སོར་རྩེ་ལས་ཐོན་པའི་མཚར་སྡུག་གི་མི་ཚེ།
2020.08.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 53

ཟླ་དྲུག་པའི་ཚེས་བརྒྱད་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་གླིང་དུ། གསེར་སྐུད་ཀྱི་ཐང་ག་ཞིག་གིས་སོར་མོའི་འཁོར་རྒྱུན་བར་ནས་རིམ་གྱིས་མཛེས་སྡུག་གི་རྣམ་པ་མངོན་བཞིན་འདུག

གསེར་སྐུད་ཐང་ག་ནི་ཐང་ག་བཞེངས་པའི་བཟོ་རྩལ་གྱི་རྨང་གཞིའི་སྟེང་། ཀྲུང་གོའི་སྲོལ་རྒྱུན་ལག་ཤེས་གསེར་སྐུད་རྨང་གཞིར་བྱས་ཤིང་། དེང་རབས་ལག་རྩལ་དང་ཟུང་འབྲེལ་བྱས་ཏེ། གསེར་ཤོག་དང་གསེར་སྐུད་ཀྱིས་ཕྲ་རྒྱན་བཏབ་ནས་གྲུབ་པའི་ལག་ཤེས་རྐྱང་རྐྱང་ལས་ཐོན་པའི་སྒྱུ་རྩལ་ཐོན་རྫས་ཤིག་རེད།

གསེར་སྐུད་ཐང་ག་བཞེངས་པ་ནི་ལོ་ན་བཞི་བཅུ་ཞེ་བཞི་ལ་སོན་པའི་མགོ་ལོག་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་བསོད་ནམས་སྒྲོལ་མ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐབས་ཤེས་ཡིན་ལ། མོས་ཕ་ཡུལ་གྱི་རིག་གནས་ཁྱབ་སྤེལ་གཏོང་བ་དང་ཕྱིར་ཡུལ་མི་རྣམས་ལ་དྲིན་ལན་འཇལ་སྟངས་ཤིག་ཀྱང་རེད།

བསོད་ནམས་སྒྲོལ་མས་གསར་འཛུགས་བྱས་པའི་མགོ་ལོག་ཁུལ་བཀྲ་ཤིས་ཕུན་ཚོགས་ཐང་ག་ལག་ཤེས་བཟོ་རྩལ་ཁྲིད་སྦྱོང་ཁང་གི་ཟུར་ངོས་ཤིག་ཏུ། གཟི་བརྗིད་དཔང་ཡིག་དང་བྱ་དགའི་དཔང་ཡིག་སྣ་ཚོགས་ཀྱིས་བཀང་འདུག མོའི་མིག་ནང་དུ་གཟི་བརྗིད་འདི་དག་ནི་ཁས་ལེན་ཞིག་ཡིན་ལ་དེ་བས་ཀྱང་སྐུལ་ལྕག་ཅིག་ཡིན། མོའི་མ་འོངས་པའི་དམིགས་ཡུལ་ནི་མི་སྔར་ལས་ཀྱང་མང་པོ་ཞིག་ལ་གསེར་སྐུད་ཐང་ག་བཞེངས་སུ་བཅུག་ནས་ཁྱིམ་གཞིས་ཕྱུག་པོར་གཏོང་རྒྱུ་དེ་རེད།

1976ལོར། བསོད་ནམས་སྒྲོལ་མ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཧྭ་བྱ་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། མོར་ཕུ་བོ་ཞིག་དང་། མོ་ལས་ཆུང་བའི་མིང་སྲིང་བདུན་ཡོད།

ཁྱིམ་གྱི་བུ་མོ་ཆེ་བ་ཡིན་པའི་ཆ་ནས། ལོ་དགུ་ལ་བུད་པ་ནས་བཟུང་བསོད་ནམས་སྒྲོལ་མས་ཁྱིམ་ལས་ཀྱི་འགན་འཁྲི་ལྕི་མོ་དེ་ཕྲག་ཏུ་འཁུར་བས། སློབ་གྲྭ་འགྲིམས་པ་ནི་མོར་མཚོན་ན་རེ་སྨོན་འབའ་ཞིག་ཏུ་གྱུར།

