ང་ནི་སྐྱེ་ཁམས་སྲུང་བའི་སོ་དམག་ཡིན།
2020.08.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

   ཞོགས་པའི་སྐྱ་རེངས་དང་མཉམ་དུ་མཚོ་སྔོན་པོའི་མཐའ་འཁོར་དུ་འཚོ་སྡོད་བྱེད་པའི་སྐྱེ་ཁམས་ལྟ་སྲུང་པ་དབྱངས་ཅན་མལ་ལས་ལངས་བྱུང་།  ཉིན་དེའི་ཞོགས་པར་ཁོ་མོ་སྡེ་བའི་བྱ་འགུལ་ཁང་དུ་སོང་སྟེ་ས་གནས་འབྲོག་པ་མང་ཚོགས་ལ་རྩྭ་སའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་སྒྲོག་བྱེད་དགོས། དབྱངས་ཅན་གྱིས་བཤད་རྒྱུར། རྩྭ་ཐང་དང་འབྲོག་དམངས་ལ་ཕན་བདེ་བསྐྲུན་པའི་སྲིད་ཇུས་དེ་ང་ཚོ་དང་བར་ཐག་ཆེས་ཉེ་ཤོས་དེ་ཡིན་ལ།  དོན་དངོས་ཐོག་ང་ཚོར་ཕན་བདེ་མང་པོ་ཞིག་བསྐྲུན་ཐུབ་པའི་སྲིད་ཇུས་ལེགས་པོ་ཡང་ཡིན་པས། ངས་རང་གི་ཤེས་བ་མཐའ་དག་ཡུལ་མི་ཡོངས་ལ་བཤད་ནས་ཁོ་ཚོར་སྲིད་ཇུས་འདི་དག་གི་བཟང་ཆ་དེ་ཤེས་སུ་འཇུག་རྒྱུ་ཡིན་ཟེར།

ཞོགས་པ་དེར་སྡེ་བའི་བྱ་འགུལ་ཁང་དུ་སྲིད་ཇུས་དྲིལ་སྒྲོག་གི་འཆད་ཁྲིད་ལ་ཉན་དུ་ཡོང་མཁན་འབྲོག་པ་མང་ཚོགས་ཀྱིས་བཀང་འདུག་པས། སྐྱེ་ཁམས་ལྟ་སྲུང་པ་དག་གིས་འཕྲོ་རིམ་འཕྲོར་ཁྲིད་སྟེགས་སུ་བུད་དེ་དྲིལ་སྒྲོག་འཆད་ཁྲིད་བྱེད་མགོ་བརྩམས་སོང་།

དབྱངས་ཅན་ཁང་བའི་ནང་ཐོན་མ་ཐག་ཐོག་མར་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་བོད་ཡིག་གི་དྲིལ་སྒྲོག་མ་ཡིག་བླངས་ནས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྐོར་གྱི་སྲིད་ཇུས་དང་རྩྭ་ཐང་དང་འབྲོག་དམངས་ལ་ཕན་བདེ་བསྐྲུན་པའི་སྲིད་ཇུས་སོགས་ཀྱི་ནང་དོན་རྒྱས་བཤད་གསལ་བོར་བྱས། ཡུལ་མི་ཚོས་ཧ་མི་གོ་བ་དག་ལ་དབྱངས་ཅན་གྱིས་དུས་ཐོག་ཏུ་དོགས་གཞི་སེལ་བའི་དྲིས་ལན་གསལ་བོར་བཏབ། འཆད་ཁྲིད་ཀྱི་སྐབས་སུ་ད་དུང་ཡུལ་མི་ཚོས་དབྱངས་ཅན་ལ་སྐུལ་སློང་བྱེད་པའི་ཐལ་མོ་རྡེབ་པ་དང་། འཆད་ཁྲིད་མཇུག་རྫོགས་རྗེས་ཡུལ་མི་ཚོས་ལོ་འདི་དག་རིང་གི་ཏང་གི་སྲིད་ཇུས་བཟང་བོར་བསྟོད་བསྔགས་བྱས།

མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་ཡོད་པའི་མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་མཚེའུ་ཞིག་ཡིན་ལ། ཀྲུང་གོའི་ཆེས་ཆེ་བའི་ཚྭ་ལྡན་མཚེའུ་ཡང་ཡིན། ལོ་རེའི་ཟླ་བདུན་པ་ནས་བརྒྱད་པའི་བར་ནི་མཚོ་སྔོན་པོ་ཆེས་མཛེས་པའི་སྐབས་ཀྱང་ཡིན། མཚོ་སྔོན་པོའི་མཐའ་འཁོར་ཡོངས་སུ་ལོག་དཀར་མེ་ཏོག་གི་འདབ་མ་རྣམ་པར་བཀྲ་ཞིང་ཚོན་མདངས་རྣམ་པར་བཀྲ་བའི་ཕྱིའི་ལྕགས་རི་ལྟ་བུ་ལ་གསེར་མདོག་གི་འོད་སྣང་ལམ་ལམ་འཕྲོ། མཐོ་སྒང་གི་ཕྱུགས་རར་རི་སྐྱེས་མེ་ཏོག་རྣམ་པར་བཞད་ཅིང་། སྤྲིན་དཀར་གྱི་འདབ་མ་ནི་ལན་རེར་དར་སྐུད་ཀྱི་ཡོལ་བ་འཐེན་པ་དང་འདྲ། བགྲང་གིས་མི་ལངས་པའི་ནོར་ལུག་ལ་ཤ་ཤེད་རྒྱས་ཏེ་ས་གཞིར་ཆེན་མོར་ཚོན་རིས་གཞན་ཞིག་བསྣན་འདུག དེ་འདྲའི་ངོ་མཚར་བའི་མཛེས་ལྗོངས་དེས་མི་རབས་ནས་མི་རབས་བར་རྩྭ་ཐང་དུ་འཚོ་བ་རོལ་བ་དང་ རྩྭ་སར་བརྟེན་ནས་འཚོ་བ་རོལ་བའི་དབྱངས་ཅན་ལ་མཚོན་ན་གནས་འདིར་དུང་ཞེན་ཟབ་མོ་ཡོད། ཁོ་མོས་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་སོ་སྲུང་དམག་མི་ཞིག་དང་རྩྭ་སའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་སྒྲོག་གི་རྒྱང་སྒྲོག་པ་བཟང་བོ་ཞིག་བྱེད་རྒྱུའི་ཆོད་སེམས་བཅངས་ཡོད།

