ལྷ་འཚོ་ཡི་ལས་སྐྲུན་ལམ་བུ།
2020.06.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

ལོ་རབས་བརྒྱད་ཅུ་བའི་ནང་སྐྱེས་པའི་ལྷ་འཚོ་ཡིས་ཕག་གསོས་ནས་ལོ་ངོ་བཅུ་གསུམ་འགོར་བ་དང་། བོད་ལ་ཕག་གསོ་བའི་གོམས་སྲོལ་མེད་པས། དང་ཐོག་ཁྱིམ་མི་ཚོས་མོ་ལ་རྒྱབ་སྐྱོར་བྱེད་ཀྱིན་མེད། ཁོ་མོའི་ལས་སྐྲུན་གྱི་ལམ་བུ་གླེང་དུས། ལྷ་འཚོ་དགོད་ཞོར་དུ་ཉིན་ཞག་གསུམ་ལ་བཤད་ཀྱང་ཚར་ཐབས་མེད་ཟེར།

ལྷ་འཚོ་སློབ་ཆུང་ལོ་རིམ་གཉིས་པའི་སྐབས་སུ་སློབ་གྲྭ་ནས་ཕྱིར་ལོག་ཏེ་སྲིང་མོ་དང་མཉམ་དུ་ཕུ་བོ་དང་ཨ་ཅེའི་བྱིས་པ་སྐྱོང་རོགས་བྱས་ལ། ལོ་བཅུ་གཉིས་ཀྱི་སྐབས་སུ་ཁོ་མོས་ཟ་མ་ཀྱང་ལས་ཤེས། ལོ་བཅུ་དྲུག་གི་སྐབས་སུ། ལྷ་འཚོ་སྒོ་ཕྱིར་ཞོར་ལས་ལ་སོང་། རིག་གནས་མེད་པ་དང་ལག་རྩལ་མི་ཤེས་པས་སྐབས་དེར་སྔོ་ཚོད་དང་དཀར་ཡོལ་འཁྲུ་བ་ལས་ཅི་ཡང་ལས་མི་ཤེས་ལ། རྗེས་ནས་གཞན་གྱི་སར་ཐུག་པ་བསྐོལ་སྲོལ་བསླབ། སྐབས་དེར་ཁོ་མོས་བྱ་བ་གཉིས་ལས་བཞིན་ཡོད་དེ། ཐུག་པ་བསྐོལ་ན་ཟླ་རེར་སྒོར་མོ་སུམ་བརྒྱ་ཡོད་པ་དང་། དེ་ནས་ས་གཞན་ལ་སོང་ནས་དཀར་ཡོལ་འཁྲུ་བཞིན་ཡོད་ལ། དེ་ལས་ཟླ་རེར་སྒོར་མོ་ཉིས་བརྒྱ་ལེན་བཞིན་ཡོད། ཉལ་ཁང་ནང་གི་བུ་མོ་གཞན་དག་རྨི་ལམ་གྱི་ཞིང་ཁམས་འགྲིམས་པའི་སྐབས་སུ། ལྷ་འཚོ་དགོང་མོའི་དུས་ཚོད་བཅུ་གཅིག་བཅུ་གཉིས་སྐབས་སུ་ད་གཟོད་ཉལ་ཁང་དུ་ལོག་བཞིན་ཡོད།

