ཧྲུའུ་ཅི་དང་པོ་ལ་བསྟོད་པའི་མཐེ་བོང་ཞིག་སྒྲེང་།
2020.06.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

2018ལོའི་ཟླ3པར་ཨན་ལེ་ནི་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གསེར་ཐང་ཞང་གསེར་ཐང་སྡེ་བར་མངགས་པའི་ཧྲུའུ་ཅི་དང་པོ་རེད། སྡེ་བར་བཅའ་སྡོད་བྱས་པ་ནས་བཟུང་། མོ་དུད་ཁྱིམ་རེ་རེར་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཁ་ཞེ་གཉིས་མེད་ཀྱིས་སྡེ་མི་རྣམས་ཀྱི་ཁྲོད་དུ་འདྲེས་ཅི་ཐུབ་བྱས་ཤིང་། བརྩེ་སེམས་ཟོལ་མེད་ཀྱིས་སྡེ་མི་རྣམས་ལ་རོགས་སྐྱོར་བྱས་ཏེ། གནས་ཚུལ་ལ་རྒྱུས་མངའ་ཆེ་བ་དང་། གནད་དོན་མཐིལ་ཕྱིན་པར་རྟོགས་པ། ལས་ཀ་དུས་ཐོག་ཏུ་སྒྲུབ་པ། རོགས་སྐྱོར་གནད་ལ་འཁེལ་བ་བཅས་བྱས་པས། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱིས་ཁས་ལེན་གང་ལེགས་ཐོབ་ཡོད།

རང་འགན་བྱ་བ་དང་དུ་བླངས་མ་ཐག་ཨན་ལེས་སྡེ་བའི་ཨུ་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཁག་གི་ནང་དུ་གློག་ཀླད་སྤྱོད་ཤེས་མཁན་མང་པོ་མེད་པའི་རྐྱེན་གྱིས། དབུལ་སྐྱོར་གྱི་རེའུ་མིག་དང་སྙན་ཞུའི་དཔྱད་གཞི་མང་པོ་ཞིག་གི་ནང་དུ་ཡིག་ནོར་གྱིས་ཁེངས་འདུག་པ་དང་། ཚིག་སྔ་ཕྱི་འབྲེལ་མི་ཆགས་པར་གཏན་ཚིགས་དང་མི་མཐུན་པ། གཞི་གྲངས་ཐོ་མི་ཐུག་པ་སོགས་ཀྱི་སྐྱོན་གང་མང་ཞིག་འདུག་པ་མཐོང་། དེ་ལ་དམིགས་ཏེ། མོ་དུད་ཁྱིམ་རེ་རེར་སོང་ནས་གནས་ཚུལ་མཐིལ་རྟོགས་བྱས་པ་དང་ཆད་ལུས་ཡོད་མེད་ཞིབ་བཤེར་བྱས་ནས་དཔྱད་གཞིའི་རྒྱུ་ཆ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དེ་གོམ་པ་དང་པོ་སྤོ་བའི་རྨང་གཞིའི་བྱ་བར་བརྩིས་ནས། ནན་ཏན་གྱིས་དམ་འཛིན་བྱས་པ་རེད།

