ཆོས་ལྡན་གྱི་མི་ཚེ།
2020.08.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 100

ཟླ་བདུན་པའི་མགོ་ལོག་རྩྭ་ཐང་དུ་སྟོད་ན་གངས་རིའི་དབུ་རྩེ་དགུང་ལ་སྙེགས་ཤིང་སྨད་ན་གཡུ་མདོག་གི་རྩྭ་ཐང་ཆེན་མོ་ནམ་མཁའི་མཐའ་ལྟར་ཡངས།

རྨ་ཆེན་རྫོང་ཐོག་ནས་མགོ་བརྩམས་ཏེ་དུས་ཚོད་སྐར་ཆ་སུམ་ཅུ་ཙམ་གྱི་ལམ་ཐག་བརྒྱུད་མཐར། ང་ཚོ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོར་ཐོན།  ང་ཚོའི་མིག་མདུན་དུ་ལངས་ཡོད་པའི་ལོ་རབས་ལྔ་བཅུ་བའི་རྗེས་ཀྱི་སྐྱེས་པ་དེ་ནི་ངོ་གདོང་ཅུང་རིད་ཅིང་གཟུགས་རིང་ཞིང་བོད་ལྭ་ཞིག་གྱོན་འདུག་པ་དང་། ལམ་དུ་འགྲོ་སྐབས་སུ་གོམ་འགྲོས་ཤིན་ཏུ་མགྱོགས། ཁོའི་མིང་ལ་ཆོས་ལྡན་ཟེར་ཞིང་ཁོ་རང་ནི་སྔོན་ཆད་གློག་བརྙན་སྟོན་མཁན་ཞིག་རེད། ཁོའི་ཁྱིམ་གྱི་སྒམ་ཆུང་ཞིག་གི་ནང་དུ་གློག་སྐུད་ཀྱི་བསྒར་སྣེ་ཞིག་ཉར་ཚགས་བྱས་འདུག  རིན་ཐང་མེད་པའི་དངོས་བོ་དེ་འདྲ་ཆུང་ཆུང་ཞིག་གི་སྟེང་ནས་ཆོས་ལྡན་གྱི་མི་ཚེ་གཅིག་གི་དགའ་ཕྱོགས་གསལ་བོར་མཚོན་ཐུབ།

ཆོས་ལྡན་གྱིས་གསར་འགོད་པར་བཤད་རྒྱུར། འདི་ནི་སྔོན་ཆད་ངས་གློག་བརྙན་སྟོན་པའི་སྐབས་སུ་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་གྱི་སྟེང་གི་གློག་གི་བསྒར་སྣེ་ཆག་རོ་ཞིག་ཡིན།  ངས་དུས་ཡུན་རིང་བོར་དངོས་བོ་དེ་ཉར་ཚགས་བྱས་ནས་བཞག་པ་ཡིན། དངོས་པོ་དེ་མཐོང་ཐེངས་རེ་ལ་ངས་སྔོན་ཆད་རང་གིས་གློག་བརྙན་སྟོན་པའི་དུས་སྐབས་དེ་དག་གི་འདས་དོན་ལ་ཕྱིར་དྲན་བྱེད་ཐུབ་ཟེར།  སྐབས་དེར་ཆོས་ལྡན་གྱིས་ལོ་ངོ་སུམ་ཅུའི་རིང་ལ་གློག་བརྙན་བསྟན་པའི་དོན་དག་གི་བརྒྱུད་རིམ་སྐོར་གསལ་བོར་བཤད་བྱུང་།

ཆོས་ལྡན་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོ་སྡོམ་ཁོག་སྡེ་བའི་ཡིན་ཞིང་། གཅིག་སྟོང་དགུ་བརྒྱ་ང་བདུན་ལོར་ཁོ་རང་འབྲོག་ཁྱིམ་ཞིག་ཏུ་སྐྱེས། གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར་ཡུལ་ཚོ་སྲིད་གཞུང་གིས་ལས་ལ་བརྩོན་པའི་ཆོས་ལྡན་ཡུལ་ཚོའི་གློག་བརྙན་སྟོན་མཁན་གཅིག་པུར་བདམས་པ་དང་། སྐབས་དེར་ལོ་ན་བཅུ་དྲུག་ཡིན་པའི་ཆོས་ལྡན་གྱིས་རང་གི་འོད་གཟུགས་ཀྱི་མི་ཚེ་དེ་ཐོག་མར་དེ་ནས་མགོ་བརྩམས །