རྗེས་ནས་མོ་རང་ཤ་བོ་འགག་གི་དགོང་མོའི་ཚོང་ར་སྟེང་སོང་ནས་ལུག་ཤ་བསྲེག་མ་བཙོང་། ཉིན་རེར་ཚོང་ཤིན་ཏུ་བྲིན་པས་ཁོ་མོ་ཡིད་ཚིམས་ཡོད། ཉིན་རྒྱུན་ཞོགས་པའི་དུས་ཚོད་བཞིའི་སྟེང་མལ་ལས་ལངས་ཏེ་ལུག་གི་ནང་ཁྲོལ་ཉོ་རུ་བྱིན། རིན་གོང་གཅིག་འདྲ་ཡིན་ཡང་། གལ་ཏེ་འགྲོ་འཕྱི་ན་བཟང་པོ་རྣམས་མི་གཞན་གྱིས་ཉོས་འགྲོ་པས། རང་གི་དཀའ་སྡུག་ལ་འབྲས་བུ་ཡོད་ཆེད། མོ་རང་དུས་རྒྱུན་སྔ་མོ་ནས་གནས་དེར་ཐོན་ཡོད་ལ། ཆེས་དཀའ་བ་ནི་ལུག་གི་ནང་ཁྲོལ་འཁྲུད་རྒྱུ་དེ་རེད། ཁོ་མོའི་ལག་པས་དུས་རྒྱུན་ཆུ་འཁྱག་ལ་ཐུག་པའི་རྐྱེན་གྱིས་སེར་ག་གས་ཡོད་པ་དང་། ལག་པ་ཆུ་དང་འཕྲད་ཚེ། ན་ཟུག་བཟོད་དཀའ་བ་འབྱུང་བཞིན་ཡོད་པ་རེད། འཚོ་བ་སྔར་ལས་བཟང་པོ་རོལ་ཆེད། ཁོ་མོས་དགོང་མོར་ལག་པའི་སྟེང་སྣུམ་མཐུག་པོ་ཞིག་བྱུགས་རྗེས་འགྱིག་ཤོག་གིས་བཏུམ་ནས་ཉལ་བ་དང་། ཉིན་གཉིས་པར་སྐྱི་པགས་ཇེ་བཟང་ལ་སོང་ཡོད། འདི་ལྟར་ལོ་གཅིག་འགོར་རྗེས་ལྷ་འཚོ་ཡི་ལག་པའི་རུས་ཚིགས་ལ་དུས་རྒྱུན་ན་ཟུག་ལངས་པ་མ་ཟད་དབྱིབས་ཀྱང་འགྱུར་ཡོད། རྗེས་ནས་རྟག་དཔྱད་བྱས་རྗེས། སྨན་པས་ཁྱེད་ཀྱིས་མུ་མཐུད་དུ་འདི་ལྟར་ལས་ཀ་ལས་མི་ཉན་ཞེས་བཤད་པ་དང་། ལྷ་འཚོ་ཡིས་རྗེས་ཕྱོགས་ཀྱི་འཚོ་བ་ཇི་ལྟར་བྱ་ཞེས་སེམས་ཁུར་ཆེན་པོ་བྱས།

ཉིས་སྟོང་དྲུག་ལོར་ལོ་ན་ཉེར་གཅིག་ལ་སོན་པའི་ལྷ་འཚོ་ཡིས་ས་གནས་དེ་གའི་གཟན་ཆས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས་ཕག་གསོས་པ་དང་། ལོ་ངོ་བཅུ་འགོར་རྗེས། ལྷ་འཚོ་གསོ་སྤེལ་ལས་རིགས་ཐད་ཡིད་ཆེས་སྔར་ལས་ཆེན་པོ་ཡོད་པར་གྱུར། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཅིག་པར། གཅན་ཚ་རྫོང་སྣང་ར་ལྷ་འཚོ་ཕག་ཕྲུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས། ལྷ་འཚོ་ཡིས་ཕག་ཕྲུག་བཅོ་ལྔ་ཉོས་ནས་གསོས་པ་དང་། ཕག་དེ་དག་གསོ་ཁ་ནས་བུད་རྗེས་ཤ་ཡི་རིན་གོང་ཡང་ཇེ་མཐོར་སོང་བ་དང་། ལྷ་འཚོ་ལ་ཡོང་སྒོ་ཡོད་པར་གྱུར། འདིས་མོ་རང་དགའ་ནས་གསོ་སྤེལ་ལས་རིགས་གཉེར་རྒྱུའི་སེམས་ཐག་བཅད་ལ། ལོ་གཉིས་པར་མོས་ཁོ་མོའི་ཨ་ཅེ་དང་གྲོས་བྱས་ནས་ཕ་མར་དོན་དེ་བཤད་དེ། ཁོ་མོ་ཚང་གི་ས་རྒོད་མུའུ་གཉིས་ཡོད་པ་དེའི་སྟེང་དུ་མ་དངུལ་སྒོར་མོ་ཁྲི་གསུམ་བཞི་ཞིག་བཏང་སྟེ། ཕག་ཁང་བཅུ་དྲུག་ལས་པ་དང་། ཕག་དྲུག་ཅུ་ཉོས། ལོ་དེར་ལྷ་འཚོ་ཡིས་ཡང་བསྐྱར་ཡོང་སྒོ་མང་པོ་བཙལ་བ་དང་། འདིས་ཁོ་མོར་ཡིད་ཆེས་སྔར་ལས་ཆེན་པོ་བསྩལ།   དེ་ནས་ཡང་ལྷ་འཚོས་ཀན་སུའུ་ནས་ཕག་བརྒྱད་ཅུ་ཉོས་ཏེ་མ་འོངས་པའི་འཚོ་བར་རེ་བར་ཁེངས་ཡོད་པའི་སྐབས་སུ། ཕག་ནད་བྱུང་ནས་ཕག་གཉིས་ལས་གཞན་ཚང་མ་ཤི ཁོ་མོ་ཟླ་གཉིས་ཀྱི་རིང་ལ་ཉལ་སར་ལྷུང་ནས་ཟས་ཟ་འདོད་མེད་པར་གྱུར་བ་མ་ཟད། མི་གཅིག་ལའང་ཐུག་འདོད་མེད་པར་གྱུར། བརྒྱུད་རིམ་དེ་ནི་ལྷ་འཚོའི་མི་ཚེའི་ཁྲོད་ཀྱི་ཆེས་དཀའ་སྡུག་ཆེ་བའི་སྐབས་ཤིག་རེད། མ་གཞི་ནས་ཁྱིམ་མིས་རྒྱབ་སྐྱོར་བྱེད་བཞིན་མེད་པས། ཁོ་མོས་བྱ་བ་དེའི་མུ་སྐྱོང་མི་ཐུབ་པར་འདོད་ཡོད། ཟླ་གཉིས་ཀྱི་རྗེས་སུ། ལྷ་འཚོས་རང་གིས་རང་ལ་ངར་ཤུགས་བྱིན་ཏེ། ཁང་ཡིག་གཏའ་མར་བཞག་པ་དང་། གྲོགས་པོ་བརྒྱུད་དེ་སྐྱེད་ཀ་མཐོན་པོའི་སྒོར་མོ་ཁྲི་གཉིས་བསྐྱིས་ཏེ་ཡང་བསྐྱར་ཕག་དྲུག་ཅུ་ཉོས་ནས་གསོ་མགོ་ཚུགས། སྐབས་དེར། གཅན་ཚ་རྫོང་སྲིད་གཞུང་གི་ལས་བྱེད་མི་སྣ་དང་ཕྱུགས་སྨན་ས་ཚིགས་ཀྱི་འགོ་བས་རང་འགུལ་གྱིས་ཚུར་བཙལ་ཡོང་ནས་མཉམ་ལས་ཁང་གི་གསོ་སྤེལ་ལས་རིགས་ལ་རྒྱབ་སྐྱོར་དང་སྐུལ་མ་གནང་སྟེ། ལྷ་འཚོ་དང་སྡེ་བའི་ནང་གི་ཁྱིམ་ཚང་གཞན་བཞི་ལ་ཕག་མ་བཅུ་ཉོས་ཀྱང་། ཁྱིམ་ཚང་གཞན་པ་བཞི་བོའི་བརྩོན་སེམས་མི་མཐོ་བས། ལྷ་འཚོས་ཁྱིམ་ཚང་དེ་དག་གི་ཕག་ཚུར་ཉོས་པ་དང་། ལོ་གསུམ་པ་དང་ལོ་བཞི་བར་ཁོ་མོས་གསོས་པའི་ཕག་ཕྲུག་ཉིས་བརྒྱ་ལྷག་ལ་སླེབས། ལྷ་འཚོ་ཡིས་གཅན་ཚ་རྫོང་གི་སློབ་གྲྭ་གཉིས་ལ་སྔ་གཞུག་ཏུ་ཉོ་བསྡུའི་གྲོས་འཆམ་བཞག་པས། ལྷ་འཚོ་མཉམ་ལས་ཁང་སྔར་ལས་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན།

