ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་འདི་འདྲའི་མི་ཚོགས་ཤིག་ཡོད་དེ། ཁོ་ཚོ་ནི་ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་ཞིང་། ས་གཞི་གཅིག་གི་སྟེང་དུ་འཚོ་བ་རོལ་བཞིན་པའི་རི་སྐྱེས་སྲོག་ཆགས་ལ་ལྷན་སྐྱེས་ནས་བརྩེ་བ་ཟབ་མོ་ཞིག་ཡོད། ཁོ་ཚོ་ཕ་ཡུལ་གྱི་གཙོད་དང་རྐྱང་། འབྲོང་དང་གསའ་སོགས་ལ་ཆ་རྒྱུས་ཡོད་ཅིང་། རྐང་འོག་གི་ས་གཞི་འདི་ལ་དུང་ཞེན་ཡོད། ཁོ་ཚོར་ཐུན་མོང་གི་མིང་ཞིག་ཡོད་དེ། རྩྭ་ཐང་གི་སྐྱེ་ཁམས་ལྟ་སྲུང་པ་ཞེས་འབོད།
ཐེངས་རེ་རེར་རི་མགོར་སོང་ནས་སྐོར་ཞིབ་བྱེད་སྐབས། ལོ་རབས90པའི་རྗེས་སུ་སྐྱེས་པའི་སྐྱེ་ཁམས་ལྟ་སྲུང་པ་ཚེ་རིང་དོན་གྲུབ་ཀྱི་ལག་འཁྱེར་ཁ་པར་གྱི་པར་ཁུག་ནང་དུ་པར་གྱིས་བཀང་ཡོད་ལ། ཁོའི་གྲོགས་ཚོམས་ཀྱི་དྲ་མིག་དགུ་བོའི་ནང་དུ་ཨ་སྔོན་དང་སྤྲིན་དཀར། ལྷིང་འཇགས་རྩྭ་ཐང་བཅས་ཀྱི་པར་གྱིས་བཀང་ཡོད་པར་མ་ཟད། ད་དུང“ངས་རང་གི་བྱ་སྤྱོད་ལ་བརྟེན་ནས་མི་ཚང་མར་རྩྭ་ཐང་གི་འགྱུར་ལྡོག་མཐོང་དུ་འཇུག་རྒྱུ་ཡིན་པ་དང་སྐྱེ་ཁམས་སྲུང་སྐྱོབ་ནི་ཅི་འདྲའི་གལ་ཆེན་ཞིག་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན”སོགས་ཀྱི་ཡི་གེ་མཐོང་ཐུབ། རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པའི་རྗེས་སུ། 2019ལོར། ཚེ་རིང་དོན་གྲུབ་རྩྭ་ཐང་གི་སྐྱེ་ཁམས་ལྟ་སྲུང་པར་བདམས། “ངས་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱིས་མི་སྣ་སྡུད་བཞིན་པ་ཤེས་རྗེས་དེར་སོང་ནས་མིང་ཐོ་བཀོད་པ་ཡིན།” ཚེ་རིང་དོན་གྲུབ་ཀྱིས་བཤད་རྒྱུར། རང་ཉིད་ནི་ཆུང་དུས་ནས་འབྲོག་ཕྱོགས་སུ་བསྡད་པས་རང་བྱུང་ཁམས་ཆེན་མོར་དགའ་ཞིང་། རྩྭ་ཐང་གི་སྲོག་ཆགས་དང་སྐྱེ་དངོས་ལ་དགའ་ཞེན་ཡོད་པས། སྐྱེ་ཁམས་ལྟ་སྲུང་གི་ལས་ཀ་འདིས་ང་ལ་དགའ་སྤྲོ་དཔག་མེད་སྐྱེ་རུ་བཅུག་སོང་ཟེར།