ཟླ་ངོ3ཙམ་གྱི་དུས་ཚོད་བེད་སྤྱད་པ་བརྒྱུད་ནས། མོས་སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང26ལ་དངོས་སུ་ཉེ་བར་བཅར་ནས་འཚམས་འདྲི་བྱས་ཤིང་། ཁྱིམ་ཚང་རེ་རེ་དབུལ་པོར་གྱུར་པའི་རྒྱུ་རྐྱེན་དང་།ཐོན་སྐྱེད་དང་འཚོ་བ།སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱས་ཚུལ་དང་། ཁྱིམ་ཚང་གི་ཡོང་སྒོ་དང་འགྲོ་སྒོ་སོགས་ཀྱི་གནས་ཚུལ་ཕྲ་ཞིང་ཞིབ་པར་རྒྱུས་ལོན་བྱས་པ་དང་།སྡེ་བའི་ཨུ་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཁག་དང་དབུལ་ཕོངས་མ་ཡིན་པའི་ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱས་ཐོག སྡེ་བ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གནས་ཚུལ་དང་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་དགོས་མཁོ།དེ་མིན་བསམ་འཆར་དང་གྲོས་གཞི་སོགས་ལ་རྒྱུས་ལོན་བྱས། ཏང་ཡོན་ཚང་མར་འཚམས་འདྲི་བྱས་པ་དང་ཀྲི་པུའུ་ཡི་རྩ་འཛུགས་འཛུགས་སྐྲུན་དང་གཞི་གསུམ་འཛུགས་སྐྲུན་སོགས་ལ་རྒྱུས་ལོན་བྱས་པར་མ་ཟད། རྒྱུས་ལོན་བྱུང་བའི་གནས་ཚུལ་ཡོངས་རྫོགས་རང་ཉིད་ཀྱི“དམངས་ཀྱི་གནས་ཚུལ་ཉིན་ཐོ”ཞེས་པའི་དེབ་ཆུང་སྟེང་དུ་ཟིན་འགོད་བྱས།

དོན་དམ་དངོས་གནས་ཀྱི་དེབ་ཐོ་འདི་ཉིད་ཡོད་པས། ཨན་ལེས་འཕྲལ་དུ་ཡིག་ཚགས་ཀྱི་དཔྱད་གཞིའི་ཡིག་རིགས་བཅོས་སྒྲིག་དག་ཐེར་བྱེད་མགོ་བརྩམས་ཏེ། ཕྱོགས་ཡོངས་ནས་རེའུ་མིག་དང་ཡི་གེའི་དཔྱད་གཞི་ཡོད་ཚད་འཐུས་སྒོ་ཇེ་ཚང་དུ་བཏང་བར་མ་ཟད། དབུལ་ཕོངས་ཁྱིམ་ཚང་དང་།དབུལ་ཕོངས་མི་འབོར།སྡེ་བ་རིམ་པ་བཅས་སྲ་བརྟན་དང་གོང་མཐོར་གཏོང་བའི་འཆར་གཞི་བཟོས་ནས། ལོ་ངོ3རིང་གི་འགག་སྒྲོལ་ལ་རྨང་གཞི་བརྟན་པོ་བཏིང་།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚའེ་ཏེ་ཆོན་གྱིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་རྒྱུར། ཧྲུའུ་ཅི་དང་པོའི་རོགས་རམ་མེད་ཚེ། ང་ཚོའི་བསྒྲུབ་བྱའི་ལས་ཀ་མང་པོ་ཞིག་སྒྲུབ་མི་ཐུབ་པར་ལུས་རྒྱུ་རེད།

གསེར་ཐང་སྡེ་བ་ནི་རོང་མ་འབྲོག་གི་རི་མ་ས་ཁུལ་དུ་གནས་པ་དང་། དེ་སྔོན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་པས། ཐོན་ལས་འཕེལ་རྒྱས་རྗེས་སུ་ལུས་པ་དང་། མང་ཚོགས་ཀྱི་ཡོང་འབབ་དམའ་བ་རེད།

སྡེ་མི་ཞུས་ཀུའེ་ཧྥུ་ནད་ཀྱི་དབང་གིས་དབུལ་པོར་གྱུར་པ་དང། 2016ལོར་ཡུལ་གཞན་དུ་གནས་སྤོར་བྱེད་པའི་སྲིད་ཇུས་བཟང་པོའི་རྗེས་ཟིན་ནས། ཁྱིམ་མི་གང་པོ་དགའ་དགའ་སྤྲོ་སྤྲོའི་ངང་ཁང་པ་གསར་པའི་ནང་དུ་སྤར་བ་རེད། སྐྱིད་སྣང་དོད་པའི་སྡོད་ཁང་ཡོད་པས། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་། ཞུས་ཀུའེ་ཧྥུས་ཁྱིམ་ཚང་ལ་ཐོན་ལས་འགན་གཙང་ལེན་བྱེད་དུ་འཇུག་པའི་མ་དངུལ་དང་གྲངས་འབོར་ཉུང་བའི་དངུལ་བུན་བསྐྱི་བ་དང་ཕན་ཚུན་རོགས་རེས་ཀྱི་མ་དངུལ་སོགས་དབུལ་སྐྱོར་རོགས་སྐྱོར་གྱི་མ་དངུལ་གང་འཛོམས་བེད་སྤྱད་དེ་ཁྲུང་ཁྲུང་གསོ་སྤེལ་བྱས་པར་མ་ཟད། ད་དུང་ཆང་བསྙལ་ཁང་བཙུགས་པས། ན་ནིང་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི8.9ལ་སླེབས་ཤིང་། སྡེ་བ་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཁྲོད་ཡོང་འབབ་ཆེས་མཐོ་བའི་ཁྱིམ་ཚང་དུ་གྱུར།