སྐབས་དེར། བསོད་ནམས་སྒྲོལ་མའི་ཁྱིམ་ནི་སྦྲ་ནག་ཅིག་རེད། ཡིན་ཡང་སྦྲ་ནག་དེའི་ནང་བཀལ་བའི་གསེར་སྐུད་ཐང་ག་ཞིག་གིས་ལོ་ན་ཆུང་བའི་བསོད་ནམས་སྒྲོལ་མའི་སེམས་སུ་རི་མོ་འབྲི་རྒྱུར་དགའ་བའི་ས་བོན་གྱི་མྱུ་གུ་ཞིག་བཏབ།

ལོ་ན་བཅུ་བཞི་ལ་སོན་དུས། བསོད་ནམས་སྒྲོལ་མས་མོའི་ཨ་མས་བཞོ་ཐུབ་ཚད་ཀྱི་འོ་མ་བཞོ་ཐུབ་ཀྱིན་ཡོད། ཉིན་རེ་བཞིན་ཨ་མ་དང་མོ་གཉིས་ནམ་མ་ལངས་གོང་ནས་ཡར་ལངས་ཏེ་ཉིན་གུང་བར་ཁོ་ཚང་གི་འབྲི་མོ་བརྒྱད་ཅུ་བཞོ་ཀྱིན་ཡོད་ལ། དེ་ནས་མུ་མཐུད་དུ་ལྕི་བ་འཐུ་བ་དང་ནོར་རྫིར་འགྲོ་བ་ནི་བསོད་ནམས་སྒྲོལ་མའི་བྱ་བ་གཙོ་བོ་རུ་གྱུར་ཡོད།

ཕུ་བོ་ཆེ་བ་དང་ཨ་ཅེ་ཆེ་བས་ཕ་མ་གཉིས་ལ་ཁྱིམ་ལས་ལས་རོགས་བྱེད་ཀྱིན་ཡོད་པས་བྱིས་པ་གཞན་དག་ལ་སློབ་གྲྭར་འགྲིམས་པའི་གོ་སྐབས་ལྡན་སོང་། ཐེངས་རེར་ཁོ་ཚོས་དཔེ་ཁུག་ཁུར་ཏེ་སྒོར་འབུད་པ་དང་དཔེ་ཆ་བཟུང་སྟེ་ཕྱིར་ཁྱིམ་དུ་ལོག་པ་མཐོང་ཚེ། བསོད་ནམས་སྒྲོལ་མས་རྒྱུན་པར་ཡིད་སྨོན་བྱེད་བཞིན་འདུག

མོ་ལ་ཤེས་བྱ་ཁྲིད་མཁན་མེད་ཅིང་། ནུ་བོ་ནུ་མོ་རྣམས་ནི་མོའི་དགེ་རྒན་ཡིན།

ལོ་ན་བཅོ་བརྒྱད་ལ་སོན་པའི་ལོ་དེར། ཕ་མ་གཉིས་ཀྱིས་ཐག་བཅད་པ་བརྒྱུད། བསོད་ནམས་སྒྲོལ་མ་རྫོང་ས་འགུལ་བརྟག་དཔྱད་ཁང་དུ་ལས་ཚོགས་ལ་ཞུགས་ཀྱིན་པའི་ཁ་ལོ་བ་ཞིག་དང་གཉེན་བསྒྲིགས་ཤིང་། གཉེན་སྒྲིག་པའི་ཉིན་མོ་དེར་ཁོ་གཉིས་ད་གཟོད་ཐོག་དང་པོར་ཕན་ཚུན་ངོ་འཕྲད། གཉེན་མ་བསྒྲིགས་གོང་དུ། བསོད་ནམས་སྒྲོལ་མ་རྨ་ཆེན་རྫོང་ལ་ཐེངས་གཅིག་ཀྱང་སོང་མ་མྱོང་། རྫོང་མཁར་དུ་གནས་ལ་སོང་བ་དེ་ནི། མོར་མཚོན་ནས་བཤད་ན་ཡོད་ཚད་གསར་པ་གསར་རྐྱང་ཡིན་པ་རེད།

