འབྲུ་སྣའི་དྲི་ཞིམ་ཕྱོགས་བཞིར་འཐུལ། དབུལ་ཐར་ལམ་ཁ་ཡངས་པོར་གྱུར།
2020.07.02 ཁུངས། མཚོ་སྔོན་ཚན་རྩལ་ཚགས་པར། ཀློག་གྲངས། 48

 སྲོལ་རྒྱུན་ལག་རྩལ་གྱིས་དབུལ་ཐར་ཕྱུག་འགྱུར་ལ་རམ་འདེགས་བྱེད་པའི་མུ་འབྲེལ་ཆེད་བསྒྲིགས། (ཁག་གཉིས་པ)

བློ་དང་བརྩོན་འགྲུས་ལྡན་གྱུར་ན། དེ་ཡིས་བསྒྲུབ་པར་མི་ནུས་གང་ཞེས་པ་འདི་གཅན་ཚའི་འབྲུ་སྣའི་རི་མོའི་ལག་རྩལ་གྱི་རྒྱུད་འཛིན་པ་བསོད་ནམས་འབུམ་གྱི་མི་ཚེ་ལམ་བུ་ལ་སྦྱར་ན་ཅི་ནས་ཀྱང་འཚམ་པ་ཞིག་ཏུ་སྣང་། ཁོ་ནི་དབང་པོ་སྐྱོན་ཅན་ཞིག་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ཞིག་ཏུ་གྱུར་པ་དང་། འཚོ་ཚིས་ཀྱི་ཆེད་དུ་ལ་ལུང་རྒྱུ་མཁན་ཞིག་ནས་ལས་གཏོད་གསར་གཏོད་ཀྱི་ཁེ་ལས་པ་ཞིག་ཏུ་གྱུར་ཡོད་ལ། ཁོས་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་དང་རྟག་བརྟན་གྱི་བརྩོན་པ་ཞིག ལྷད་མེད་ཀྱི་དུངས་སེམས་ཤིག་གིས་གཅན་ཚའི“འབྲུ་སྣའི་རི་མོ”ཡི“དྲི་ཞིམ”ཕྱོགས་བཞིར་འཐུལ་དུ་བཅུག་ནས་དབུལ་ཐར་གྱི་ལམ་ཁ་ཡངས་པོར་གྱུར།

བསོད་ནམས་འབུམ་ནི་གཅན་ཚ་རྫོང་ཚོ་དྲུག་ཞང་གི་ལྷ་སྡེ་གྲོང་ཚོ་ནས་ཡིན་ལ། མཐོ་འབྲིང་མཐར་ཕྱིན་རྗེས་ཁྱིམ་དུ་འཁོར་བ་སྐྱོང་འགོ་ཚུགས་ནས་ལག་རྩལ་སྦྱངས་ཏེ་ཟ་ཁང་ཕྱེ་བ་དང་། ཁ་ལོ་བ་དང་ཞིང་ལས་པ་སོགས་ལས་གང་མང་ཞིག་ལ་འབད་ཀྱང་བྱ་བ་ལམ་འགྲོ་ཡོང་བ་གཅིག་ཀྱང་མ་བྱུང་བའི་ཁར། རྐྱེན་ངན་ལམ་ནས་འཕྲད་དེ་རྣ་བའི་དབང་པོའང་གང་ཡིན་འདི་ཡིན་མེད་པར་ཉམས་ཏེ་འཇིག་རྟེན་སྒྲ་ཡི་ལོངས་སྤྱོད་ཀྱི་སྐལ་བ་མེད་པར་གྱུར།“རྣ་དབང་ཉམས་རྗེས། དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ལེན་མ་ཐུབ། མི་གཞན་དང་འབྲེལ་འདྲིས་བྱེད་སྐབས། སྐད་ཆ་མ་གོ་བ་ཡིན་ན། རྣ་ཡིས་མ་གོ་ཁ་བྱེད་ཀྱིན་འདུག་ཅེས་ཀྱང་བཤད་མྱོང་། ལྷག་པར་དུ་ལས་ཀ་བྱེད་པར་བར་ཆད་ཆེན་པོ་ཐེབས་ནས་ཁྱིམ་ཚང་གི་ཡོང་འབབ་དང་འགྲོ་སོང་དག་ཆུང་མ་ཁོ་ནར་བརྟེན་དགོས་སྟབས། ཁྱིམ་ཚང་གི་ཆ་རྐྱེན་ཡང་ཇེ་ཞན་དུ་གྱུར་སོང”ཞེས་བསོད་ནམས་འབུམ་གྱིས་དེ་ལྟར་བཤད་བྱུང་།

