དབུལ་ཕོངས་ཀྱི་ཞྭ་མོ་དོར་ནས་འབྱོར་ཕྱུག་གི་རུ་སྣ་འདྲེན་མཁན།
2020.07.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 21

—ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྐང་ཚ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསང་བདག་གི་གནས་ཚུལ་བཀོད་པ།

གལ་ཏེ་འཚོ་བ་ནི་སྔོ་ཞིང་བསངས་པའི་ནམ་མཁའ་ལྟ་བུ་ཞིག་ཡིན་ཚེ། དེ་ལ་རྒྱུ་འབྲས་ཀྱི་ཉི་མ་ཤར་དགོས། དེ་ལ་དྲང་བདེན་གྱི་ཟླ་བ་ཚེས་དགོས། དེ་ལ་གནས་ལུགས་ཀྱི་སྐར་ཚོགས་བཀྲ་དགོས། རྫོགས་མཐའ་བྲལ་བའི་སྐྱིད་ལ་སྡུག་པའི་འཇིག་རྟེན་དཀར་ངོགས་ཀྱི་འཚོ་བའི་ནམ་མཁའ་ཡངས་པོར་མཛེས་པའི་ཉི་ཟླ་སྐར་གསུམ་རེས་སུ་འཛོམས་ཚེ།  ད་གཟོད་མི་ཡུལ་གྱི་བདེ་སྐྱིད་ཡིན་ལ་འཚོ་བའི་རྒྱན་ཆའང་ཡིན།  དེ་ནི་གནས་མཆོག་ཁྲི་ཀའི་ཡུལ་གྱི་རྐང་ཚའི་རྩྭ་ཐང་དུ་འཚར་ལོངས་བྱུང་ཞིང་འདབ་ལག་རྒྱས་པའི་ཕུལ་བྱུང་ཏང་ཡོན་ཞིག་གི་རེ་བའི་སེམས་འདུན་ཡིན་ལ་སྨོན་པའི་ཤིས་ཚིག་ཀྱང་ཡིན།

ཉེ་ལམ། གསར་འགོད་པ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྐང་ཚ་ཞོལ་མ་སྡེ་བར་འབྱོར་བ་ན། སྦྲ་ནག་སྔས་སུ་བྱས་མྱོང་བའི་འབྱམས་ཀླས་རྩྭ་ཐང་དུ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་དུས་རབས་གསར་པའི་གྲོང་སྡེ་གསར་པ་ཞིག་མིག་གི་དགའ་སྟོན་དུ་གྱུར་ཅིང་། ཕྲེང་ལྟར་བསྒྲིགས་པའི་གཞིས་ཁུལ་གསར་པ་དང་སློབ་གྲྭ་གསར་པ། སྨན་ཁང་གསར་པ། རླངས་འཁོར་ས་ཚུགས་གསར་པ།  ཞབས་ཞུའི་ལས་སྒྲུབ་ཁང་གསར་པ་བཅས་དེང་གི་བཟོ་རྩལ་གསར་པའི་འཛུགས་སྐྲུན་རྣམ་པར་རྒྱས་ཡོད་པས་སྒྱུ་མའི་གྲོང་ཁྱེར་ས་ལ་འཕོས་པ་བཞིན་རབ་ཏུ་མཛེས།

