རྩྭ་ཐང་སྟེང་གི་ཆེས་མཛེས་པའི་སྐལ་བཟང་མེ་ཏོག
2020.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 98

—རྒྱལ་ཡོངས་ཀྱི་ཨོ་རྩལ་གཟེངས་རྟགས་ཐོག་མ་ཐོབ་མཁན། བོད་ཀྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱི་གནས་ཚུལ།

ཆོས་དབྱིངས་སྐྱིད་ཀྱིས་སྦྱོང་བརྡར་བྱེད་བཞིན་པ།

2019ལོའི་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར། ཏོ་ཧ་ཡིས་སྒྲུབ་པའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་སྟེང་། ཆོས་དབྱིངས་སྐྱིད་ཀྱིས་དུས་ཚོད་གཅིག་དང་སྐར་མ་སོ་གསུམ་སྐར་ཆ་བཅུ་ཡི་གྲུབ་འབྲས་ཀྱིས་བུད་མེད་ཀྱི་སྤྱི་ལེ་ཉི་ཤུ་ཡི་འདུར་རྒྱུགས་འགྲན་བསྡུར་གྱི་ཨང་གཉིས་པ་བླངས་པ་རེད། སྐར་ལྔའི་དར་དམར་གྱོན་པའི་ཆོས་དབྱིངས་སྐྱིད་ཀྱིས་རུ་མི་དང་འཐམ་འཁྱུད་དམ་པོ་བྱས་ལ། བྱ་སྤྱོད་དེས་མི་མང་པོ་ཞིག་ལ་སེམས་འགུལ་ཐེབས་སུ་བཅུག

མཚོ་བྱང་རྩྭ་ཐང་ནས་རྒྱལ་སྤྱིའི་འགྲན་རར་བསྐྱོད་པ་དང་། ཆོས་དབྱིངས་སྐྱིད་ཀྱིས་ཕུགས་འདུན་གྱི་ཆེད་དུ་དུས་ནམ་ཡང་ལྷོད་གཡེང་གཏན་ནས་བྱས་མ་མྱོང་། ཆུང་དུས་ནས་ལུས་རྩལ་ལ་དགའ་བའི་ཆོས་དབྱིངས་སྐྱིད་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཞང་གི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། 2006ལོའི་ཟླ་དགུ་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་བསྐྱོད་པ་ནས་བཟུང་། ཉིན་ཞིག་ལ་ལུས་རྩལ་པ་ངོ་མ་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱིན་ཡོད། རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། 2008ལོའི་ཟླ་བཞི་པར་ཆོས་དབྱིངས་སྐྱིད་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་འདུར་རྒྱུགས་འགྲན་བསྡུར་རུ་ཁག་ནང་ཞུགས་པ་མ་ཟད། 2010ལོའི་ཟླ་དྲུག་པར་རྒྱལ་ཁབ་འདུར་རྒྱུགས་འགྲན་བསྡུར་རུ་ཁག་གི་སྦྱོང་བརྡར་ནང་བདམས་པ་རེད།

ཆོས་དབྱིངས་སྐྱིད་ཀྱིས་བཤད་རྒྱུར། ངའི་ཐོག་དང་པོར་སྦྱངས་བ་ནི་འདུར་རྒྱུགས་མིན་ལ། འབྲིང་རྒྱུགས་ཡིན། འདུར་རྒྱུགས་སྦྱངས་བ་ནི་སྟབས་འཁེལ་བ་ཞིག་རེད། སྐབས་དེར་ང་ད་དུང་ལུས་རྩལ་སློབ་གྲྭ་ན་ཡོད། འདུར་རྒྱུགས་རུ་ཁག་གིས་ལུས་རྩལ་པ་འདེམས་བཞིན་ཡོད་པས། དགེ་རྒན་གྱིས་ངས་རུ་མི་དང་ལྷན་དུ་རྩལ་སྦྱོང་ར་བ་ནས་སྐོར་བ་གཉིས་རྒྱུགས་སུ་བཅུག

བསམ་ཡུལ་ལས་འདས་པ་ཞིག་ལ། སྣང་འཇོག་མེད་པར་གནས་སྐབས“སྦྱོང་རོགས་ཆུང་ཆུང”བྱས་པ་དེས། ཕྱིས་ཀྱི་དུས་ཚོད་ནང་སྐད་གྲགས་ཆེ་བའི་འཛམ་གླིང་གི་ལུས་རྩལ་པ་གྲགས་ཅན་ཞིག་ཏུ་གྱུར།