རྐྱེན་ངན་ལས་ཀྱིས་བཟློག་མི་ཐུབ་ཀྱང་བརྩོན་པས་ཟློག་ཅེས་པ་ལྟར། ཁོས་སྲིད་གཞུང་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་ཁོ་ནར་མ་བལྟས་པར་རང་གི་བློ་རིག་དང་ལག་ཟུང་ལ་བསྟེན་ནས་རང་ལ་འཚམ་པའི་ལས་ཤིག་བསྒྲུབ་པར་བསམ་བློ་གང་ལེགས་བཏང་།

སྟེས་དབང་གིས་འབྲུ་སྣ་བསྒྲིགས་ཏེ་རི་མོ་བཟོ་བའི་བརྙན་ཞིག་མཐོང་བ་ལ་བརྟེན་ནས་རིག་པའི་ཀློང་དང་དྲན་པའི་མཐིལ་བརྡོལ་བར་གྱུར་ཏེ་ཕ་ཡུལ་གྱི“དཀྱིལ་ཀ་ལྷ་མོ”ཞེས་པའི་འབྲུ་སྣ་བསྒྲིགས་ཏེ་རི་མོ་གང་ཡག་བཟོས་ནས་མི་ལ་ནད་མེད་ཚེ་རིང་དང་། ཕྱུགས་ལ་གོད་ཁ་མེད་པ། ཆར་ཆུ་དུས་སུ་འབབ་པ། ལོ་ལེགས་རྟག་ཏུ་འབྱུང་བ། མི་དམངས་བདེ་ཞིང་སྐྱིད་པོ་ཡོང་བའི་སྨོན་ལམ་གྱི་སྲོལ་ཡོད་པ་དེར་གཞིགས་ནས་མི་ཚེའི་ལམ་ཁ་བསྒྱུར་བའི་མགོ་བརྩམས།

བསོད་ནམས་འབུམ་གྱིས་བཤད་རྒྱུར། “ཆུང་དུས་ཀྱི‘དཀྱིལ་ཀ་ལྷ་མོ’ལ་མཆོད་གསོལ་གྱི་རི་མོའི་བཟོ་སྟངས་རྨང་གཞི་བྱས་ཏེ་གྲོ་ནས་སྲན་གསུམ་གྱི་འབྲུ་སྣ་དང་ཤོག་བུ། སྤྱིན་ཆུ་བཅས་བེད་སྤྱད་ནས་ཉིན་གང་མང་ཞིག་ལ་འབད་པ་ཆེན་པོས་བཟོས་མཐར་འབྲུ་སྣའི་རི་མོ་གཉིས་ལ། ཕ་མ་གཉིས་ཀྱིས་བསྟོད་བསྔགས་ཡང་ཡང་བྱས། དེ་ནས་ལས་འདིར་འཇུག་པའི་སེམས་ཤུགས་ཀྱང་ཇེ་བརྟན་དུ་གྱུར”སོང་།  འབྲུ་སྣའི་རི་མོ་བཟོ་བའི་ལག་རྩལ་ལ་སློབ་སྦྱོང་བྱེད་ཤུགས་ཇེ་ཆེ་དང་འབྲུ་སྣའི་རི་མོ་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འབྲུ་སྣ་གདམ་པ་དང་བརྗོད་དོན་འཚོལ་བ། འབྲུ་སྣའི་མགོ་སྔ་སྒྲིག་སྟངས་སོགས་ཀྱི་ལས་རིམ་ཞིབ་ཚགས་སུ་གཏོང་བར་འབད་དེ་མི་ཚེའི་ལམ་ཆེན་གྱི་སྐྱ་ཐིག་དེ་འབྲུ་སྣ་རི་མོའི་ཐོག་ལ་བཏིང་།