དམ་བཅའ་ནི་འགན་འཁྲི་ཡིན་ལ་འགན་འཁྲི་ནི་སེམས་གཏིང་གི་སྒུལ་ཤུགས་ཡིན།

2017ལོའི་ཟླ་བཞི་པར།  རྒྱལ་ཡོངས་ས་གནས་སོ་སོ་རུ་གནད་ཁེལ་དབུལ་སྐྱོར་གྱི་ཇུས་བཟང་གསེར་གྱི་ཉི་མ་རི་ལས་འཕགས་ཤིང་། ལག་ལེན་དོན་འཁྱོལ་གྱི་ལས་གྲྭ་རྣམ་པར་བཞད་པའི་ཚ་ཚ་འུར་འུར་གྱི་དུས་སྐབས་སུ། ཕོ་ལོ་བཞི་བཅུར་མ་སོན་པའི་ན་གཞོན་སྙིང་སྟོབས་ཅན་ཞིག་གིས་ཕུགས་སེམས་ལ་འོད་མདངས་རྒྱས་ཤིང་ལང་ཚོ་ལ་གཟི་མདངས་བཀྲ།  ཐེག་པར་དཀའ་བའི་འགན་འཁྲི་ལྕི་མོ་ཞིག་ཐང་ནས་བླངས་ཤིང་ཐོད་དུ་བཅིངས་པ་ནི།  ཁྱིམ་ཚང་བཞི་བརྒྱ་ལྷག་གིས་སྨོན་པའི་ཡིད་རྟོན་བྱེད་ས་དང་།  ཏང་ཡོན་བཅུ་ཕྲག་ལྷག་གི་རེ་བའི་ཡིད་ཆེས་བྱེད་ས་སྟེ།  བློ་མཐུན་གསང་བདག་གིས་རྐང་ཚ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་དགོས་བྱུང་།

གསང་བདག་ལ་མཚོན་ན། ཆུང་དུས་ནས་བཟུང་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་མ་བསྙེགས་ནའང་བློ་རིག་རྒོད་ཅིང་སྤྱང་གྲུང་ལྡན་པའི་ཁར་ལས་ལ་བརྩོན་ཞིང་བརྩོན་འགྲུས་ལྡན་པས། དུས་རྒྱུན་གནག་ཕྱུགས་ཀྱི་འཚོ་སྐྱོང་བར་ནས་དཔེ་ཀློག་ལ་ཤིན་ཏུ་གོམས་པས་བོད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་ལྡན།  ཁོའི་སེམས་སུ། རང་ཉིད་ནི་ཀྲུང་གོ་གསར་པའི་འོད་ཁྱིམ་གྱི་ཀློང་ནས་འཚར་ལོངས་བྱུང་ཞིང་རླབས་ཆེན་ཏང་གི་དར་དམར་འོག་ནས་ནར་སོན་བྱུང་བ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་དཀྱུས་མ་ཞིག་གི་ཚད་གཞི་ཡིད་ལ་དམ་པོར་བཅངས་ནས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་ཞུ་འོས་འཚམས་རེ་བསྒྲུབ་ཐུབ་རྒྱུ་ནི་མི་ཚེའི་དམ་བཅའ་ཡིན་ལ་རེ་བའི་འཚོལ་སྙེག་ཀྱང་ཡིན་པར་འདོད་ཡོད། ཡང་གཅིག་བཤད་ན། གསང་བདག་གིས་ཧྲུའུ་ཅིའི་འགན་འཁྲི་བཞེས་པའི་ལོ་དེ་ནི།  རྐང་ཚ་ཞོལ་མ་སྡེ་བར་མཚོན་ན་ཆེས་དཀའ་ཚེགས་ལྡན་ཞིང་ཆེས་རྩོད་ཉོག་ཆེ་བའི་ལོ་སྟེ། གནད་ཁེལ་དབུལ་སྐྱོར་གྱི་རྨང་གཞིའི་ལས་དོན་དངོས་འབེབས་བྱེད་པའི་ལོ་རེད།  བོད་ཀྱི་ཁ་དཔེ་ལ་སྟག་གི་རྔ་མར་མི་འཇུ། འཇུས་པའི་ནངས་མོར་མི་གཏང་ཟེར་བ་ནང་བཞིན་གསང་བདག་གི་སེམས་ཀྱི་གནོན་ཤུགས་མང་པོ་རིམ་བཞིན་སྒུལ་ཤུགས་ཤིག་ཏུ་གྱུར་པས།  ཕོ་རྒོད་དེའི་ཡ་ཆུང་གངས་དཀར་ཧྲིལ་པོར་སྤོབས་སེམས་ཀྱིས་ཁེངས་ཤིང་དཔའ་གདེང་གིས་བརྟས་ཡོང་།