དུས་དེ་ནས་བཟུང་སྟེ་ཆོས་ལྡན་གྱིས་ཁལ་གཡག་གཉིས་གསུམ་ལ་བརྟེན་ནས་ལོ་ངོ་སུམ་ཅུའི་རིང་ལ་རྩྭ་ཐང་གི་རི་ལུང་མང་པོ་ཞིག་བརྒལ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར། གློག་བརྙན་ནི་འབྲོག་པ་མང་ཚོགས་ལ་ཐོབ་དཀའ་བའི་བསམ་བློའི་རྒྱགས་ཕྱེ་རུ་གྱུར་ཡོད་པས་འབྲོག་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་སེམས་སུ་གློག་བརྙན་གྱིས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་རེད། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་བསྐང་ཆེད། ཆོས་ལྡན་གྱིས་ལོ་ངོ་སུམ་ཅུ་ཉིན་གཅིག་ལྟར་དུ་མཚོ་ངོས་ཀྱི་མཐོ་ཚད་ལ་རྨིད་བཞི་སྟོང་བརྒྱ་ལྷག་ཡོད་པའི་ས་ཆ་དེའི་རི་ཆུ་དང་གཙང་བོ་བརྒལ་ནས་རུ་སྡེ་སོ་སོ་མྱུལ་ཏེ་གློག་བརྙན་བསྟན་ནས། གློག་བརྙན་རེ་རེ་ཡིས་འབྲོག་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་བསམ་བློའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

གློག་བརྙན་སྟོན་བྱེད་ཀྱི་འཕྲུལ་ཆས་གཅིག་དང་གློག་སྡེབ་སྒམ་ཆུང་གཅིག གློག་འདོན་འཕྲུལ་ཆས་གཅིག་དང་སྒྲ་སྒམ་གཉིས། གློག་ཁུངས་ཀྱི་སྐུད་པ་རེ་གཉིས་བཅས་རོང་འབྲོག་ཁུལ་གྱི་གློག་བརྙན་སྟོན་མཁན་རྣམས་ཀྱི་ཆེས་རྨང་གཞིར་གྱུར་བའི་སྒྲིག་ཆས་ཡིན་པ་དང་།  དེ་ལས་ཀྱང་དེ་དག་ནི་ཆོས་ལྡན་གྱི་མི་ལོ་སུམ་ཅུའི་འོད་གཟུགས་ཀྱི་མི་ཚེའི་ཁྲོད་ཀྱི་ཆེས་བློ་དཀར་བའི་གྲོགས་པོ་ཡིན།

སྐབས་དེའི་དངོས་པོ་ནི་ཅུང་ལྗིད་ཤུགས་ཆེ་བ་ཞིག་རེད། གློག་བརྙན་སྟོན་བྱེད་ཀྱི་འཕྲུལ་ཆས་དང་གློག་འདོན་འཕྲུལ་ཆས། རླངས་སྣུམ། གློག་སྡེབ་སྒམ་སོགས་སྒྲིག་ཆས་རེ་འགའ་བསྣན་ཚེ། དེ་དག་གི་ལྗིད་ཚད་སྤྱི་རྒྱ་ཉིས་བརྒྱ་ནས་ཉིས་བརྒྱ་དང་ལྔ་བཅུར་འབུད་ཀྱི་ཡོད། ཐེངས་རེ་རེར་ཕྱི་རོལ་དུ་གློག་བརྙན་སྟོན་དུ་འགྲོ་བར་གཡག་གསུམ་ལ་ཁལ་འགེལ་དགོས་ཀྱི་ཡོད།  ཆོས་ལྡན་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར།  སྐབས་དེར་རྫོང་རིམ་པ་ནས་ལོ་གཅིག་གི་ནང་དུ་ཉིན་སུམ་བརྒྱར་གློག་བརྙན་སྟོན་དགོས་པའི་རེ་བ་བཏོན་ཡོད། དེའི་སྟབས་ཀྱིས་རང་ཉིད་ལ་མཚོན་ན་ལོ་ཧྲིལ་བོར་ངལ་གསོ་ཁོམ་མེད། ཐེངས་རེ་རེར་ཕྱི་སྒོར་འགྲོ་ཐེངས་རེར་ཕལ་ཆེར་སྡེ་བ་རེ་རེ་མྱུལ་ནས་འགྲོ་དགོས་པས་ཉིན་ཞེ་ལྔ་ལྷག་གི་དུས་ཚོད་དགོས་ཀྱི་ཡོད།  དེར་མ་ཟད་ཕྱི་རུ་འགྲོ་ཐེངས་རེ་ལ་རང་ཉིད་ཀྱིས་སྦྲ་གུར་དང་རྩམ་པ།  མར་ཆུར་སོགས་བཟུང་ནས་འགྲོ་དགོས་པ་དང་། གང་དུ་གློག་བརྙན་སྟོན་དགོས་ན་སྦྲ་གུར་དེ་རུ་ཕུབ་དགོས་ཀྱི་ཡོད།

