། དེ་བས་དམའ་འབྲིང་གི་སློབ་གསོ་ཡང་མྱངས་མ་ཚར་བར་ཕྱིར་ཡུལ་ལ་ལོག་ནས་ནོར་ལུག་གི་རྫི་བོ་བྱས་པ་ཡིན”ཞེས་དཔལ་ཆེན་འབུམ་གྱིས་ཁོའི་མི་ཚེ་ཡི་བརྒྱུད་རིམ་བཤད་བྱུང་ལ། སྐབས་དེའི་འབྲོག་ཁུལ་གྱི་སློབ་གསོའི་ཁོར་ཡུག་གི་དབང་གིས་ཁོ་ལ་དེང་རབས་ཀྱི་ཆ་ཚང་བའི་སློབ་གསོ་མྱངས་བའི་སྐལ་བ་མ་ལྡན། “ལོ25ཡི་སྟེང་དུ་ཁྱིམ་ཐབ་བཟུང་ནས་འཁོར་བ་སྐྱོང་མགོ་བརྩམས་པ་ཡིན་ཞིང་། སྐབས་དེ་དུས་ངེད་ཚང་ལ་ནོར་ལུག་མང་ལ་རྩྭ་ས་ཆེ་བ་མ་ཟད། ཁྱིམ་གྱི་འབྱོར་བ་ཡང་བཟང་པོ་ཡིན་ལ་འཚོ་བར་དཀའ་ཁག་མེད། ངས་ཁྱིམ་ཐབ་བཟུང་རྗེས་བུ་མོ་ཞིག་སྐྱེས་པ་དང་། བུ་མོ་ལོ་ན་བཞི་ལ་སོན་སྐབས་སྙིང་ལ་བུ་ག་ཡོད་པའི་ནད་ངོས་འཛིན་བྱས་ལ། དེ་ནས་བཟུང་ལོ་ངོ་མང་པོའི་རིང་ལ་བུ་མོར་སྨན་བཅོས་ཅི་ཐུབ་བྱས། ཡིན་ཡང་སྨན་བཅོས་ལ་ཕན་ནུས་ཆེན་པོ་མ་བྱུང་བར་བུ་མོ་ལོ་བརྒྱད་ཀྱི་སྐབས་སུ་ཚེ་ལས་འདས་སོང”ཟེར། རྐྱེན་ངན་ན་ཚ་ཐེངས་ཤིག་གིས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་ལ་རྡུང་རྡེག་ཆེན་པོ་ཐེབས་ཡོད་དེ། “བུ་མོར་སྨན་བཅོས་བྱེད་པའི་སྨན་ཡོན་ལོ་རེར་ཕལ་ཆེར་སྒོར་ཁྲི་གསུམ་ལྷག་ཤོར་སོང་ལ། བསྡོམས་པས་ཕལ་ཆེར་སྒོར་ཁྲི་བཅུ་ལྷག་གི་འགྲོ་སོང་ཤོར་བ་རེད། དེའི་རྐྱེན་གྱིས་ཁྱིམ་གྱི་འབྱོར་བ་ཇེ་ཞན་དུ་གྱུར་པ་དང་འཚོ་བ་ཡང་དཀའ་ཁག་ཆེན་པོར་འཕྲད”ཅེས་དཔལ་ཆེན་འབུམ་གྱིས་ཁོ་ཚང་འབྱོར་བ་ཅུང་བཟང་བའི་ཁྱིམ་ཚང་ཞིག་ནས་དབུལ་ཕོངས་ཁྱིམ་ཚང་ཞིག་ཏུ་གྱུར་པའི་རྒྱུ་རྐྱེན་ལབ་བྱུང་།