ཉིན་དེ་ནས་བཟུང་། ཁོ་དང་སྡེ་དཔོན་གདུགས་དཀར་འབུམ་རྣམ་གཉིས་རི་ལུང་དང་རི་ལུང་བརྒལ་ཅིང་། ལམ་འཕྲང་ནས་ལམ་འཕྲང་བརྒྱུད་ནས།  ཁང་སྐྱ་ལེབ་ཅིག་གི་སྒོ་ཐེམ་མ་ལུས་པར། སྦྲ་རོག་རོག་ཅིག་གི་ལྷས་འདབས་མ་ལྷག་པར་འབྲོག་ཁྱིམ་རེ་རེར་སྒོ་ཉུལ་བྱས་ཏེ། ཁོ་ཚོའི་འཚོ་བའི་དཀའ་ངལ་ལ་རྟོག་ཞིབ་ནན་མོ་བྱས་ཤིང་། ཁྱིམ་གྱི་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱས་པའི་ཁར་དབུལ་སྐྱོར་ཁྱིམ་ཚང་གཏན་ཁེལ་བྱས་པ་དང་།  དབུལ་ཁྱིམ་རེ་རེར་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་སྒྲོག་འགྲེལ་དང་དབུལ་ཐར་ཕྱུག་འགྱུར་གྱི་ལམ་སྟོན་གནང་། ས་དེའི་མང་ཚོགས་རྣམས་ལ་མཚོན་ན་གཅིག་ནས་རིག་གནས་ཆུ་ཚད་ཞན་པ་དང་།  གཉིས་ནས་བསམ་བློའི་འདུ་ཤེས་རྙིང་པ། གསུམ་ནས་མིག་རྒྱ་དང་བློ་སྒོ་དོག་པ། བཞི་ནས་སྲིད་ཇུས་དང་བྱེད་ཕྱོགས་ལ་རྒྱུས་མངའ་མེད་པ་བཅས་ཕྱི་རྐྱེན་གྱི་བཀག་རྒྱ་ཤིན་ཏུ་མང་། ཡིན་ནའང་ཧྲུའུ་ཅི་གསང་བདག་གི་སེམས་སུ།  ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་ལེན་མཐའ་འཁྱོལ་བྱེད་ན་ཐོག་མར་ཕ་ཡུལ་གྱི་མི་དམངས་མང་ཚོགས་ཡོངས་ཀྱི་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བཅོས་སྒྱུར་བྱེད་རྒྱུ་ནི་ཤིན་ཏུ་ནས་གཙོ་ཆེ་སྙམ་སྟེ་ཏང་ཡོན་གསོ་སྦྱོང་དང་མང་ཚོགས་སློབ་གསོ་གཉིས་ཀྱི་བྱ་བ་གཙིགས་སུ་འཛིན་དགོས་བྱུང་།

སེམས་ན་མང་ཚོགས་མེད་ན་སྙིང་ལ་རུས་པ་མེད་པ་དང་མཚུངས།

འཕྲང་དམར་གྲོང་རྡལ་ནི་རྒྱལ་ཡོངས་ཀྱི་དབུལ་ནག་ཞང་གྲོང་གི་གྲས་ཤིག་ཡིན་པས།  ཧྲུའུ་ཅི་གསང་བདག་གི་ཕྲག་ལ་རི་རབ་ལྟ་བུའི་གནོན་ཤུགས་ཆེན་མོ་ཞིག་གིས་གཅུན་ཡོང་།  ལྷག་པར་ཏུ་དབུལ་སྐྱོར་ལས་གཞི་རེ་རེ་ལག་བསྟར་བྱེད་སྒང་དུ།  མང་ཚོགས་རེ་རེ་ཡི་བསམ་པའི་དྲན་འཆར་མི་འདྲ་བའི་དབང་གིས་ཁོ་ཚོས་རྒྱལ་ཁབ་ཀྱི་ལས་གཞི་ལ་གེགས་རྐྱེན་བཟོ་བ་དང་།  གཏན་ཁེལ་དང་ཐག་ཆོད་ལ་ཁས་ལེན་མི་བྱེད་པ།  བདག་འཛིན་དང་ཧམ་བཟུང་གི་ལྟ་བ་མཁྲེགས་པ།  ཐུན་མོང་དང་སྤྱི་པའི་འདུ་ཤེས་ཕྲ་བ་སོགས་གནད་དོན་མི་ཉུང་བར་འཕྲད་སྐབས།  ཧྲུའུ་ཅི་གསང་བདག་གིས་ཏང་ཡོན་རྒན་པ་ཞིག་གི་འོས་འགན་དང་དུ་བླངས་ཏེ། ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་གནད་དོན་འབུར་འཇོམས་བྱས་པ་དང་། བསམ་བློའི་སློབ་གསོ་གཏོང་བ།  འགལ་རྐྱེན་འདུམ་སྒྲིག་བྱེད་པ།  ནོར་བ་བཅོས་སྒྱུར་བྱེད་པ་བཅས་གནད་དོན་ཐག་གཅོད་བྱས་པ་བགྲང་གིས་མི་ལངས།