རྨ་ཆེན་གངས་རིའི་འདབས་རོལ་དུ་ཡོད་པའི་རྨ་ཆེན་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་ཡིན་ཞིང་། རྫོང་ཁོངས་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་དེ་མཚོ་ངོས་ལས་རྨིད་སྟོང་བཞི་དང་བརྒྱ་ལྷག་ཡོད་པས་མཐོ་འཁྱགས་དབྱང་དབུགས་དཀོན་ཞིང་གནམ་གཤིས་ཤིན་ཏུ་སྡུག

འབྲོག་ཁུལ་ནས་གློག་བརྙན་སྟོན་ན་ཕྱི་རོལ་ནས་བརྙན་ཡོལ་འཐེན་དགོས་པ་དང་། འབྲོག་ཁུལ་ནི་ས་རྒྱ་ཆེ་ཞིང་མི་ཉུང་བས་དུས་ཚོད་རེ་འགའ་དང་ཐ་ན་སྤྱི་ལེ་བཅུ་ཕྲག་ཁ་ཤས་སུ་སོང་ན་ད་གཟོད་ཁྱིམ་ཚང་ཞིག་དང་ཐུག་སྲིད། ལྷག་པར་དུ་ལོ་རེ་རེའི་ཟླ་བཅུ་བ་ནས་སང་ལོའི་ཟླ་བཞི་བའི་བར་ཏེ་ལོ་ཕྱེད་རིང་གི་གྲང་འཁྱགས་ཁྲོད་དུ་ཆོས་ལྡན་ལ་མཚོན་ན་ནམ་རྒྱུན་ཡར་རྒྱུག་མར་རྒྱུག་བྱེད་དགོས་ཀྱི་ཡོད།

མཐོ་སྒང་གི་ནམ་ཟླ་ནི་འགྱུར་ལྡོག་ཆེ་ཞིང་ཆར་ཞོད་སོགས་དུས་ངེས་མེད་དུ་འབྱུང་སྲིད་པས་རྙོག་འཛིང་ཆེ་བའི་ནམ་ཟླའི་ཁོར་ཡུག་གིས་ནམ་རྒྱུན་གློག་བརྙན་སྟོན་མཁན་ཆོས་ལྡན་ལ་དཀའ་ལས་བཟོ་བཞིན་ཡོད།

ཆོས་ལྡན་གྱིས་བཤད་རྒྱུར། སྐབས་ཤིག་ལ་ངས་གློག་བརྙན་སྟོན་བཞིན་པའི་དུས་སུ་གློ་བུར་དུ་ཆར་ཞོད་ཆེན་པོ་བརྒྱབ་པས་གློག་བརྙན་ལ་ལྟ་བཞིན་པའི་མི་རྣམས་སྦྲུ་གུར་གྱི་ནང་དུ་བྲོས་སོང་། ང་རང་གཅིག་པུས་ཆར་བའི་ཁྲོད་ནས་དངོས་པོ་རྣམས་བསྡུ་གསོག་བྱས།  སྐབས་དེར་ངའི་ཡིད་ལ་ཐོག་མར་དྲན་པ་ནི་སྔོན་ལ་གློག་འདོན་འཕྲུལ་ཆས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།   དེ་བས་ངས་རང་ཉིད་ཀྱི་ལུས་ཡོངས་ཆར་བས་བརླན་པར་ཁ་ཡ་མ་བྱས་པར་བལ་གདན་མཐུག་པོ་ཞིག་གློག་འདོན་འཕྲུལ་ཆས་ཀྱི་སྟེང་དུ་བཀབ་པ་ན།  ཚག་སྒྲ་ཞིག་དང་མཉམ་དུ་ང་ལ་གློག་གིས་བརྒྱབ་བྱུང་པས་ང་རང་རྨིད་རེ་འགའི་མཚམས་སུ་འཕངས་སོང་།   ད་ལྟ་སྐབས་དེའི་དོན་དག་ལ་འདང་ཞིག་བརྒྱབ་ན་དངོས་ནས་སྐྲག་ནི་ཞིག་རེད་ཟེར།