དུས་དེ་ནས་བཟུང་། ཆོས་དབྱིངས་སྐྱིད་ཀྱི་ལུས་རྩལ་བྱ་གཞག་འཕེལ་འགོ་བརྩམས་ལ། རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་ཆེ་ཆུང་སྣ་ཚོགས་ཁྲོད་ཁོ་མོར་བྱ་དགའི་རྟགས་མ་མང་པོ་ཐོབ་པ་མ་ཟད་མཚན་སྙན་གྲགས་ཕྱོགས་བཞིར་ཁྱབ་ལ། རྒྱལ་ཁབ་དང་ཕ་ཡུལ་ལ་གཟི་བརྗིད་ཚད་མེད་བླངས། 2010ལོའི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། ཆོས་དབྱིངས་སྐྱིད་ཀྱིས་པེ་ཅིན་དུ་སྒྲུབ་པའི“རྒྱལ་ཡོངས་ཀྱི་འདུར་རྒྱུགས་འགྲན་བསྡུར་གྱི”སྟེང་དུས་ཚོད་གཅིག་དང་སྐར་མ་སུམ་ཅུ་སྐར་ཆ་སོ་གསུམ་གྱི་གྲུབ་འབྲས་ལས་བུད་མེད་དར་མའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་མ་ཟད། རྒྱལ་ཁབ་རིམ་པའི་ལུས་རྩལ་པ་གྲགས་ཅན་ཞིག་ཏུ་གྱུར།

2012ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན།  ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་སྤྱི་ལེ་ཉི་ཤུ་ཡི་འདུར་རྒྱུགས་འགྲན་བསྡུར་གྱི་སྟེང་ཆོས་དབྱིངས་སྐྱིད་ཀྱིས་དུས་ཚོད་གཅིག་དང་སྐར་མ་ཉེར་ལྔ་སྐར་ཆ་བཅུ་དྲུག་གི་གྲུབ་འབྲས་ཀྱིས་ཡ་གླིང་གི་ཟིན་ཐོ་གསར་བ་བསྐྲུན་ཏེ་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། རང་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་སྟེང་གཟེངས་རྟགས་ཐོབ་པའི་བོད་རིགས་ལུས་རྩལ་པ་ཐོག་མ་རུ་གྱུར། 2016ལོར། ཆོས་དབྱིངས་སྐྱིད་ཀྱིས་ལི་ཡོད་ཨོ་རྩལ་འགྲན་ཚོགས་སྟེང་སླར་ཡང་ཨང་ལྔ་པ་བླངས་བ་དང་། 2017ལོར་ཐེན་ཅིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་ཨང་གཉིས་པ་བླངས།

2018ལོའི་རྒྱ་གར་གྱི་ཡ་ཅཱ་ཏ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་སྤྱི་ལེ་ཉི་ཤུ་ཡི་འདུར་རྒྱུགས་འགྲན་བསྡུར་གྱི་སྟེང་དངུལ་གྱི་རྟགས་མ་ཐོབ། 2019ལོའི་ཟླ་གསུམ་པར་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་སྤྱི་ལེ་ཉི་ཤུ་ཡི་འདུར་རྒྱུགས་འགྲན་བསྡུར་གྱི་སྟེང་འཛམ་གླིང་གི་སྐར་གསོག་ཨང་དང་པོ་ཡིན་པ་རེད། ལོ་དེའི་ཟླ་བཞི་པར་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕུའུ་ཐའོ་ཡ་ས་ཚིགས་ཀྱི་བུད་མེད་ཀྱི་སྤྱི་ལེ་ཉི་ཤུ་ཡི་འགྲན་བསྡུར་སྟེང་ཨང་དང་པོ་ཐོབ། ཟླ་དགུ་པར་ཏོ་ཧ་འཛམ་གླིང་འགྲན་བསྡུར་ཁྲོད་བུད་མེད་ཀྱི་སྤྱི་ལེ་ཉི་ཤུ་ཡི་ཨང་གཉིས་པ་ཐོབ།