སྙིང་རུས་ཀྱི་ལག་རྩལ་ལས་འབྲུ་སྣའི་ཞིང་ས་ལ་འབྲས་བུ་བསྐྱེད་པ།

འབྲུ་རིགས་སྣ་ལྔའི་རི་མོའི་བཟོ་རྩལ་ཇེ་ཡངས་ཇེ་རྒྱས་སུ་གཏོང་ཆེད། 2007ལོ་ནས་བཟུང་། བསོད་ནམས་འབུམ་གྱིས་སྲོལ་རྒྱུན་གྱི་འབྲུ་སྣའི་རི་མོའི་བཟོ་རྩལ་ལ་སྙིགས་དོར་བཅུད་ལེན་སྒོས་འཕེལ་རྒྱས་བཏང་སྟེ་སྔར་གྱི་འབྲུ་སྣ་འགའ་དང་ཤོག་བུ། སྤྱིན་ཆུ་བཅས་ལ་བརྟེན་ནས་བཟོ་བ་དེར་འབྲུ་སྣ་བཅུ་ཕྲག་འགའ་དང་སྤུས་ལེགས་སྤྱིན་ཆུ་སྤྱོད་པ། མ་གདན་སྡེར་མ་སོགས་བྱེད་པར་བསྒྱུར་བ་དང་། ལྷག་པར་དུ་འབྲུ་སྣའི་རི་མོ་ཉར་འཇོག་ཇི་ལྟར་བྱེད་པ་དང་མདོག་ལེགས་སྤུས་བཟང་དུ་ཇི་ལྟར་གཏོང་བ་སོགས་ལ་ཚོད་ལྟ་ཐེངས་མང་བྱས་མཐར། རི་མོ་ཉར་འཇོག་ལ་འབུ་བརྒྱག་པ་དང་རུལ་བ། ཚོན་མདངས་ཡལ་བ། འབྲུ་སྣ་སྦོས་འཁུམས་འབྱུང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད། བཟོས་པའི་རི་མོ་ལའང་བསླངས་གཟུགས་ཀྱི་ཉམས་དང་སྒྱུ་རྩལ་གྱི་ཁྱད་ཆོས། རང་བྱུང་གི་མདངས་མ་ཉམས་པ་ཞིག་བྱུང་།


“2014ལོར། ངས་འབྲུ་སྣའི་རི་མོ་གཉིས་ཁྱེར་ཏེ་ཞང་སྲིད་གཞུང་གི་ཞང་གཙོ་ལ་བསྟན་མཐར། ཞང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་རྫོང་སྲིད་གཞུང་ལ་རོགས་སྐྱོར་རེ་ཞུ་ཕུལ་བར་མ་ཟད། རྫོང་ཐོག་ནས་སྟབས་བདེའི་ཚོང་ཁང་ཞིག་གཉེར་རྒྱུའི་སྐུལ་མའང་གནང་པས་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་རྙེད་བྱུང་”ཟེར། རྫོང་སྲིད་གཞུང་གིས་རོགས་སྐྱོར་གནང་འོག་རྫོང་ལུས་རྩལ་ར་བའི་སྒོ་ཁ་ནས་འབྲུ་སྣའི་རི་མོ་བཟོ་སྐྲུན་ཁང་བཙུགས་པ་དང་། བརྩམས་ཆོས《བཀྲ་ཤིས་རྟགས་བརྒྱད》དང《མཐུན་པ་སྤུན་བཞི》གཉིས་སོ་སོར་སྒོར3000རེ་ལ་བཙོངས་པའི་ཡོང་འབབ་ཐོག་མ་སྒོར6000ཐོབ་པ་འདི་བསོད་ནམས་འབུམ་ལ་མཚོན་ན་ལས་ཀ་འདིར་ཞུགས་པའི་རྟིང་སྐུལ་བྱ་དགའ་ལྟ་བུ་ཞིག་དང་། རྗེས་ཕྱོགས་མུ་མཐུད་ནས་འབད་བརྩོན་བྱེད་པའི་ཆོད་སེམས་བརྟན་པོ་ཞིག་ཀྱང་ཆགས། 2015ལོའི་ཟླ5བར། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་གཡང་འགུག་འབྲུ་སྣའི་རི་མོ་ཚད་ཡོད་ཀུང་ཟི་བཙུགས་ཤིང་། ལོ་དེའི་ཟླ12པ་ནས་བཟུང་། དུས་ཡུན་ཟླ9 ལྷག་བེད་སྤྱད་དེ《སྟོན་པའི་ཐང་ག》ཞིག་བཟོས་པ་ལ། སྒོར་མོ་ཁྲི6ལ་བཙོངས་མཐར་འབྲུ་སྣའི་རི་མོའི་ཞིང་ས་འདིར། ལོ་ལེགས་ཀྱི་འབྲས་བུ་བཟང་བོ་སྨིན།