ཉིན་ཞིག  སྡེ་བའི་ཁྱིམ་སྒོ་རེ་རེར་རང་འབབ་ཆུ་བོ་འཐེན་སྐབས། ཁྱིམ་ཚང་ཞིག་གིས་ཁོ་ཚང་གི་རྩྭ་རའི་ནང་དུ་ས་རྐོ་རྡོ་སློག་བྱས་ཏེ་ཆུ་རྐ་དྲངས་མི་ཆོག་པའི་རེ་བ་བཏོན་པར་མ་ཟད། སྡེ་བར་ཆུ་རྐ་འདྲེན་པའི་ལས་གཞི་ལ་གཏོར་བརླག་ཚབས་ཆེན་བཏང་། གསང་བདག་ཡིད་སེམས་རབ་ཏུ་སྐྱོ་བའི་ངང་ནས་ཁྱིམ་བདག་དེར་སློབ་གསོ། སྡིགས་མོ་དང་ཁ་ཏ་ཡང་ཡང་བྱས་མཐར་ཁྱིམ་རེར་འཐུང་ཆུ་འདྲེན་པའི་བྱ་བ་བདེ་ལེགས་ངང་གྲུབ་སོང་།

2018ལོར།  མཆོད་རྟེན་གཞོང་ལ་སྡེ་གསར་སྤོར་འཛུགས་བྱེད་སྐབས།  ཁྱིམ་ཚང་ཉི་ཤུ་ལྷག་ཁྱིམ་སྤར་ལས་གཞི་ལ་ཡིད་འཐད་མ་བྱུང་བར་རང་ས་ནས་ཨུ་ཚུགས་བརྒྱབ། སྐབས་དེར་གྲོང་རྡལ་དང་ཁུལ་རིམ་པའི་ལས་བྱེད་པས་ཡང་དང་བསྐྱར་དུ་འབྲོག་ཁྱིམ་དེ་ཚོ་ཅིས་ཀྱང་སྤོ་སྒྱུར་བྱེད་དགོས་པའི་རེ་བ་བཏོན་ཡང་ཁོ་ཚོས་ཁ་ཡ་མ་བྱས།  སྐབས་དེར་ཧྲུའུ་ཅི་གསང་བདག་འདུག་མ་བཟོད་པར་ཁྱིམ་སྒོ་རེ་རེར་ཉུལ་ནས་ཕལ་ཆེར་ཟླ་ཕྱེད་རིང་ལ་སློབ་གསོ་བཏང་མཐར་ད་གཟོད་ཡིད་འཐད་བྱུང་སོང་།