ཞུས་ཀུའེ་ཧྥུས་བལྟས་ན། རང་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དེ། ཏང་གི་གནད་ཁེལ་དབུལ་ཐར་གྱི་དམངས་ཕན་སྲིད་ཇུས་ལས་ཕན་ཁེ་རེག་པ་ཡིན་ལ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁྲིད་སྟོན་རོགས་རམ་དང་ཧྲུའུ་ཅི་དང་པོའི་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་གསོལ་འབུལ་ལའང་ཁ་འབྲལ་ཐབས་མེད །

“ཧྲུའུ་ཅི་ཨན་ལགས་རྟག་ཏུ་ཁྱིམ་ཚང་ལ་འོངས་ནས་གནས་ཚུལ་རྒྱུས་ལོན་བྱེད་པ་དང་ངེད་ལ་ཚོང་ཁའི་ལམ་ཐོག་ཏུ་ཐབས་བཀོད་འཐེན་རོགས་དང་ཇུས་ལེགས་འདོན་རོགས་བྱས་པར་མ་ཟད། ད་དུང་རྒྱུན་དུ་ང་ལ་རོགས་བྱས་ནས་ཐོན་རྫས་ཚབ་འཚོང་བྱེད་ཀྱིན་ཡོད་པས། ང་ཚོས་ཁོ་མོར་ཡིད་ཆེས་དང་གུས་བཀུར་ཡིད་སྨོན་ཞུས་པ་ཡིན”ཞེས་སྨྲས་བྱུང་།

ཉེ་བའི་ལོ་ཤས་རིང་དུ། གསེར་ཐང་སྡེ་བས་ས་ཞིང་ཚབ་གཉེར་དང་གསོ་སྤེལ་ར་བ་དང་ཞིང་འཕྲུལ་བོགས་གཏོང་བྱེད་པ་སོགས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད་ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། 2019ལོར། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི20ལྷག་ལས་བརྒལ་ལ། དེ་ལོ་སྔོན་མ་དང་བསྡུར་ན་སྒོར་ཁྲི8འཕར་བ་རེད།

“ལོ་འདི་འགའི་རིང་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཡག་པོ་བྱུང་ནས། སྡེ་བ་ཡོངས་ཀྱི་མི་རྣམས་ལ་དངོས་ཕན་ཆེན་པོ་ཐོབ་ཡོད། ཐོན་ལས་འདི་དག་གི་འཕེལ་རྒྱས་ནི་ཧྲུའུ་ཅི་དང་པོའི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད”སྡེ་མི་ཝང་ཀུའེ་ཧུའུ་ཡིས་དེ་ལྟར་བཤད།

སྡེ་བར་བཅའ་སྡོད་བྱས་ཚུན་དུ། གསེར་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་མགྱོགས་མྱུར་ངང་སྟོབས་ཆེར་གཏོང་ཆེད། ཨན་ལེ་དང་སྡེ་བའི་ལས་བྱེད་ཚོས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ། ཞིང་ལས་རོགས་སྐྱོར་དང་རོགས་སྐྲུན་སོགས་ཀྱི་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་པ་དང་འབྲེལ།གཅིག་གྱུར་འཆར་འགོད་ཧྲག་སྡེབ་བྱས་ནས་མ་དངུལ་གྱི་འགན་སྲུང་ཇེ་བརྟན་དུ་བཏང་།