དྲིན་གྱིས་བསྐྱངས་བའི་ཆོད་སེམས་ཀྱིས་གཡུར་དུ་ཟའི་འབྲས་བུ་མཉམ་རོལ་བྱེད་པ།

གསེར་ས་ན་ཡོད་ཀྱང་འོད་གནམ་ལ་འཕྲོ་ཞེས་པ་ནང་བཞིན། འབྲུ་སྣའི་རི་མོའི་ལས་འདི་རིམ་བཞིན་ལམ་ལྷོང་འབྱུང་བ་དང་བསྟུན་ནས། 2018ལོར། འབྲུ་སྣའི་རི་མོ་བཟོ་རྩལ་འདི་གཅན་ཚ་རྫོང་གི་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་གྲས་སུ་བཞག་པ་དང་། 2019ལོའི་ཟླ10པར། གཡང་འགུག་འབྲུ་སྣའི་རི་མོ་ཚད་ཡོད་ཀུང་ཟིའི་བརྩམས་ཆོས 《ཆུ་ཁུར་བུ་མོ》ལ་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་བརྩམས་ཆོས་རི་མོའི་འགྲན་བསྡུར་ལས་བྱ་དགའ་ཨང་གསུམ་པ་ཐོབ། ཁོས“གྲུབ་འབྲས་འདི་འདྲ་བླངས་པ་ནི་རང་ཉིད་ཀྱི་འབད་བརྩོན་དང་ནང་མི་སྤུན་ཟླའི་སྐུལ་ལྕག། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་རོགས་སྐྱོར་ཡིན་ལ། ད་ལྟ་ཀུང་ཟིས་ཀྱང་གཞི་རྒྱ་ཆེ་རུ་བསྐྱེད་དེ་རང་ཉིད་ལྟ་བུའི་ལས་ཀར་ཞུགས་དཀའ་བའི་རིགས་ཀྱི་ལས་མི་སྡུད་བཞིན་ཡོད་ལ། ལས་ཀར་ཞུགས་སྟངས་ཀྱང་ལས་མིའི་གནས་བབ་དང་བསྟུན་ནས་གང་བདེར་བཀོད་སྒྲིག་བྱེད་བཞིན་ཡོད”ཟེར།

གཡང་འགུག་འབྲུ་སྣའི་རི་མོ་ཚད་ཡོད་ཀུང་སི་འདིར་ལས་མི3ཙམ་ལས་མེད་པ་ཞིག་ནས་ལས་མི27ལ་བུད་པ་དང་། དེའི་ནང་དུ་ཁུལ་རིམ་པའི་ལག་རྩལ་པ1དང་རྫོང་རིམ་པའི་ལག་རྩལ་པ3 རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ4བཅས་དང་། བུད་མེད་ལས་མི21 དབུལ་ཕོངས་ལས་མི14 དབང་པོ་སྐྱོན་ཅན11བཅས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ལས་མི་ཚོར་འབྲུ་སྣའི་རི་མོ་ཆེ་ཆུང་གང་རུང་བཟོས་པ་ལ་གཞིགས་ཏེ་གླ་ཆ་སྤྲོད་བཞིན་ཡོད་ཅིང་། རི་མོ་ཆེ་བ་ཞིག་ལ་ལས་ཡོན་སྒོར800དང་ཆུང་བ་ཞིག་ལ་སྒོར120ཡིན། གཞན་ད་དུང་དབང་པོ་སྐྱོན་ཅན་དང་དབུལ་ཕོངས་ཁྱིམ་ཚང་གི་བུད་མེད166ལྷག་ལ་ལག་རྩལ་གསོ་སྦྱོང་བྱས་ནས་ལས་ཞུགས་འཕེལ་རིམ་ལ་རམ་འདེགས་གང་ལེགས་བྱེད་བཞིན་ཡོད་ལ། ད་ལྟ་ཁོ་ཚོ་ནི་རང་ཁྱིམ་གྱི་ཡོང་འབབ་འཚོལ་མཁན་གཙོ་བོར་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།