2019ལོར།  སྡེ་བའི་གཞུང་ལམ་ལས་སྐབས་སུ།  རྩྭ་ས་དང་འབྲེལ་ཡོད་ཀྱི་ཁྱིམ་ཚང་ཁ་ཤས་ཤིག་གིས།  རྒྱལ་ཁབ་སྤྱི་ལ་དབང་བའི་རྩྭ་ས་སྒེར་བཟུང་བྱས་ཏེ་གཞུང་ལམ་འཛུགས་སྐྲུན་ལ་བཀག་འགོག་བྱས། ཧྲུའུ་ཅི་གསང་བདག་སེམས་སུ།  རྐང་ཚ་ཞོལ་མ་སྡེ་བ་དབུལ་ཐར་ཕྱུག་འགྱུར་དུ་བསྐྱོད་དགོས་ཚེ་གཞུང་ལམ་ནི་རྨང་གཞིའི་འཛུགས་སྐྲུན་ཡིན་ལ།  འགྲིམ་འགྲུལ་ནི་ཕྱུག་འགྱུར་གྱི་ཆ་རྐྱེན་དང་པོ་ཡིན། གལ་ཏེ་སྡེ་མི་སུ་ཞིག་གིས་གཞུང་ལམ་འཛུགས་སྐྲུན་ལ་གེགས་རྐྱེན་བཟོས་ཚེ། རི་སྒང་རྫ་སྒང་དུ་ཆགས་པའི་རྐང་ཚ་ཞོལ་མ་སྡེ་བས་དབུལ་ཐར་མཁྲེགས་གཏོར་གྱི་ཞྭ་མོ་ཇི་ལྟར་ཕུད། མ་འོངས་འབྱོར་འབྲིང་སྤྱི་ཚོགས་སུ་ཇི་ལྟར་བསྐྱོད། ཁོ་རང་ཞེ་སྤོ་གཏིང་ནས་ལངས་བཞིན་མ་རབས་ཐ་ཤལ་གྱི་བྱ་སྤྱོད་དེ་དག་རྨེག་མེད་དུ་བཅོམས།

ན་ནིང་དབྱར་ཁར།  ཧྲུའུ་ཅི་གསང་བདག་དང་སྡེ་དཔོན་གཉིས་ཀྱིས་སྡེ་བའི་བགྲེས་སོང་ཚང་མ་གཅིག་ཏུ་བསྡུས་ནས། སྡེ་བ་མཐུན་སྒྲིལ་དང་ཆེ་བཀུར་ཆུང་བྱམས། དམངས་སྲོལ་རྒྱུན་འཛིན། ཡ་རབས་གུས་སྲོལ། འཆམ་མཐུན་རྐང་ཚ།  བདེ་འཇགས་རྐང་ཚ་འཛུགས་སྐྲུན་གྱི “མི་རྒན་ཁ་གཡང”ཞེས་པའི་ཇ་སྟོན་རྒྱ་ཆེན་པོ་ཞིག་འཚོགས་པས། རྐང་ཚ་ཞོལ་མ་སྡེ་བའི་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་ཡ་རབས་སྲོལ་བཟང་། རིག་གནས་རྒྱུན་འཛིན་བྱེད་པར་ཕན་ནུས་གལ་ཆེན་ཐོན།

ཁོས་བཤད་རྒྱུར།  “སྤྱི་ལ་དབང་བའི་ལས་དོན་ཞིག་སྒྲུབ་དུས།  སྤྱི་ལ་ཕན་པའི་ལྷག་བསམ་ཞིག་མེད་ན། རྒྱུ་འབྲས་དང་དྲང་བདེན་ཟེར་བ་སྐྱག་རྫུན་དུ་འགྱུར་སྲིད”ཟེར།

ཧྲུའུ་ཅི་གསང་བདག་ནི་ཁ་བཤད་དོན་དུ་གནས་ཤིང་། ཉེ་རིང་དང་ཆགས་སྡང་ཉུང་བའི་ཁར་ཕྱོགས་རིས་དང་འཐེན་ཁྱེར་ཟེར་བ་ཞིག་ཡེ་ནས་མེད་པར། སྲིད་གཙང་སྤྱོད་གཙང་གི་རང་གཤིས་ལ་ནམ་ཡང་འགྱུར་བ་མེད་ལ། ཏང་དང་རྩ་འཛུགས་ལ་བློ་སེམས་དཀར་ཞིང་གཞི་རིམ་མང་ཚོགས་ལ་སྙིང་ཉེ་བས།  རྐང་ཚའི་རྩྭ་ཐང་གི་མང་ཚོགས་རྣམས་ཀྱིས་ཁོ་ལ “མཆོད་རྟེན་ཐང་གི་མཆོད་རྟེན་ལྟ་བུའི་དམངས་ཀྱི་ཧྲུའུ་ཅི་བཟང་པོ”ཞེས་བསྔགས་བརྗོད་ཀྱི་མེ་ཏོག་མི་གཏོར་མཁན་གཅིག་ཀྱང་མེད།