ཕག་གསོས་པའི་ལོ་དེ་དག་ལ་ཕྱིར་དྲན་བྱེད་སྐབས། ལྷ་འཚོར་སྐད་ཆ་མང་པོ་ཞིག་བཤད་རྒྱུ་ཡོད། སྐབས་དེར་ཕག་ནད་བྱུང་ནས་ཕག་རྣམས་ཤི ཤི་བའི་ཕག་དེ་དག་ཚོང་རར་གཏན་ནས་མ་བཀྲམ་ཟེར། ཕག་མས་ཕག་ཕྲུག་རྩེབས་རྗེས་ཤི་བའི་ཚད་ཇེ་དམའ་རུ་གཏོང་ཆེད། དགུན་འཁྱག་རིང་མོར་མོ་རང་ཕག་ཚང་ནས་ཉལ་མྱོང་ལ། ནད་བྱུང་བའི་ཕག་ཕྲུག་རང་གི་བྱིས་པ་བཞིན་རུམ་ནས་གནམ་ཁབ་རྒྱག་ཏུ་སོང་མྱོང་། ཕག་ཤི་བའི་རྐྱེན་གྱིས་ལྷ་འཚོས་འགོག་སྲུང་བྱ་བར་གཙིགས་འཛིན་ཆེན་པོ་བྱས་པ་དང་། གསོ་སྤེལ་བྱེད་ན་ཚན་རྩལ་འདེགས་སྐྱོར་བྱེད་དགོས་པ་ཤེས་ཡོད་པས། དུས་རྒྱུན་ཆེད་མཁས་པར་བློ་འདྲི་དང་རང་ཉིད་ཀྱིས་རྒྱུ་ཆར་ལྟོས་ནས་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པར་བྱས། འགོག་ཁབ་རྒྱག་ཐེངས་རེར་ཁོ་མོས་ཆེད་མཁས་པ་ཁྲིད་ཡོང་ནས་འགོག་ཁབ་རྒྱག་བཞིན་ཡོད། ལོ་ངོ་དེ་འདྲ་མང་པོའི་རིང་ཕག་གསོས་པ་ལ་བརྟེན་ནས་ལྷ་འཚོ་སྡེ་བའི་ནང་མིང་གྲགས་ཅུང་ཡོད་པའི་ཕག་གསོ་བ་ཞིག་ཏུ་གྱུར། ཁོ་མོས་ཕག་གི་ནད་ལ་ཅུང་ལྟ་ཤེས་པ་དང་ནད་བཅོས་ཡང་བྱེད་ཤེས་པས། ཕྱུགས་སྨན་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཡང་ཧ་ལས་བཞིན་ཡོད་པ་རེད། ལྷ་འཚོས་ཤེས་པ་ཧ་ཅང་མང་། ཁོ་མོ་ད་དུང་ཕག་ཕྲུག་གསོ་སྤེལ་གྱི་འཕྲིན་ཕྲན་ཚོགས་པ་ཞིག་ཏུ་ཞུགས་ནས་དོན་དག་ལ་འཕྲད་ཚེ་ཚོགས་པའི་ནང་གི་ཆེད་མཁས་པ་དང་རྒྱལ་ཡོངས་ས་ཁུལ་སོ་སོའི་ལས་རིགས་གཅིག་པ་རྣམས་ལ་བློ་འདྲི་དང་སློབ་སྦྱོང་བྱེད་བཞིན་འདུག