ཆོས་ལྡན་ལ་མཚོན་ན་ལོ་ངོ་སུམ་ཅུའི་རིང་ལ་གློག་བརྙན་བསྟན་པའི་དུས་ཡུན་ནང་དུ་དོན་དག་དེ་འདྲ་ཧ་ཅང་མང་པོ་ཞིག་བྱུང་མྱོང་ཡོད།  ཡིན་ནའང་ཆོས་ལྡན་ལ་མཚོན་ན་ཐོག་མཐའ་བར་གསུམ་དུ་རང་གི་ལས་ཀ་དེ་མཚམས་མ་བཞག་པར། ཐེངས་རེར་བྱུང་བའི་དོན་དག་རེ་རེ་ལ་སྤྱི་སྡོམ་བྱས་ནས་ཕྱིན་ཆད་ཡང་བསྐྱར་མི་འབྱུང་བར་གཟབ་ནན་བྱེད་བཞིན་ཡོད།

ཐེངས་རེ་རེར་གློག་བརྙན་བསྟན་ཚར་ནས་ཕྱིར་ལོག་སྐབས་ཆོས་ལྡན་སྔོན་ལ་ཁྱིམ་དུ་མི་ལོག་པར་གློག་བརྙན་གྱི་སྒྲིག་ཆས་ཡོད་ཚད་ཡུལ་ཚོའི་མཛོད་ཁང་དུ་སྐྱེལ་བཞིན་ཡོད།

སྤྱིར་ན་རང་གི་ཁྱིམ་དུ་བཞག་ཀྱང་ཆོག་མོད།  ཆར་བབས་ཚེ་རང་ཁྱིམ་གྱི་སྦྲ་གུར་ནང་དུ་སྒྲིག་ཆས་རྣམས་རློན་པ་བྱེད་པར་དོགས་པ་ཡིན་ཟེར། སྐད་ཆ་དེ་བཤད་པའི་སྐབས་སུ་གློག་བརྙན་གྱི་སྒྲིག་ཆས་དེ་དག་རང་གི་ཚེ་སྲོག་ལས་ཀྱང་གཅེས་པར་འཛིན་པའི་བོད་རིགས་གསར་རྒོད་དེའི་མིག་མཐའ་རུ་མཆི་མ་ཞིག་ངང་གིས་འཁོར་འདུག

སྐབས་དེ་དག་དུ་དུས་ཡུན་ཅུང་ཙམ་རེའི་མཚམས་ནས་ཁོ་རང་རྫོང་གི་གློག་བརྙན་ཀུང་ཟི་རུ་སོང་ནས་གློག་བརྙན་གསར་བའི་པར་གཞི་དག་ལེན་དགོས་ཀྱི་ཡོད། ཁོའི་ཁྱིམ་ནས་རྫོང་མཁར་གྱི་བར་དུ་ལམ་ཐག་སྤྱི་ལེ་སུམ་ཅུ་སོ་གཉིས་ཙམ་ཡོད།   རྫོང་མཁར་དུ་འགྲོ་བའི་རླངས་འཁོར་མེད་དུས་ཆོས་ལྡན་ནམ་རྒྱུན་རྐང་ཐང་གིས་འགྲོ་དགོས་ཀྱི་ཡོད། ཐེངས་རེ་རེར་རྫོང་མཁར་ནས་ལྗིད་ཚད་ལ་རྒྱ་མ་སུམ་ཅུ་ཙམ་ཡོད་པའི་གློག་བརྙན་གྱི་པར་གཞི་དེ་དག་ཁུར་ནས་ཡོང་དགོས་པ་དང་། དེ་ལྟར་ཡོང་ཚེ་ཕར་འགྲོ་ཚུར་ཡོང་གི་ལམ་ཁར་དུས་ཚོད་དགུ་ལྷག་དགོས། ཡིན་ནའང་ཕྱི་ཉིན་དུས་ལྟར་གློག་བརྙན་སྟོན་ཐུབ་པར་བྱེད་ཆེད་ཁོ་རང་རྒྱུན་དུ་མཚན་མོ་ཕར་འགྲོ་ཚུར་ཡོང་བྱེད་ཀྱི་ཡོད།

ཐེངས་ཤིག་ལ་ཆོས་ལྡན་དང་ཁོའི་གྲོགས་པོ་མཉམ་དུ་རྫོང་ཐོག་ཏུ་གློག་བརྙན་གྱི་པར་གཞི་བརྗེ་རུ་འགྲོ་དུས། ཟ་མ་ཟོས་མེད་པའི་སྟབས་ཀྱིས་ཕོ་བ་ཧ་ཅང་ལྟོགས་པས་རྐང་ལག་ལའང་ཤེད་ཤུགས་མེད་པར་གྱུར། སྐབས་དེར་ཁོ་གཉིས་ཀྱིས་ཚོང་ཁང་ཞིག་ཏུ་ལྕགས་ཀྲིན་ཞིག་ཉོས་ནས་བཟའ་བར་རྩོམ་དུས་རུལ་དྲི་ཞིག་སྣ་ལམ་དུ་མཆེད་ཡོང་། ཞིབ་ཏུ་ལྟ་དུས་ལྕགས་ཀྲིན་དེ་སྔ་མོ་ནས་དུས་ལས་ཡོལ་འདུག་པས་ཁོ་གཉིས་མུ་མཐུད་དུ་ཕོ་བ་ལྟོགས་བཞིན་ལམ་དུ་བསྐྱོད་དགོས་བྱུང་།