རྒྱལ་ཁ་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་དབང་བ་ཡིན།

ཧྲུའུ་ཅི་གསང་བདག་གིས་རྐང་ཚ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས་ཏེ་ཏག་ཏག་ལོ་གསུམ་ལས་འགོར་མེད།  ཡིན་ནའང་འདས་པའི་ལོ་གསུམ་རིང་ནི། གནད་ཁེལ་དབུལ་སྐྱོར་གྱི་གནད་འགག་གི་ལོ་དང་། དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མཇུག་གི་ལོ།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་སྟ་གོན་གྱི་ལོ་སྟེ།  ལོ་རྒྱུས་སྟེང་ཐེག་དཀའ་བའི་འགན་འཁྲི་ལྕི་མོ་དེ་གསང་བདག་གིས་འཁུར་དགོས་བྱུང་།

ཁོས་བཤད་རྒྱུར།  “ད་ལོར། ངེད་རྐང་ཚ་ཞོལ་མ་སྡེ་བས་ཀྱང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཟིན་པས། དེ་ནི་ངས་ཀྱང་རྒྱལ་ཁ་ཞིག་དང་ལ་རྒྱ་ཞིག་ཏུ་བརྩིས་ཡོད།  བདག་ལ་མཚོན་ན།  རྒྱལ་ཁབ་ཀྱིས་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དངོས་འབེབས་དང་དམངས་ཕན་སྲིད་ཇུས་ཀྱི་ལས་གཞི་ལག་བསྟར་བྱེད་བཞིན་པའི་སྒང་ལ་ཧྲུའུ་ཅིའི་འགན་དབང་འཁུར་ཐུབ་པའང་གོ་སྐབས་ཤིག་དང་འགྲན་སློང་ཞིག་ཏུ་བསྒོམས་ཡོད། ཅིའི་ཕྱིར་ཞེ་ན། ལོ་འདི་ཚོའི་རིང་དུ་རྒྱལ་ཁབ་ཀྱིས་བློ་ལས་འགོངས་པའི་མ་དངུལ་གྱི་རྒྱབ་སྐྱོར་དང་། བགྲང་གིས་མི་ལངས་པའི་ལས་གཞི་འཛུགས་སྐྲུན།  ཐོབ་པར་དཀའ་བའི་དམངས་ཚིས་རོགས་སྐྱོར། བརྗོད་ལས་འདས་པའི་དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས།  རང་ཉིད་གཙོ་བྱས་སྡེ་བའི་ཏང་རྩ་འཛུགས་ཀྱིས་ཕ་ཡུལ་མི་དམངས་ལ་དོན་བཟང་ཕྲན་ཙམ་བསྒྲུབ་ཐུབ་པའང་བསོད་ནམས་ཡིན”ཟེར།

སྡེ་བའི་རྩིས་གཉེར་པ་ཚེ་གཟུངས་རྒྱལ་གྱིས་བཤད་རྒྱུར།  ཧྲུའུ་ཅི“གསང་བདག་གིས་སྣེ་ཁྲིད་འོག  ངེད་རྐང་ཚ་ཞོལ་མ་སྡེ་བའི་འབྲོག་ཁྱིམ་སོ་སོའི་གྱང་ཁར་གློག་སྐུད་འཐེན་ཡོད། ཐབ་མགོར་འཐུང་ཆུ་དྲངས་ཡོད། སྒོ་ཁར་སྣུམ་ལམ་བླུགས་ཡོད”ཟེར།