ནས་དང་སྐེ་ཚེ་འདེབས་འཛུགས་ཀྱི་ཐོན་ལས་སྦྲེལ་ཐག་རིང་དུ་བསྲིང་ཆེད། མོས་ཧུར་ཐག་གིས་ཞང་སྲིད་གཞུང་དང་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་དང་ཆ་སྒྲིག་རོགས་སྐྱོར་ལས་ཁུངས་བཅས་ལ་འབྲེལ་གཏུག་བྱས་ཏེ། མ་དངུལ་སྒོར་ཁྲི150མཐུན་སྦྱོར་དངོས་འབེབས་བྱས་ནས། ཞིང་ལས་ཐོན་རྫས་ལས་སྣོན་ཁང་གྲབས་འཛུགས་བྱས་པ་རེད་། དེར་མ་ཟད་ཐེངས་མང་པོར་མཚོ་སྔོན་གྱི་ནས་ཀྱི་ཐོན་ལས་མནའ་འབྲེལ་དང་མཐུན་སྦྱོར་བྱས་ནས། སྤྱི་ཆིང46.67ཡོད་པའི“ནས་སྔོན་པོ”རིན་མེད་ངང་ཚོད་འདེབས་བྱེད་པ་བརྩོན་ལེན་བྱས་པ་རེད། ད་ལོའི་ལོ་མགོར། ཨན་ལེས་ཡང་བསྐྱར་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ལ་མཐུན་སྦྱོར་གྱིས་མ་དངུལ་སྒོར་ཁྲི50ཡི་རྒྱབ་སྐྱོར་བྱས་ཏེ། གསེར་ཐང་སྡེ་བ་རུ“ནས་ནག”ཚོད་འདེབས་ཀྱི་ལས་གཞི་གྲ་སྒྲིག་བྱས་པ་རེད།

ད་ལོའི་ལུགས་རྙིང་ལོ་གསར་གྱི་སྐབས་སུ། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་དེ། ཨན་ལེ་འཕྲལ་མར་རང་ཁྱིམ་དང་ཁ་བྲལ་ཏེ་སྡེ་བའི་ནང་སོང་ནས། སྡེ་བའི་ལས་བྱེད་པ་དང་ཏང་ཡོན་དང་མང་ཚོགས་རྣམས་དང་མཉམ་གཅིག་ཏུ་རིམས་ནད་ལ་འགོག་རྒོལ་བྱས། མོས་རང་གྲོན་བཏང་ནས་སྒོར1000རི་བའི་སྨན་སྤྱོད་ཁ་ཐུམ་དང་ལག་ཤུབས།དེ་བཞིན་རིམས་འགོག་དངོས་རྫས་གཞན་དག་ཉོས་ཏེ། དུས་ཚོད་དང་པོའི་ནང་སྡེ་མི་ཚོའི་ལག་ཏུ་སྤྲད་པར་མ་ཟད། སྡེ་བའི་ནང་གི་འགོག་སྲུང་མི་སྣར་མཐུན་སྦྱོར་རོགས་འདེགས་བྱས་ཏེ་གྲང་འགོག་ལྭ་རིང10ཙམ་ཕུལ་བ་དང་སྒོར་ཁྲི་ཚོ1ལྷག་གི་ཞལ་འདེབས་བརྒྱབ་པས། སྡེ་བའི་ནང་གི་རིམས་ནད་འགོག་རྒོལ་གྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

དབུལ་ཐར་འགག་སྒྲོལ་གྱི་ལམ་དུ། ཨན་ལེས་ཆུང་དོར་ཆེ་བསམས་བྱས་ཤིང་། ཀུན་གྱི་མདུན་དུ་མཆོངས་ནས། དངོས་སྒྲུབ་གསར་གཏོད་དང་སྣེ་ཁྲིད་དཔེ་སྟོན་བྱས་པ་དང་། ཁོ་མོའི་ལྷག་བསམ་རྣམ་དག་དང་བྱ་སྤྱོད་དངོས་ལ་སྡེ་མི་ཚོའི་ལྷག་བསམ་ཟོལ་མེད་ཀྱི་བསྟོད་བསྔགས་ཐོབ། 

                                                                 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།