2015ལོར་སླེབས་སྐབས། དཔལ་ཆེན་འབུམ་ཚང་ལ་ལུག་ཉི་ཤུ་དང་ནོར་བདུན་ལས་མེད་པ་དང་ཁྱིམ་ཚང་གི་འཚོ་བ་དཀའ་ཁག་ཆེན་པོར་འཕྲད་ཡོད་པས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག དབུལ་ཕོངས་ཁྱིམ་ཚང་དུ་གཏན་འཁེལ་བྱས་རྗེས་དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་གནད་དོན་ཐག་གཅོད་ཆེད་སྲིད་གཞུང་གིས་དཔལ་ཆེན་འབུམ་ལ་སྡེ་བའི་རྩྭ་སྲུང་བའི་ལས་ཀ་སྤྲད་པ་དང་ལོ་རེར་གླ་ཕོགས་སྒོར21600རག་ཐུབ་པ་བྱུང་། “སྐབས་དེར་ངས་རང་གིས་ཚོད་ལ་བརྟེན་ནས་ཁ་གསོ་ཐབས་ཀྱི་ལས་ཀ་ཞིག་བསྒྲུབ་དགོས་བསམས། སྟབས་ལེགས་པ་ཞིག་ལ་སྐབས་དེར་ལས་སྐྲུན་བྱས་ནས་ལོ་གཅིག་ལོངས་པའི་ལས་སྐྲུན་མཁན་དག་ལ་ཁ་གསབ་དངུལ་སྤྲོད་པའི་དབུལ་སྐྱོར་སྲིད་ཇུས་ཤིག་འདུག ངས་དབུལ་སྐྱོར་སྲིད་ཇུས་ཀྱི་གོ་སྐབས་འདི་ལ་བརྟེན་ནས་ལས་སྐྲུན་བྱེད་པ་ཡིད་ལ་ཤར་ཏེ་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་ཡིན། དེ་བས2016ལོར་ལས་སྐྲུན་ཁ་གསབ་ལ་སྒོར5000ཐོབ་བྱུང་། དེ་མ་རྩར་བཞག་ནས་ཚོང་ཁང་རྒྱ་ཇེ་ཆེར་བཏང་བ་དང་ད་ལྟའི་བར་དུ་གཉེར་བཞིན་ཡོད”ཅེས་དཔལ་ཆེན་འབུམ་གྱིས་དབུལ་སྐྱོར་ཁ་གསབ་དངུལ་དག་འཆར་གཞི་ཡོད་པའི་སྒོ་ནས་བེད་སྤྱོད་བྱས་ལ། ད་དུང2016ལོར་ཁོ་ཚང་ལ་དབུལ་སྐྱོར་ཁ་གསབ་ཏུ་སྲིད་གཞུང་ནས་ལུག35སྤྲད་པ་ཡང་ཁོས་ཆུད་ཟོས་སུ་འགྲོ་རུ་མ་བཅུག་པར་དེའི་ཁར་ཁོ་ཚང་གི་ལུག་ཀྱང་བསྣན་ཏེ་ཁྱོན་བསྡོམས་ལུག42ལྷ་སྡེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་མ་རྐང་དུ་བཞག་པ་དང་།ལོ་རེར་མ་རྐང་ལྟར་ཁེ་སྤོགས་བགོ་སྐལ་སྒོར7000ཡས་མས་ཐོབ་ཐུབ་པ་བྱུང་། གཞན་ཡང་ལོ་འདི་དག་ལ་ཁོས་ཁྱིམ་གྱི་ནོར་ལུག་འཚོ་སྐྱོང་བྱེད་པར་ཧུར་བརྩོན་ཆེན་པོ་བྱས་པར་བརྟེན་ཁྱིམ་གྱི་ནོར་ལུག་གི་འཕེལ་ཀ་ཡང་ཅུང་ཟད་རྒྱས་ནས། ད་ལྟ་ཁོ་ཚང་ལ་ནོར30ལྷག་དང་ལུག60ལྷག་ཡོད། དེར་མ་ཟད2019ལོར་ཁོ་ཚང་ལ་ཁྲི་ཀ་རྫོང་ཐོག་གི་དབུལ་སྐྱོར་གྱི་ཁང་པ་སྨི་གྲུ་བཞི་མ80ཅན་ཞིག་ཐོབ་ལ། དེར་ཡང་སྒོར་ཁྲི་གཅིག་གི་འགྲོ་སོང་མ་གཏོགས་གཏོང་དགོས་མ་བྱུང་། དེ་བས་ད་ལྟ་ཁོ་ཚང་གི་འཚོ་བར་དཀའ་ཁག་ཆེན་པོ་མེད་པར་གྱུར་པ་དང་ན་ནིང་གཞི་ནས་དབུལ་ཐར་བྱུང་།

