ཚོང་དཔོན་རྟ་མགྲིན་རྒྱལ་གྱིས་ཕ་ཡུལ་ལ་བཅངས་པའི་བརྩེ་བ།
2020.06.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་ཐོག་ཏུ་ཕྱིའི་བཟོ་བཀོད་ཀྱི་ཆ་ནས་བོད་ལུགས་ཀྱི་འཛུགས་སྐྲུན་ཁྱད་ཆོས་མངོན་པར་བཀྲ་བའི་ལྷ་དར་གསོལ་ཚིགས་ཕོ་བྲང་ཞེས་པའི་ཟ་ཁང་ཞིག་ཡོད་ལ། དེ་ནི་ཕ་ཡུལ་གཅན་ཚ་རྫོང་སྐྱ་རྒྱ་ཞང་ཡང་གླེ་སྡེ་བའི་ན་གཞོན་རྟ་མགྲིན་རྒྱལ་གྱི་ཕུགས་བསམ་ལས་འཁྲུངས་པ་ཡིན་ཞིང་། ཁོ་རང་སྔོན་ཆད་ཡུལ་ངེས་མེད་འགྲིམས་ནས་ལོ་ངོ་དུ་མའི་རིང་ལ་ཚོང་ལས་ཀྱི་ཉམས་མྱོང་བསགས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ། རང་སའི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་སྔོག་འདོན་དར་སྤེལ་བྱེད་བཞིན། ཕ་ཡུལ་གྱི་འཚོ་བའི་ཐད་དཀའ་ཁག་ཆེ་བའི་ཁྱིམ་ཚང་མི་ཉུང་བ་ཞིག་གི་བུ་བུ་མོར་འཇོན་ནུས་ངོམ་སའི་གར་སྟེགས་ཤིག་བསྐྲུན་པ་ནི་ཁོས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་རེད།

ལྷ་དར་གསོལ་ཚིགས་ཕོ་བྲང་ནི་སྤྱི་ལོ2017ལོའི་ཟླ9པར་མ་དངུལ་སྒོར་ས་ཡ་ལྔ་བཏང་སྟེ་ཐོ་འགོད་བྱས་པ་དང་། 2019ལོའི་ཟླ11པར་དངོས་སུ་སྒོ་ཕྱེ་བ་རེད།

ལྷ་དར་གསོལ་ཚིགས་ཁང་ནི་ཐོག་བརྩེགས་རིམ་པ་གསུམ་གྱིས་གྲུབ་ཡོད་ཅིང་། ཕྱི་རོལ་ཏུ་གནམ་གཤིས་བཟང་དུས་གསོལ་ཚིགས་ཁང་གི་ཡང་སྟེང་ནས་མགྲོན་པོ་རྣམས་ཀྱིས་བསིལ་གདུགས་འོག་ཏུ་བོད་ཟས་དང་། རྒྱ་ཟས། འོ་ཇ་སོགས་ཅི་དགར་ལོངས་སུ་སྤྱད་ཆོག་པ་དང་། མཁར་སྟེང་ནས་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱང་བལྟ་བྱས་ཏེ་གཅན་ཚ་རྫོང་མཁར་གྱི་མཁར་གྲོང་གི་མཛེས་ཉམས་མིག་གིས་ལོངས་སུ་སྤྱད་ཆོག

གསོལ་ཚིགས་ཁང་གི་སྦྱིན་བདག་རྟ་མགྲིན་རྒྱལ་ནི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་མཐོ་འབྲིང་དང་པོར་ཞུགས་ནས་ཟླ་གཉིས་ཙམ་འགོར་རྗེས། རྒྱུ་རྐྱེན་ག་གེ་མོའི་དབང་གིས་སློབ་གྲྭ་འགྲིམ་པའི་གོ་སྐབས་དང་རིང་དུ་གྱེས་ནས་ཞིང་ཕྱུགས་མཉམ་གཉེར་གྱི་ཕ་ཡུལ་ནས་ཞིང་པ་དང་ཕྱུགས་རྫི་བྱས། ཡིན་ནའང་། ལོ་ངོ་དུ་མའི་རྗེས་ནས་ཁོ་ལ་ལྕགས་ཁེམ་དང་འུར་ཆ་བསྐྱུར་ནས་ཚོང་ལས་གཉེར་བའི་འདུན་པ་སྐྱེས་ཏེ། རང་གི་ཕུགས་འདུན་ལྟར་གཅན་ཚ་རྫོང་ཐོག་ཏུ་ཟ་ཁང་ཆུང་ཆུང་ཞིག་གཉེར་བ་དང་། དེ་ནས་རེབ་གོང་དུ་བོད་ལྭ་ཆེད་འཚོང་ཁང་ཞིག་གཉེར་ནས་ཚོང་ལས་ཀྱི་ཉམས་མྱོང་གང་མང་བསགས་མཐར། ཟ་ཁང་གཉེར་བ་ནས་རིམ་གྱིས་ཚོང་ཁང་གཉེར་བའི་གོ་རིམ་ཁྲོད་ཡོང་སྒོ་ངེས་ཅན་ཞིག་བཙལ་ཐུབ་ནའང་། ཁོ་ནི་ཕུགས་བསམ་གྱིས་ཕྱུག་པའི་མི་ཞིག་ཡིན་སྟབས་སྐབས་དེའི་གནས་བབ་ཙམ་ལ་ཡིད་མ་ཚིམ་པར། ཞིང་ཆེན་ཕྱི་ནང་དུ་མྱུལ་ནས་ལྟ་རྒྱ་དང་མཐོང་རྒྱ་བསྐྱེད་དེ་ཡང་བསྐྱར་རེབ་གོང་ནས་གཞི་རྒྱ་ཅུང་ཆེ་བའི་ཟ་ཁང་ཞིག་གཉེར་མགོ་བརྩམས།