མཚམས་ལན་རེར་ཁངས་ཆེན་པོ་བབས་ཚེ་འདྲུད་འཐེན་འཁོར་ལོ་བསྐོར་ནས་འགྲོ་མི་ཐུབ་པས་རྟ་ཐོག་ནས་གློག་བརྙན་གྱི་སྒྲིག་ཆས་དག་ཁྱེར་ནས་འགྲོ་བཞིན་ཡོད། ནམ་རྒྱུན་དུ་གློག་བརྙན་སྟོན་པར་འབྲོག་ཁུལ་དུ་ཐོན་དུས་ཡུལ་མི་རྣམས་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད་པ་དང་། གློག་བརྙན་གཅིག་བསྟན་ཚར་རྗེས་ཡང་བསྐྱར་མུ་མཐུད་ནས་གློག་བརྙན་གཞན་ཞིག་སྟོན་དགོས་ཤིང་། སྐབས་རེར་གློག་བརྙན་བསྟན་ནས་ནམ་ལངས་སོང་བ་འང་ཡོད། འབྲོག་པ་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་ཐུབ་ཚེ་དེ་ལ་དོན་སྙིང་གལ་ཆེན་ལྡན་པས་དཀའ་ཁག་ཇི་འདྲ་ཆེ་ཡང་དེ་ལ་རིན་ཐང་ལྡན་ཞེས་ཆོས་ལྡན་གྱིས་གསར་འགོད་པར་བཤད།

རྫོང་ཐོག་ཏུ་གློག་བརྙན་གྱི་པར་གཞི་བརྗེ་རུ་འགྲོ་བའི་ལམ་བར་དུ་ཐེངས་མང་པོར་ཁོའི་ཕོ་བ་ལྟོགས་མྱོང་ཞིང་། སྐབས་རེར་ཆུ་ཁམ་བུ་གང་ཡང་འཐུང་ཐུབ་ཀྱི་མེད་ལ་ད་དུང་ལན་རེར་ཁ་བ་མཐུག་པོས་རི་ལམ་ཡོངས་སུ་གཡོགས་པས་ཁོའི་འགྲོ་ལམ་བཅད་པ་སོགས་དཀའ་ངལ་མང་པོར་འཕྲད་པ་བགྲང་གིས་མི་ལང་མོད།  ཁོས་དཀའ་ངལ་དེ་དག་གི་དབང་གིས་གློག་བརྙན་དུས་ལྟར་སྟོན་པའི་འཆར་གཞི་ལ་བར་ཆད་ཅི་ཡང་ཐེབས་སུ་བཅུག་མྱོང་མེད།

《འབྲི་ཆུར་བརྒལ་བའི་མྱུལ་ཞིབ་ཟིན་ཐོ》དང་《ཐའེ་ཨར་གྲོང་གི་གཡུལ་འགྱེད 》《དོང་ལམ་དམག་འཐབ》སོགས་ཆོས་ལྡན་གྱིས་ཡུལ་མི་ཚོར་བསྟན་པའི་རྒྱལ་གཅེས་བརྗོད་གཞི་ཡིན་པའི་གློག་བརྙན་དེ་དག་གིས་ཁོ་རང་ཏང་ནང་དུ་ཞུགས་འདོད་ཀྱི་འདུན་པ་ཞིག་དྲག་ཏུ་སྐྱེས་མྱོང་།

གློག་བརྙན་གྱི་ནང་དུ་གུང་ཁྲན་ཏང་མི་དཀའ་སྡུག་ལ་མི་སྐྲག་ཅིང་ཐ་ན་གུང་ཁྲན་རིང་ལུགས་ཀྱི་ལས་དོན་གྱི་ཆེད་དུ་རང་སྲོག་ཀྱང་གཏོང་བར་ཕོད་པའི་སྙིང་སྟོབས་ལ་ངས་སེམས་གཏིང་ནས་ཡི་རང་བྱེད་བཞིན་ཡོད་ལ། ཁོ་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབས་པའི་དོན་དངོས་དེའི་སྟེང་ནས་ངས་ཤེས་བྱ་མང་པོ་ཞིག་སློབ་ཐུབ་པར་གྱུར་པས་སྐབས་དེར་ངས་རང་ཉིད་ངེས་པར་དུ་གུང་ཁྲན་ཏང་ནང་དུ་ཞུགས་དགོས་བསམས་བྱུང་།ཞེས་ཆོས་ལྡན་གྱིས་བཤད།