ཡུས་ཧྲུའུ་རོང་པོ་རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང་གི་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་འབྱོར་རྗེས། ཚེ་རིང་དོན་གྲུབ་ཀྱིས་ཉིན་ཐོག་ཉིན་བརྩེགས་ཀྱིས་ཡང་སྐོར་བསྐྱར་སྐོར་གྱི་བྱ་བ་སྒྲུབ་མགོ་བརྩམས། ཉིན་རེར་སྔ་མོ་མལ་ལས་ལངས་རྗེས། ར་སྐོར་གད་བདར་དང་རྒྱལ་དར་བསྒྲེངས་ཤིང་། དེའི་རྗེས་སུ་འཕྲུལ་རྟར་ཞོན་ཏེ་སྐོར་སྲུང་བྱེད་མགོ་རྩོམ་བཞིན་ཡོད། དོ་དམ་སྲུང་སྐྱོབ་ས་ཚིགས་སུ་ཐོག་མར་སླེབས་སྐབས། གཞི་ཁྱོན་ཆེ་བའི་བརླན་སའི་སྤྱི་གླིང་གིས་ལོ་ན20ལྷག་ལ་བུད་པའི་ཚེ་རིང་དོན་གྲུབ་ཀྱི་བློ་སེམས་བདེ་རུ་འབབ་ཏུ་བཅུག་མེད་ལ། “ལྷག་པར་དགོང་མོའི་དུས་སུ། ཧ་ཅང་ལྷིང་འཇགས་ཡིན་ཞིང་། མལ་ཁྲིའི་སྟེང་ལོག་ན་སེམས་ལ་དྲན་རྒྱུ་མང་སྟབས། འབུ་སྐད་ལ་ཉན་པ་ཡིན།”ཁོས་བཤད་རྒྱུར། ཆེས་ཐོག་མའི་འཁྱོལ་དཀའ་བའི་དུས་ཚོད་འདས་རྗེས། རང་གི་ལས་དོན་གྱི་ཁྲོད་ནས་སྤྲོ་བ་དང་དོན་སྙིང་རྙེད་བྱུང་།
ལོ་གཅིག་གི་ནང་དུ་ཚེ་རིང་དོན་གྲུབ་ལ་དོ་དམ་སྲུང་སྐྱོབ་ཀྱི་ཉིན་ཐོ་འབྲི་བའི་གོམས་གཤིས་ཆགས་ཤིང་། ཉིན་ཐོ་ཞིག་གི་ནང་འདི་ལྟར་བྲིས་ཡོད་དེ། “རྒན་རབས་པ་དག་གིས་རྟར་ཞོན་ཏེ་སྐོར་སྲུང་བྱེད་པ་དང་བསྡུར་ན་འཕྲུལ་རྟ་ཞོན་ནས་སྐོར་གཟིགས་བྱེད་པའི་ལས་ཕྱོད་ཤིན་ཏུ་མཐོ་ནའང་། ང་ལ་སྔར་བཞིན་སེམས་ཁུར་ཤིན་ཏུ་ཆེ། སྐྱེ་ཁམས་ལྟ་སྲུང་པའི་ལས་ཀ་ནི་ཕྱུགས་འཚོ་བ་དང་བསྡུར་ན་དཀའ་ཚེགས་ཤིན་ཏུ་ཆེ་སྟེ། ཉི་མ་རེ་རེར་འཕྲུལ་རྟར་ཞོན་ཏེ་སྤྱི་ལེ་སུམ་ཅུ་བཞི་བཅུ་ལ་འགྲོ་དགོས་ཤིང་། ས་དབྱིབས་རྙོག་འཛིང་ཆེ་ཞིང་གཡང་གཟར་ཡིན་པའི་ས་ཆར་འཕྲུལ་རྟ་བགྲོད་དཀའ་བས་རྐང་ཐང་དུ་འགྲོ་དགོས་པ་རེད། མཚམས་མཚམས་སུ་ཉིན་རེར་སྤྱི་ལེ་བཅུ་ཕྲག་ལྷག་ལ་འགྲོ་དགོས་པའི་དུས་ཀྱང་ཡོད།”