ཚོང་ལས་ཀྱི་ཡོང་སྒོ་ཇེ་བཟང་དུ་སོང་བ་དང་ཚོང་ལས་ཀྱི་ཉམས་མྱོང་སྔར་ལས་ཇེ་ཕྱུག་ཏུ་ཕྱིན་པ་ན། ཁོ་རང་ཕ་ཡུལ་གཅན་ཚ་རུ་ལོག་ནས་རང་གཞན་ཀུན་ལ་ཕན་པའི་ལས་ཀ་ཞིག་གཉེར་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་ཏེ་ད་ལྟ་གཅན་ཚ་རྫོང་དུ་ཡོད་པའི་ལྷ་དར་གསོལ་ཚིགས་ཕོ་བྲང་དངོས་སུ་གཉེར་ཐུབ་པ་བྱུང་། ཁོས་བཤད་པ་བཞིན་ཟ་ཁང་ཆེན་མོ་ཞིག་གཉེར་ཐུབ་ཚེ་རང་གི་ཁྱིམ་ཚང་ཁོ་ནའི་དཔལ་འབྱོར་ཡོང་སྒོ་ཙམ་མིན་པར་མི་གང་མང་ཞིག་ལ་ལས་ཞུགས་ཀྱི་ཐད་ནས་རོགས་རམ་བྱེད་ཐུབ།

ལྷ་དར་གསོལ་ཚིགས་ཁང་ནས་བོད་ཀྱི་བཟའ་བཏུང་རིག་གནས་གཙོས་པའི་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་སྣ་གང་མང་ལོངས་སྤྱོད་ཐུབ་པས་མགྲོན་པོའི་ཚོགས་རྣམས་ནི། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པའི་དཔེ་ལྟར། གནས་འདིར་འདུ་འགོད་ལང་ལོང་བྱེད་བཞིན་འདུག

དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི་ལྷ་དར་གསོལ་ཚིགས་ཁང་གིས་སྔོན་ཆད་ཟས་རིགས་གཡོས་སྦྱོར་ལག་རྩལ་སྦྱོང་དུ་སོང་མྱོང་བའི་སློབ་མ་སྐོར་ཞིག་ལ་ལས་རྐང་བསྐྲུན་པ་དང་། ས་དེའི་གླུ་པ་གླུ་མ་སྐོར་ཞིག་ལ་རང་གི་སྐད་ངག་ལ་བརྟེན་ནས་ཡོང་སྒོ་འཚོལ་སའི་གར་སྟེགས་བསྐྲུན་པ། དེ་ལས་གཞན་སློབ་གྲྭ་འགྲིམ་པའི་སྐལ་བ་མ་ལྡན་པའི་རོང་འབྲོག་ས་ཁུལ་ནས་ཡོང་བའི་བུ་དང་བུ་མོ་སྐོར་ཞིག་གི་ལས་ཀའི་གནད་དོན་ཡང་ཐག་གཅོད་བྱས་ཡོད།

སངས་རྒྱས་རྒྱལ་ནི་གཅན་ཚ་རྫོང་སྐྱ་རྒྱ་སྡེ་བའི་ན་གཞོན་ཞིག་ཡིན། སློབ་གྲྭར་ཅུང་ཙམ་ལས་འགྲིམ་མ་མྱོང་ནའང་། ད་ལྟ་ལྷ་དར་གསོལ་ཚིགས་ཁང་དུ་ཞབས་ཞུ་པའི་ལས་ཀ་སྒྲུབ་བཞིན་ཡོད། ཁོས་བཤད་རྒྱུར།“ངས་ད་ལྟ་ཟླ་རེར་ཟླ་ཕོགས་སྒོར3000འཚོལ་ཐུབ་བཞིན་ཡོད་པས་ཁྱིམ་ཚང་གི་ཡོང་སྒོའང་ཇེ་མང་དུ་སོང་ཡོད། ང་ལ་མཚོན་ན་ལྷ་དར་གསོལ་ཚིགས་ཁང་ནི་རང་གི་ཁྱིམ་ཚང་ལ་ཡོང་སྒོ་འཚོལ་སའི་གནས་བཟང་པོ་ཞིག་ཡིན། ཞབས་ཞུ་པའི་གཟིགས་སྐྱོང་ཐད་ནས་ཀྱང་བཟང་པོ་ཡོད་པས་གནས་འདི་ནས་མུ་མཐུད་དུ་ལས་ཀ་སྒྲུབ་རྩིས་ཡོད།”ཟེར།