ཏག་ཏག་འདུར་རྒྱུགས་འགྲན་བསྡུར་གྱི་ལས་ལ་དགའ་ཞེན་ཆེ་བས། འཛམ་གླིང་གི་གར་སྟེགས་ཐོག་ལོ་བཅུ་ལ་བསྐྱོད་པའི་བོད་རིགས་བུ་མོ་དེས་རང་ཉིད་ཀྱི་སྙིང་རུས་ལ་བརྟེན་ནས། མིང་དོན་མཚུངས་པའི་འགན་འཁྲི་དེ་ཕྲག་ཏུ་བླངས་ཡོད་པས་རྒྱལ་སྤྱིའི་རིམ་པའི་ལུས་རྩལ་མཁས་པའི་མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་རེད།      འགྲན་བསྡུར་བྱེད་ཐེངས་རེར་ཁོ་མོའི་དམིགས་ཡུལ་དང་ཡིད་ཆེས་ལ་འགྱུར་བ་བྱུང་མ་མྱོང་། ཆོས་དབྱིངས་སྐྱིད་ཀྱིས་བཤད་རྒྱུར།“འགྲན་བསྡུར་ལ་ཞུགས་ཚེ་གསེར་གྱི་རྟགས་མ་བསམ་ནས་འགྲོ་བཞིན་ཡོད། འགྲན་རའི་སྟེང་དུ་སུ་ལ་ཡང་སྐྲག་མི་དགོས་ལ། འགྲན་ཡ་ཆེས་ཆེ་བ་ནི་རང་ཉིད་ཡིན་པ་དང་། འགྲན་རྩོད་ཀྱི་རྣམ་པ་དང་བསམ་པའི་ཉམས་འགྱུར་ཡག་ཤོས་སྟོན་དགོས། རྒྱུ་མཚན་ནི་ང་ནི་ཀྲུང་གོ་དང་མཚོ་སྔོན་གྱི་འཐུས་ཚབ་པ་ཡིན་ཟེར།

གཟི་བརྗིད་མཚན་སྙན་ཚང་མས་ཁོ་མོས་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་འབད་བརྩོན་བྱས་པ་བདེན་དཔང་བྱས་ཡོད་ལ། ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས་རྒྱུན་ཆད་མེད་པར་མཚོ་སྔོན་དང་མེས་རྒྱལ་གྱི་ཆེད་དུ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱེད་པའི་ཞུམ་མེད་ཀྱི་སྙིང་སྟོབས་ཀྱང་བདེན་དཔང་བྱས་ཡོད།

རུ་མི་ཚོའི་མིག་ནང་གི་ཆོས་དབྱིངས་སྐྱིད་ནི་འཚེར་སྣང་ཅན་ཞིག་དང་སྨྲ་བ་ཉུང་བའི་བུ་མོ་ཞིག་རེད། འོན་ཀྱང་ཁོ་མོ་ནི་ལུས་རྩལ་པ་ཡོངས་ཀྱི་མིག་དཔེ་སྟོན་མཁན་ཡིན་ལ། ཀུན་ལ་མཐུན་པ་དང་གཞན་ལ་རོགས་རམ་བྱེད་པར་དགའ་བ། དུས་ནམ་ཡང་སྦྱོང་བརྡར་ལ་གཟབ་ནན་ཡིན་པའི་བུ་མོ་ཞིག་རེད།

འགྲན་བསྡུར་ཚང་མའི་ཁྲོད་ཆོས་དབྱིངས་སྐྱིད་ཀྱིས་ནུས་ཤུགས་ཡོད་རྒུས་འགྲན་སློང་དང་ཚད་བརྒལ་བྱེད་ཀྱིན་ཡོད། ལོ་དང་ཟླ་རེ་བཞིན་དྲག་ཚད་མཐོ་བ་དང་ཐེག་ཚད་མཐོ་བའི་སྦྱོང་བརྡར་དང་འགྲན་བསྡུར་གྱི་ཁྲོད་རྨས་སྐྱོན་ཕོག་པ་ནི་སྨོས་མ་དགོས་པ་ཞིག་རེད།