ཉིན་རྒྱུན་གྱི་བྱ་བའི་སྐོར་གླེང་སྐབས། ཚེ་རིང་དོན་གྲུབ་གྱིས་བཤད་རྒྱུར། “ང་ཚོའི་སྐོར་སྲུང་གི་ནང་དོན་གཙོ་བོ་ནི་རྩྭ་ཐང་གི་རྩྭ་ཕྱུགས་དོ་མཉམ་ཡིན་མིན་གྱི་གནས་ཚུལ་དང་། ཆུ་མགོར་སྦགས་བཙོག་ཐེབས་ཡོད་མེད། ལྐོག་ནས་རི་དྭགས་གསོད་མཁན་ཡོད་མེད་བཅས་ལ་ལྟ་ཞིབ་བྱ་རྒྱུ་དེ་ཡིན་ཞིང་། ད་སྐབས་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ཡོད་པས་སྣང་ཚུལ་འདི་དག་མཐོང་རྒྱུ་ཤིན་ཏུ་ཉུང་། མདོར་ན། རྩྭ་ཐང་གི་དོན་དག་ཆེ་མ་ཆུང་གསུམ་ལ་མཉམ་འཇོག་བྱེད་དགོས་པར་མ་ཟད། གནས་ཚུལ་ལ་འཕྲད་ཚེ་མྱུར་དུ་ཡར་ཞུ་བྱེད་དགོས། ད་དུང་མེ་སྐྱོན་འགོག་པ་དང་། ནད་བྱུང་བའི་སྲོག་ཆགས་ཡོད་མེད། སྐྱེ་དངོས་ལ་འབུའི་གནོད་འཚེ་ཕོག་གིན་ཡོད་མེད་སོགས་ལའང་ལྟ་ཞིབ་བྱེད་དགོས། ”
གཞན་གྱིས་བལྟས་ན་དཀའ་ཚེགས་ཤིན་ཏུ་ཆེ་ཞིང་། ཟླ་ཕོགས་མཐོན་པོ་མིན་པའི་སྐྱེ་ཁམས་ལྟ་སྲུང་གི་བྱ་བ་འདི་གླེང་སྐབས། ཚེ་རིང་དོན་གྲུབ་ཀྱི་ཡིད་ཤིན་ཏུ་ཚིམས་ཡོད། “ང་ནི་གནས་འདི་ནས་འཚར་ལོངས་བྱུང་བའི་འབྲོག་པ་ཞིག་ཡིན་ལ། ད་ལྟ‘རྩྭ་ཐང་གི་འབྲོག་པ་ཞིག’ནས‘རྒྱལ་ཁབ་ཀྱི་ལས་བྱེད་པར’གྱུར་ཡོད་ཅིང་། འདི་ནི་མི་ལ་སྤོབས་པ་རྒྱས་སུ་འཇུག་པའི་དོན་དག་ཅིག་རེད།”ཚེ་རིང་དོན་གྲུབ་ཀྱིས་ཕྱུགས་ཟོག་ཚད་བརྒལ་འཚོ་སྐྱོང་བྱས་པ་དེས་རྩྭ་ཐང་ལ་གནོན་ཤུགས་ཆེན་པོ་བྱིན་ཡོད་པ་སེམས་གཏིང་ནས་ཚོར་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལྟ་སྲུང་གི་གལ་ཆེའི་རང་བཞིན་ཡང་ཤེས་ཡོད། ཁོས“རྒྱལ་ཁབ་སྤྱི་གླིང”གི་དུས་རབས་གསར་པར་གོམ་པ་སྤོས་རྗེས་རྩྭ་ཐང་ལ་ཡང་བསྐྱར་གསོན་ཤུགས་གསར་པ་རྒྱས་པའི་བགྲོད་ལམ་བདེན་དཔང་བྱེད་བཞིན་ཡོད།
ཚེ་རིང་དོན་གྲུབ་ཀྱིས་བཤད་རྒྱུར “རང་གིས་ད་ལྟ་ནང་བཞིན། དོན་དག་ཙག་ཙིག་ནས་མགོ་བརྩམས་ཏེ། ཕ་ཡུལ་གྱི་རྩྭ་ཐང་དང་རྩྭ་ཐང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན”ཟེར། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།