མི་དམངས་མང་ཚོགས་ལ་གློག་བརྙན་བསྟན་པ་དེ་ཡང་མི་དམངས་ལ་ཞབས་འདེགས་ཞུས་པ་ཡིན་པས། རྗེས་ཕྱོགས་སུ་ངེས་པར་དུ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་གློག་བརྙན་སྟོན་མཁན་བཟང་བོ་ཞིག་བྱེད་རྒྱུ་ཡིན་ཞེས་གཅིག་སྟོང་དགུ་བརྒྱ་གྱ་བཞི་ལོར་ཆོས་ལྡན་གྱིས་ཏང་ནང་དུ་ཞུགས་རྒྱུའི་རེ་འདོད་ཡི་གེ་ཁྲོད་འདི་འདྲའི་སྐད་ཆ་ཞིག་བྲིས་འདུག

ཏང་ནང་དུ་ཞུགས་པའི་དུས་ཚོད་ཡིད་ན་ཡོད་དམ།  གསར་འགོད་པས་ཆོས་ལྡན་ལ་དེ་ལྟར་འདྲི་སྐབས།

གཅིག་སྟོང་དགུ་བརྒྱ་གྱ་བཞི་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་ཡིན་ཞེས་ཆོས་ལྡན་ལ་ཐེ་ཚོམ་ཅི་ཡང་མེད་པར་གསར་འགོད་པར་དེ་ལྟར་ལན་བཏབ། ཁོ་ལ་མཚོན་ན་ཏང་ནང་དུ་ཞུགས་པའི་ཉིན་མོ་དེ་ནི་ཤིན་ཏུ་བརྗེད་དཀའ་བ་ཞིག་ཡིན་སྟབས། ད་ལྟའི་བར་དུ་དུས་ཚོད་དེ་ཡིད་ལ་གསལ་བོར་བཟུང་འདུག

ཏང་ནང་དུ་ཞུགས་པའི་རྗེས་སུ་ཆོས་ལྡན་གྱིས་རང་ཉིད་ལ་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞི་ནས་བླང་བྱ་ནན་མོ་འདོན་བཞིན་ཡོད། གློག་བརྙན་སྟོན་པའི་ལས་ཀ་དེ་དཀའ་ཚེགས་ཆེ་ནའང་ང་ལ་མཚོན་ན་དཀའ་ཁག་དེ་དག་ལ་གཏན་ནས་མི་སྐྲག  རྒྱུ་མཚན་ནི་ང་རང་བྱ་བ་དེར་ཧ་ཅང་དགའ་བར་མ་ཟད། གློག་བརྙན་སྟོན་པ་དེ་ཡང་མི་དམངས་ལ་ཞབས་འདེགས་ཞུ་སྟངས་ཤིག་ཡིན་ཞེས་ཆོས་ལྡན་གྱིས་བཤད།

ནམ་རྒྱུན་དུ་གློག་བརྙན་སྟོན་དུས་སུ་མང་ཚོགས་རྣམས་ལ་ལོ་ཚེས་པ་ལྟ་བུའི་དགའ་སྣང་ཞིག་སྐྱེས་བཞིན་ཡོད།  ཁོ་ཚོས་རྒྱུན་དུ་ང་རང་ཁྱིམ་ལ་འབོད་པ་དང་ཟས་ཞིམ་པོ་སྟེར་བ་བཅས་བྱས་ནས། ང་རང་གུང་ཁྲན་ཏང་གི་ལས་བྱེད་པ་ཞིག་ཏུ་བརྩི་བཞིན་ཡོད།  སྐབས་དེ་དག་ཏུ་ངའི་སེམས་སུ་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ཀྱང་ངང་གིས་སྐྱེས་བྱུང་བར་མ་ཟད། རང་ཉིད་ནི་མེད་ཐབས་མེད་པའི་མི་ཞིག་ཀྱང་ཡིན་པར་འདོད་ཀྱིན་ཡོད་ཟེར། མང་ཚོགས་རྣམས་ཆོས་ལྡན་ལ་ཤིན་ཏུ་དགའ་ཞིང་ཐག་རིང་གི་ས་ནས་ཆོས་ལྡན་ཡོང་བཞིན་པ་མཐོང་ཚེ་སྔོན་ལ་རྒྱུག་ནས་བསུ་མ་བྱེད་ཅིང་ཁོའི་དངོས་བོ་རྣམས་ལེན་རོགས་བྱེད་བཞིན་ཡོད།