དབྱངས་ཅན་གྱིས་བཤད་རྒྱུར། རང་ཉིད་ཀྱི་ཕ་ཡུལ་སྲུང་སྐྱོབ་བྱེད་དགོས་ན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱས་ནས། བཀག་སྡོམ་གཏན་འགོག་དང་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། བཀག་སྡོམ་ས་ཁུལ་དུ་ཕྱུགས་གཏན་ནས་འཚོ་སྐྱོང་མི་བྱེད་པ་བྱེད་དགོས།  དེ་ནི་རྩྭ་ས་སླར་གསོ་འབྱུང་བའི་བྱེད་ཐབས་ལེགས་པོ་ ཞིག་ཡིན་ཟེར།

ཁོམ་སྐབས་འདྲ་བྱུང་ཚེ། དབྱངས་ཅན་གྱིས་ནན་ཏན་སྒོས་རྩྭ་སའི་སྐྱེ་ཁམས་ལྟ་སྲུང་པའི་ དོ་དམ་བྱེད་ཐབས་དང་རྩྭ་སའི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱར་སློབ་སྦྱོང་བྱས་ཏེ། རྩྭ་ཐང་ལ་དོ་དམ་སྲུང་སྐྱོབ་བྱེད་པའི་ཤེས་བྱའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། འབྲོག་པ་མང་ཚོགས་ལ་རྩྭ་སའི་བཅའ་ཁྲིམས་ཤེས་བྱ་འཆད་ཁྲིད་དང་ཏང་གི་འབྲོག་པའི་དམངས་ཕན་སྲིད་ཇུས་སོགས་དྲིལ་སྒྲོག་བྱེད་བཞིན་ཡོད། དབྱངས་ཅན་གྱིས་བཤད་རྒྱུར། ཆུང་དུས་ནས་བཟུང་ཕ་མ་གཉིས་ཀྱིས་ནམ་རྒྱུན་ང་ཚོས་རྩྭ་ཐང་ལ་གཅེས་སྤྲས་དང་ཆུ་མགོ་ལ་སྲུང་སྐྱོབ་བྱ་དགོས་ཞེས་སློབ་གསོ་བཏང་མྱོང་ཞིང་། ད་ལྟ་རྒྱལ་ཁབ་ཀྱིས་ཀྱང་བླང་བྱ་དེ་ལྟར་བཏོན་ཡོད་པས། འདི་ནི་ཁོར་ཡུག་སྲུང་སྐྱོབ་ཙམ་མ་ཟད། ང་ཚོས་རང་གི་ཕ་ཡུལ་ལ་སྲུང་སྐྱོབ་བྱས་པ་ཡང་ཡིན་ཟེར། དབྱངས་ཅན་གྱིས་དུས་ནམ་ཡང་རང་ཉིད་ཀྱི་བྱ་བའི་འགན་འཁྲི་ལྕི་བ་དེ་ཚོར་ཡོད།

དབྱངས་ཅན་ལྟ་བུའི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡོད་པ་ནས་བཟུང་།  མཚོ་སྔོན་པོའི་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་ཡང་རང་མོས་སྒོས་སྐྱེ་ཁམས་ལྟ་སྲུང་གི་བྱ་བའི་ཁྲོད་དུ་ཞུགས་ཡོད།  ད་ལྟ་བཀག་སྡོམ་ས་ཁུལ་དུ་ཕྱུགས་འཚོ་བ་དང་ཕྱུགས་མང་པོ་འཚོ་བ། རི་སྐྱེས་རྩི་ཤིང་བརྐོ་བ་སོགས་རྩྭ་ཐང་ལ་གནོད་འཚེ་གཏོང་བའི་གནས་ཚུལ་དང་། ཡང་ན་རྩྭ་ཐང་དུ་མེ་སྐྱོན་དང་ཨ་བྲ་སོགས་ཀྱི་གནོད་འཚེ་བྱུང་བའི་གནས་ཚུལ་ལ་འཕྲད་དུས་འབྲོག་པ་རྣམས་ཀྱིས་དུས་ལྟར་སྐོར་ཞིབ་ཁྲོད་ཀྱི་གནས་ཚུལ་གསར་པ་མཐའ་དག་གོང་རིམ་ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་གི་ནགས་ལས་སྡེ་ཁག་ལ་ཡར་ཞུ་བྱས་ནས་དུས་ལྟར་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

ལོ་ཙཱ།སྒྲོལ་མ་སྐྱིད།