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པར། ལྷ་འཚོས་གཅན་ཚ་རྫོང་དུ་ཅིན་ཡོན་ཚོང་དོན་མགྲོན་ཁང་ཞེས་པ་ཞིག་ཐོ་འགོད་བྱས་པར་མ་ཟད། ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བར་གཅན་ཚ་རྫོང་གི་སྐབས་དང་པོའི་གཡང་མདའ་རྟགས་མའི་རང་དབང་དྲག་རྩལ་འགྲན་སྡུར་ཚོགས་པའི་ཉིན་དེར་དངོས་སུ་ལས་སྒོ་ཕྱེས། ཉིན་ལྔ་བོ་དེའི་ནང་སྒོར་མོ་ཁྲི་གཉིས་དང་སྟོང་ལྔའི་ཡོང་སྒོ་བླངས་ཏེ། མགྲོན་ཁང་སྒོ་ཕྱེས་པའི་བཀྲ་ཤིས་པའི་དུས་བཟང་བསུས་ཡོང་།

བུད་མེད་ཀྱི་ཆེས་ལེགས་པའི་གཤིས་ཀ་ནི་ཅི་ཞིག་ཡིན་ཟེར་ན། ལྷ་འཚོས་བཤད་རྒྱུར། དེ་ནི་རང་ཉིད་སྟོབས་ལྡན་དུ་གཏོང་བ་དང་སྒྲུབ་ཕོད་པ་དེ་རེད་ཟེར། ཁོ་མོས་ཀྱང་རང་ཉིད་ཀྱི་རྐང་པར་བརྟེན་ནས་དཀའ་སྤྱད་ཀྱིས་ལས་ཀ་ལས་པས། ད་གཟོད་མཛེས་སྡུག་གི་འཚོ་བ་བསྐྲུན་ཡོད་པ་རེད།

སེམས་པ་ཇི་འདྲའི་ཡངས་ན། སྟེགས་བུ་དེ་ལྟར་ཆེ་བ་བཞིན་དུ། ད་ལྟ་དཀའ་སྤྱད་སྡུག་རུས་བྱེད་ཕོད་པའི་ལྷ་འཚོ་ནི་ས་དེའི་ཐོན་ལས་དབུལ་ཐར་གྱི་གསོན་ཉམས་ལྡན་པའི་དཔེ་མཚོན་དུ་གྱུར་ཡོད། ལྷ་འཚོ་ད་དུང་ཡང་མཉམ་ལས་ཁང་དང་མགྲོན་ཁང་ལས་གཉེར་བྱེད་པའི་བར་ན་ཕར་རྒྱུགས་ཚུར་རྒྱུགས་བྱེད་བཞིན་ཡོད་ཅིང་། ཁོ་མོས་ཕག་གསོ་བར་བརྟེན་ནས་སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། ཤུགས་ཡོད་ཚད་ཀྱིས་མོ་དང་མོའི་ཉེ་འགྲམ་གྱི་མི་ལ་དབུལ་ཐར་ཕྱུག་བསྒྱུར་གྱི་ཕུགས་འདུན་སྩོལ་འདོད་ཡོད་པ་རེད།

ལོ་ཙཱ། ཚེ་རིང་སྒྲོལ་མ།