རྒྱུས་ལོན་པ་ལྟར་ན། ཟ་ཁང་དེ་རུ་ཁྱོན་བསྡོམས་ལས་བཟོ་པ35བསྡུ་ལེན་བྱས་ཡོད་ལ། ལས་བཟོ་པ་ཕལ་ཆེ་བ་ནི་གཅན་ཚ་རང་ས་རང་ཡུལ་གྱི་འབྱོར་བ་དེ་འདྲ་བཟང་པོ་མིན་པའི་ཁྱིམ་ཚང་ནས་ཡོང་བ་རེད། ཟས་རིགས་གཡོས་སྦྱོར་གྱི་ལག་རྩལ་སློབ་གྲྭར་སོང་མྱོང་མཁན་འགའ་རེས་ཀྱང་ཟ་ཁང་དེ་རུ་རང་གི་ཆེད་ལས་དང་འཚམས་པའི་ལས་ཀ་གཉེར་བཞིན་ཡོད།

ད་ལོ་ལོ་ན21ཡིན་པའི་བུ་མོ་སངས་བྷེ་ནི་གཅན་ཚ་རྫོང་ཚོ་དྲུག་སྡེ་བའི་མི་ཡིན་ཞིང་། མོ་རང་སློབ་འབྲིང་མཐར་ཕྱིན་རྗེས་ཆེད་དུ་མ་བྱན་གྱི་ལག་རྩལ་སྦྱོང་དུ་སོང་སྟེ། ད་ལྟ་ཟ་ཁང་དེ་རུ་མ་བྱན་གྱི་ལས་ཀ་སྒྲུབ་བཞིན་ཡོད། མོ་ཡང་ཧ་ཅང་ཡིད་ཚིམས་པའི་ངང་བཤད་རྒྱུར། “ངས་རང་གི་ཆེད་ལས་ལ་བརྟེན་ནས་ལས་ཀ་རྙེད་དེ་ཟླ་ཕོགས་སྒོར5000ལྷག་ཡོད་པས་ཁྱིམ་ཚང་གི་འཚོ་བ་ཇེ་བཟང་དུ་གཏོང་བར་རོགས་རམ་ཆེན་པོ་བྱེད་ཐུབ་པ་དང་། གཞན་ཡང་ལྷ་དར་ཚང་དུ་ཟ་མ་ཟ་རུ་ཡོང་མཁན་ཚོས་དུས་རྒྱུན་ང་ཚོའི་ཟ་ཁང་གི་ཟ་མའི་རོ་བཅུད་བཟང་པོ་འདུག་ཟེར་བའི་སྐད་ཆ་གང་མང་ཐོས་ཡོང་བས་མུ་མཐུད་དུ་བོད་ཟས་ཀྱི་བྲོ་བ་དང་སྣ་ཁ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འབད་བརྩོན་བྱ་འདོད་ཡོད།”

ཏང་དང་རྒྱལ་ཁབ་ཀྱིས་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་པས་ཁྱིམ་ཚང་དང་སྡེ་བ། རྫོང་དང་གྲོང་རྡལ་གང་མང་ཞིག་གིས་དབུལ་ཐར་ཞྭ་མོ་སྔ་མོ་ནས་ཕུད་དེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅིང་། ལྷ་དར་གསོལ་ཚིགས་ཁང་གིས་ཁྱིམ་གྱི་འབྱོར་བ་ཞན་པའི་ལས་བཟོ་པ་གང་མང་ལ་ལས་རྐང་བསྐྲུན་པ་དེས། དབུལ་སྐྱོར་དབུལ་ཐར་གྱི་ལས་འགན་ནི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་མི་སྒེར་སོ་སོ་ནས་ཀྱང་བསྒྲུབ་ཐུབ་པ་ཞིག་ཡིན་པ་ངང་གིས་རྟོགས་འོང་ལ། རྟ་མགྲིན་རྒྱལ་ལྟ་བུའི་ན་གཞོན་ཕུགས་བསམ་ཅན་གང་མང་ཞིག་གིས་འདི་ལྟར་རང་གི་ཕ་ཡུལ་གྱི་མི་དམངས་ལ་རང་གི་ནུས་པས་སྲི་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་ནི་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཡིན། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།