ཆོས་ལྡན་གློག་བརྙན་སྟོན་དུ་ཡོང་བ་བཞིན་པ་ཤེས་དུས་མི་མང་པོ་ཞིག་ལྟ་རུ་ཡོང་བཞིན་ཡོད།  སྡེ་བ་དེ་དག་གི་ནང་གི་ན་མཉམ་མང་པོ་ཞིག་ཆོས་ལྡན་གྱི་གློག་བརྙན་དང་མཉམ་དུ་ནར་སོན་པ་ཞིག་རེད། འབྲོག་སྡེ་དང་གཏན་སྡོད་ས་གནས་གང་ཞིག་ཡིན་རུང་གློག་བརྙན་དེ་དག་གིས་ཁོ་ཚོའི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ཁོ་ཚོས་རྒྱ་ཆེ་བའི་འཇིག་རྟེན་ལ་རྒྱུས་ལོན་བྱེད་པའི་སྒོ་མོ་ལྟ་བུར་གྱུར་ཡོད།

གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོ་ནས་ཉིས་སྟོང་གསུམ་ལོའི་བར་དུ་།  ཆོས་ལྡན་གྱིས་འབྲོག་ཁུལ་གྱི་རུ་སྡེ་མང་པོ་ཞིག་མྱུལ་ནས་ཁོས་གཟབ་ནན་གྱི་བྱ་བའི་རྣམ་འགྱུར་ལ་བརྟེན་ནས་ཐེངས་རེ་རེའི་གློག་བརྙན་སྟོན་པའི་ལས་འགན་ཡོང་འགྲུབ་བྱས།

གློག་བརྙན་སྟོན་དུ་འགྲོ་བའི་དུས་ཡུན་རིང་བའི་སྟབས་ཀྱིས་བཟའ་མི་གཉིས་མཉམ་དུ་འདུག་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཞིང་ཁྱིམ་གྱི་བྱ་བར་དེ་བས་ཀྱང་ཁ་ཡ་བྱེད་ཐུབ་ཀྱི་མེད། དེ་ལྟར་ཡིན་ནའང་ཆོས་ལྡན་གྱི་ཆུང་མར་འཁང་ར་ཅི་ཡང་མེད་པར་ཆོས་ལྡན་གྱི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད།  ཆོས་ལྡན་བཟའ་མི་གཉིས་ཀྱིས་ཡི་གེ་མི་ཤེས་ཀྱང་ཁྱིམ་དུ་སློབ་གྲྭ་ཆེན་མོ་བ་གསུམ་སྐྱེད་སྲིང་བྱས་ཡོད། ཆོས་ལྡན་གྱིས་བཤད་རྒྱུར། ངེད་བཟའ་མི་གཉིས་ལ་རིག་གནས་མེད་པའི་སྟབས་ཀྱིས་བྱ་བ་མང་པོ་ཞིག་འཁྱོངས་ཐུབ་ཀྱི་མེད། དེའི་སྟབས་ཀྱིས་བྱིས་པ་ཚོ་རེ་རེ་བཞིན་སློབ་གྲྭར་བསྐྱལ་བ་ཡིན་ཟེར།

ཉིས་སྟོང་གསུམ་ལོའི་རྗེས་ནས། དྲ་རྒྱ་དང་བརྙན་འཕྲིན་སོགས་ཁྱབ་གདལ་དུ་སོང་སྟེ་གློག་བརྙན་ལ་ལྟ་བའི་མི་ཡང་རིམ་གྱིས་ཇེ་ཉུང་དུ་སོང་བ་དང་བསྟུན་ནས། ཆོས་ལྡན་གྱིས་ཀྱང་རང་གི་དགའ་ཞེན་ཆེ་བའི་བྱ་བ་དེ་བསྐྱུར་དགོས་བྱུང་སོང་།

ཉིས་སྟོང་གསུམ་ལོ་ནས་ད་ལྟའི་བར་དུ། ཁོས་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་དེ་གཏན་ནས་འགྱུར་མྱོང་མེད།  ད་ལྟ་གློག་བརྙན་སྟོན་པའི་ལས་ཀ་དེ་སྒྲུབ་ཀྱི་མེད་ཀྱང་། ངའི་སེམས་ནས་གཏན་དུ་བརྗེད་ཀྱི་མེད།  ངའི་རེ་བར་དུས་ནམ་ཞིག་གི་ཚེ་ན་མུ་མཐུད་དུ་མི་དམངས་ལ་ཞབས་འདེགས་ཞུས་ནས་ཏང་ཡོན་ཞིག་གི་འགན་འཁྲི་ངོ་མ་དེ་ལག་བསྟར་བྱེད་འདོད་ཡོད་ཅེས་ཆོས་ལྡན་གྱིས་བཤད།