དབུལ་ཐར་བྱས་ཟིན་ཡང་དཔལ་ཆེན་འབུམ་གྱི་བརྩོན་འགྲུས་ལ་ལྷོད་པ་མ་བྱུང་ཞིང་། སྔོན་ཆད་ཁོས་ཚོང་ཁང་ཆུང་བ་གཉེར་བའི་ཞོར་དུ་རྩམ་པ་ཡང་འཐག་མྱོང་བས། ཁོས་རང་ལ་རྩམ་པ་འཐག་པའི་ཉམས་མྱོང་ལྡན་པའི་དགེ་མཚན་བེད་སྤྱད་དེ་ད་ལོར་གཡུ་ཐང་རྡོ་འཐག་རྩམ་པའི་ཐོན་ལས་བཟོ་གྲྭ་ཞེས་པའི་ལས་སྣོན་ཁང་ཞིག་ཐོ་འགོད་བྱས་འདུག་པ་དང་། “རྩམ་པ་ལས་སྣོན་ཁང་འདི་ལ་མ་དངུལ་སྒོར་ཁྲི10ལྷག་བཏང་བ་ཡིན། ལས་སྣོན་ཁང་འདི་རུ་རྩམ་པ་འཐག་པ་གཅིག་པོ་མ་ཡིན་པར་བོད་སྤོས་བཟོ་བ་དང་བསང་རྩི་སྡེབ་པ། གཞན་ཡང་རྩམ་པ་དང་འབྲེལ་ཡོད་ཀྱི་ཐོན་རྫས་སོགས་བཟོ་བའི་འཆར་གཞི་ཡོད། ང་རང་གིས་སྔོན་ཆད་རྩམ་པ་འཐག་པའི་ཉམས་མྱོང་ལྟར་སྔོན་རྩིས་བྱས་ན་ལོ་རེར་ཡོང་སྒོ་སྒོར་ཁྲི6ཡས་མས་ལེན་ཐུབ་རྒྱུ་རེད”ཅེས་དཔལ་ཆེན་འབུམ་གྱི་སེམས་ལ་སྟོབས་ཤུགས་དང་གདོང་ལ་ཡིད་ཆེས་ཀྱིས་ཁེངས་འདུག

འཚོ་བ་གོང་འཕེལ་འགྲོ་བར་ཧུར་བརྩོན་བསྐྱེད་པ་ལས་གཞན་དཔལ་ཆེན་འབུམ་གྱིས་རང་ཉིད་ཀྱི་དགའ་ཕྱོགས་ཀྱང་རྒྱུན་འཁྱོངས་བྱས་ཏེ་དོར་མ་མྱོང་སྟེ། “ང་རང་སློབ་ཆུང་མ་གཏོགས་འགྲིམས་མ་མྱོང་ཡང་ཡི་གེ་ཀློག་པ་དང་རྩོམ་འབྲི་བ་སོགས་ལ་ཤིན་ཏུ་དགའ། ནམ་རྒྱུན་ཁོམ་སྐབས་བྱུང་ན་ཚགས་པར་དང་དུས་དེབ་སོགས་ཀློག་བཞིན་ཡོད་ལ། རྩོམ་ཡིག་རེ་འགའ་ཡང་འབྲི་བཞིན་ཡོད”ཅེས་བཤད་ཞོར་ཁོས་གསར་རྩོམ་དང་རྩོམ་སྒྲིག་བྱས་པའི་དཔེ་དེབ་བཞི་ལྔ་ཞིག་གསར་འགོད་པར་བསྟན་བྱུང་།

གཡུ་བཟང་རྩྭ་ཐང་སྟེང་དུ་དཔྱིད་དཔལ་རྣམ་པར་རྒྱས་ཤིང་སྐྱེ་དགུ་མཐའ་དག་ལ་གསོན་ཤུགས་ཀྱིས་ཕྱུག་འདུག དཔལ་ཆེན་འབུམ་ལྟ་བུའི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྙིང་སྟོབས་ལ་ཞུམ་པ་མེད་ཅིང་བརྩོན་འགྲུས་ལ་ཉམས་པ་མེད་པའི་འབྲོག་པ་མང་ཚོགས་ཀྱི་འཚོ་བར་སྐྱིད་ཀྱི་འོང་སྣང་རིང་བར་འཆར་ངེས། །

                                                                                                                རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།