སློབ་ཆུང་ཀྲུའུ་རིན་རིན་ཆེན་འབུམ་ཀྱིས་བཤད་རྒྱུར། “ང་རང་ལོ་ངོ་བཅུའི་ཡར་སྔོན་ནས་བཟུང་འཕྲང་དམར་ས་ཁུལ་དུ་ཡོང་ནས་སློབ་གསོའི་ལས་དོན་བསྒྲུབས་ན་ཡང་། ཧྲུའུ་ཅི་གསང་བདག་ལྟ་བུའི་སློབ་གསོར་མཐོང་ཆེན་གནང་མཁན་གྱི་འབྲོག་མི་ཞིག་རིག་མ་མྱོང་། ཁོ་རང་གཟའ་འཁོར་རེར་ཐེངས་འགའ་རེར་སློབ་གྲྭར་ཡོང་ནས་སློབ་མའི་སློབ་སྦྱོང་གི་འཚོ་བར་རྒྱུས་ལོན་དང་སློབ་སྒྲུབ་ཀྱི་ཆ་རྐྱེན་ལ་རོགས་འདེགས།  སློབ་རའི་བདེ་འཇགས་ལ་ལྟ་སྐུལ། ལས་བཟོ་པའི་གནས་ཚུལ་རྒྱུས་ལོན་བཅས་བྱས་ཏེ་སློབ་གཙོ་ལྟ་བུ་ཞིག་གི་འགན་ནུས་ཐོན་ཡོད” ཟེར།

སྡེ་གསར་གཞིས་ཁུལ་ཡོད་སའི་ཐང་ཆེན་དུ་ལུས་སྦྱོང་བྱེད་བཞིན་པའི་རྒན་པོ་ཞིག་གིས་བཤད་རྒྱུར།  “ད་ནི་ངོ་མ་སྐྱིད་པོ་རེད། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འོག   རྐང་ཚ་ཞོལ་མའི་མང་ཚོགས་ཡོད་ཚད་འདུག་ས་རྡོ་ཁང་རེད། ཉལ་ས་གོས་གདན་རེད། བཙོག་ས་འབོལ་ཁྲི་རེད། འགྲོ་སྤྱད་འཕྲུལ་རྟ་རེད། ཡོང་སྤྱད་རླངས་འཁོར་རེད། སྨན་ཁང་རྩིབས་ན་ཡོད། སློབ་གྲྭ་གམ་ན་ཡོད། ཚོང་ཁང་འགྲམ་ན་ཡོད། ལུས་སྦྱོང་བྱེད་སའི་ཐང་ཆེན་འདི་འདྲའི་ཆེན་པོ་ཞིག་སྒོ་ཁ་ན་ཡོད་པས།  དེ་དག་རེ་རེ་ཡི་ཁྲོད་ན་ཧྲུའུ་ཅི་གསང་བདག་གིས་རྔུལ་ཁྲག་ལ་བརྒྱུས་པའི་ཐིགས་པ་རེ་རེ་ཡོད”ཅེས་གཟབ་ནན་གྱིས་བཤད།

ང་ཚོ་བཅར་འདྲི་ཚན་ཆུང་མཆོད་རྟེན་གཞོང་ནས་ཕྱིར་རྫོང་ཐོག་ཏུ་ཆས་སྐབས། ཧྲུའུ་ཅི་གསང་བདག་གི་གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་པའི་ངང་བཤད་རྒྱུར།  “རྐང་ཚ་ཞོལ་མ་སྡེ་བས་དབུལ་ཐར་གྱི་ཞྭ་མོ་ཕུད་ཚར་ནའང་ད་དུང་ཆུ་གློག་ལམ་གསུམ་གྱི་འཛུགས་སྐྲུན་དང་ཁེ་ལས་འཛུགས་སྐྲུན། ཐོན་ལས་གསར་སྤེལ།  སློབ་གསོ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོང་། གནས་སྤོར་བསྐྱར་སྐྲུན་བཅས་ཀྱི་ལས་དོན་མང་པོ་ཞིག་གིས་ང་ལ་སྒུག་ཡོད།  ངས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་བཀའ་གསུང་ཇི་བཞིན་བརྩིས་ཏེ་ཕ་ཡུལ་མི་དམངས་ལ་ཞབས་ཞུ་ཏོག་ཙམ་བསྒྲུབ་ཐུབ་ཚེ།  དེ་ནི་ངའི་མི་ཚེ་ཡི་བདེ་སྐྱིད་ཡིན”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།