འདི་ནི་ཇ་བག་ཆ་གཅིག་དང་རྩམ་པ་ཉུང་ཙམ་ཡིན་ལ་ད་དུང་སྒོར་མོ་བརྒྱ་ཐམ་པ་ཡོད། ཁྱོད་ཚོས་ལེན་རོགས་གནོངས།  ཟླ་བདུན་པའི་སྔ་དྲོ་ཞིག་ལ་རང་ཁྱིམ་གྱི་ཕྱུགས་ཟོག་ལ་གཟན་རྩྭ་བྱིན་རྗེས་སུ་ཆོས་ལྡན་གྱིས་རང་གིས་གྲ་སྒྲིག་བྱས་ཟིན་པའི་དངོས་བོ་དེ་དག་བཟུང་ནས། སྡེ་བའི་དབུལ་ཕོངས་ཁྱིམ་ཚང་བཀྲ་ཤིས་སྐྱིད་ཚང་ལ་སོང་། སྒོ་ཁ་ནས་ཡར་འཛུལ་མ་ཐག   བཀྲ་ཤིས་སྐྱིད་ཚང་གིས་དགའ་སྤྲོ་དང་བཅས་ཏེ་ཆོས་ལྡན་ལ་བསུ་མ་བྱེད་པར་བལྟས་ན་ཁོ་ནི་ཁྱིམ་ཚང་དེའི་རྒྱུན་མགྲོན་དུ་གྱུར་ཡོད་པ་གསལ་བོར་རྟོགས་ཐུབ།

ཉིས་སྟོང་གསུམ་ལོར་ཆོས་ལྡན་གྱིས་རང་ཉིད་ཤིན་ཏུ་དགའ་བའི་གློག་བརྙན་སྟོན་པའི་བྱ་བ་དེ་བསྐྱུར་ཟིན་ནའང་། མི་དམངས་ལ་ཞབའ་འདེགས་ཞུ་བའི་བསམ་བློ་དེ་གཏན་ནས་དོར་མྱོང་མེད།  རྫོང་ཡོངས་སུ་ཏང་འཛུགས་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་གཏིང་ཟབ་བྱས་པ་དང་བསྟུན་ནས། ཆོས་ལྡན་ནི་ཁོར་ཡུག་སྲུང་སྐྱོབ་དང་ཕན་ཚུན་རོགས་རེས་བྱེད་པ། སློབ་གསོ་ལྟ་སྐུལ་སོགས་ཚན་ཆུང་དུ་མ་ཞིག་གི་ཁོངས་མིར་གྱུར་འདུག

དེང་སྐབས་ཆོས་ལྡན་སྐབས་རེར་སྡེ་བའི་ནང་གི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་དུ་སོང་ནས་ཁོ་ཚོར་འཚོ་བའི་དཀའ་ཁག་ཅི་ཞིག་ཡོད་མིན་དང་ཅི་ཞིག་དགོས་མཁོ་ཆེ་བ་སོགས་ཀྱི་གནས་ཚུལ་ལ་ལྟ་བ་དང་། ཉུང་མཐར་ཡང་ཟླ་བ་གཅིག་རེའི་ནང་དུ་སྡེ་བའི་མཉམ་ལས་ཁང་དང་རྩྭ་ཐང་བཅས་སུ་སོང་ནས་གད་སྙིགས་གཙང་ཕྱགས་བྱེད་པ།  སློབ་མགོ་རྩོམ་ལ་ཉེ་བའི་སྐབས་སུ་འབྲོག་ཁྱིམ་མང་པོ་ཞིག་ཏུ་སོང་ནས་ཁྱིམ་བདག་དང་བྱིས་པ་རྣམས་ལ་སློབ་སྦྱོང་གི་གལ་ཆེན་རང་བཞིན་བཤད་པ་སོགས་རྨ་ཆེན་རྫོང་གིས་ཏང་གི་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བ་ནས་བཟུང་ཆོས་ལྡན་ལ་མཚོན་ན་ཁོམ་ལོང་ཅུང་ཙམ་ཡང་མེད་པར་གྱུར་འདུག

                                                              ལོ་ཙཱ་བ། གཡང་འབུམ་རྒྱལ།