རྨས་ཕོག་པ་ནི་ལུས་རྩལ་པ་ཞིག་ལ་མཚོན་ན་སྲོག་རྩར་གནོད་པ་དང་ཀུན་ནས་མཚུངས། ཆོས་དབྱིངས་སྐྱིད་ཀྱིས་སྦྱོང་བརྡར་སློབ་ཐུན་ཞིག་གི་ཁྲོད་དུ་བརླ་ཤའི་ཤ་གནད་ལ་རྨས་སྐྱོན་ཕོག འགྲན་བསྡུར་ཆེན་པོས་མདུན་དུ་ཁོ་མོས་སྦྱོང་བརྡར་མཚམས་བཞག་ནས་ཁམས་གསོ་མི་བྱེད་ཐབས་མེད་བྱུང་། བྲེལ་འཚུབ་དང་ཐབས་ཟད་འུ་ཐུག་གིས་དུས་དང་རྣམ་པ་ཀུན་ཏུ་ཁོ་མོའི་གདེང་ཚོད་ལ་འགྲན་སློང་བཞིན་ཡོད་མོད། འོན་ཀྱང་ཁོ་མོས་གཏན་ནས་འགྲན་བསྡུར་གྱི་བསམ་པའི་ངར་ཤུགས་ཏེ་དོར་མ་མྱོང་། འབད་འཐབ་བྱེད་ཕོད་པ་དང་ཁེ་གྲགས་མི་བསམ་པ། རང་ཉིད་ཀྱི་འབད་བརྩོན་བྱས་པ་བརྒྱུད་ཆོས་དབྱིངས་སྐྱིད་ནི་ཆེས་མཐོ་བའི་བྱ་དགའ་ལེན་སའི་སྟེགས་བུ་རུ་ཀུན་གྱིས་ཤེས་པའི་ལུས་རྩལ་བ་ཞིག་ཏུ་གྱུར།

ལོ་རེར་ལོ་རྙིང་ཕར་བསྐྱལ་བ་དང་ལོ་སར་ཚུར་བསུ་བའི་སྐབས་ནི་ལུས་རྩལ་པར་མཚོན་ན་རྒྱུན་དུ་སྦྱོང་བརྡར་གྱི་དུས་སྐབས་སམ་འགྲན་བསྡུར་གྱི་དུས་སྐབས་ཡིན་ལ། ཆོས་དབྱངས་སྐྱིད་ཀྱང་དེ་ལས་མ་འདས། ཁོ་མོའི་བོད་ལུགས་ལོ་སར་མང་པོ་ཞིང་ཆེན་ཕྱི་རོལ་དུ་སྦྱོང་བརྡར་བྱེད་བཞིན་ཡོད།

ཆོས་དབྱིངས་སྐྱིད་ཀྱི་ཕ་ཡུལ་དུ། བོད་ལུགས་ལོ་སར་སྐབས་སུ་ཤ་ཟ་བ་དང་ནས་ཆང་འཐུང་གི་ཡོད། གཉེན་གྲོགས་མཇལ་འཛོམས་སྐབས་སུ་བཀྲ་ཤིས་སྨོན་ཚིག་མཚོན་པའི་ཁ་བཏགས་གཏོང་བཞིན་ཡོད། ཡུལ་གཞན་དུ་གནས་པའི་ཆོས་དབྱིངས་སྐྱིད་ཀྱིས་ནང་མི་མཉམ་འཛོམས་བྱས་ཏེ་ཕ་ཡུལ་གྱི་ལོ་སར་རྣམ་པ་རོལ་མྱོང་བྱེད་མི་ཐུབ་མོད། འོན་ཀྱང་ཁོ་མོས་ཕུགས་འདུན་གྱི་ལམ་བུའི་སྟེང་རྔུལ་ཆུ་བཏོན་པས་འགྱོད་པ་སྤུ་ཙམ་ཡང་མེད། ཆོས་དབྱིངས་སྐྱིད་ཀྱིས་ཕ་མ་དང་ནང་མའི་བརྩེ་སེམས་དེ་མེས་རྒྱལ་ལ་དྲིན་ལན་འཇལ་བའི་བརྩེ་སེམས་སུ་བསྒྱུར་ཏེ། བྱ་སྤྱོད་དངོས་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཕ་ཡུལ་གྱི་ཕ་མ་དང་མེས་རྒྱལ་ལ་དྲིན་ལན་འཇལ།

ངར་ལྕགས་ལྟ་བུའི་སྙིང་སྟོབས་ལྡན་པའི་ཆོས་དབྱིངས་སྐྱིད་ཀྱིས་རྨས་སྐྱོན་ལས་བྱུང་བའི་སྡུག་བསྔལ་མ་བསམ་པར་གྲུབ་འབྲས་བཟང་པོ་ཡང་ཡང་བླངས་པས། མཚོ་སྔོན་གྱི་འདུར་རྒྱུགས་འགྲན་བསྡུར་གྱི་སྣེ་ཁྲིད་མི་སྣར་གྱུར་ཡོད། ཁོ་མོས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་མཚོ་སྔོན་དང་ཐ་ན་རྒྱལ་ཁབ་ཀྱི་འདུར་རྒྱུགས་འགྲན་བསྡུར་ལུས་རྩལ་བྱ་གཞག་ལ་ལེགས་སྐྱེས་ཕུལ་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།