གཉེན་བསྒྲིགས་རྗེས། ཁྱིམ་ལས་ལས་པ་དང་བྱིས་པ་སྐྱོང་བ་སོགས་ཀྱི་ལས་ལ་བྲེལ་མོད། འོན་ཀྱང་བསོད་ནམས་སྒྲོལ་མས་སློབ་སྦྱོང་བྱེད་པའི་གོམ་ཁ་ལྷོད་མ་མྱོང་། བརྙན་འཕྲིན་འཕྲུལ་ཆས་དང་མུ་འབྲེལ་རི་མོ། ཐུམ་རྒྱག་ཁུག་མ་སོགས་མོས་བཀོལ་ཆོག་པའི་དངོས་པོ་ཡོད་དོ་ཅོག་སྤྱད་དེ་རང་སྦྱོང་བྱས། དེ་དག་གི་ཁྲོད་དུ། མུ་འབྲེལ་རི་མོས་ཡང་བསྐྱར་མོའི་རི་མོ་འབྲི་བར་དགའ་བའི་སྤྲོ་སྣང་དེ་བསླངས་སོང་།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། འཇིག་རྟེན་འདི་ན་དཀའ་བ་མེད། ལྷོད་པ་མེད་པའི་ཧུར་བརྩོན་བྱས་མཐར། མོ་རང་ལོ་ཉེར་གསུམ་ལ་བུད་པའི་ཉིན་ཞིག་ལ། བསོད་ནམས་སྒྲོལ་མས་རྒྱ་ཡིག་གི་ཚིག་རྐང་ཧྲིལ་པོ་ཞིག་ཀློག་ཐུབ་པར་མ་ཟད། རྒྱ་ཡིག་གི་ཚིག་རྐང་དེའི་མིང་ཚིག་ཡོངས་རྫོགས་ཡང་དག་པར་འབྲི་ཡང་ཤེས་པ་ཚོར། ལོ་ཉེར་བདུན་སྟེང་། མོས་རང་རྐྱ་ཐུབ་པའི་སྒོ་ནས་ཚགས་པར་ཀློག་ཐུབ་པར་གྱུར།

ཚད་ལྡན་གྱི་སློབ་གསོ་མྱངས་མ་ཐུབ་པ་ནི་དུས་ནམ་ཡང་བསོད་ནམས་སྒྲོལ་མའི་སེམས་ཀྱི་ཆད་ལྷག་ཅིག་ཡིན་པས། རང་གི་བྱིས་པ་རང་ཉིད་སོང་མྱོང་བའི་ལམ་དུ་མི་བགྲོད་པའི་ཆེད་དང་། རང་ཉིད་ཀྱི་སེམས་ཀྱི་ཆད་ལྷག་དེ་སྐོང་བའི་ཆེད་དུ། 2001ལོར། བསོད་ནམས་སྒྲོལ་མས་བྱིས་པ་གཉིས་མགོ་ལོག་ནས་ཟི་ལིང་ལ་ཁྲིད་ཡོང་སྟེ་སློབ་གཉེར་བྱེད་པའི་ལམ་དུ་ཆས།

བསོད་ནམས་སྒྲོལ་མ་དང་གསེར་སྐུད་ཐང་གའི་ལས་སྐལ་ནི་ཉིས་སྟོང་བདུན་ལོ་ནས་མགོ་བརྩམས། སྟེས་དབང་ཤིག་གིས་མོས་ཚགས་པར་ལ་བལྟ་དུས་ཤིག་ལ་ཅིང་ཐའེ་ལན་གསེར་སྐུད་ཐང་གའི་གསོ་སྐྱོང་བརྡ་ཁྱབ་ཅིག་མཐོང་བ་དང་། སྲོལ་རྒྱུན་རིག་གནས་དང་རི་མོའི་སྒྱུ་རྩལ་ལ་དགའ་དྲགས་པའི་དབང་གིས། མོས་གསོ་སྐྱོང་བརྒྱུད་རིམ་ཡོངས་ལ་རྩད་གཅོད་གསལ་བོ་བྱས། ཡིན་ཡང་སྐབས་དེར་མོའི་བུ་དང་བུ་མོ་གཉིས་ད་དུང་སློབ་འབྲིང་འགྲིམས་བཞིན་ཡོད་པས། བསོད་ནམས་སྒྲོལ་མས་གནས་སྐབས་སུ་སེམས་ཀྱི་འཁོར་ས་གཙོ་བོ་བུ་དང་བུ་མོའི་སྟེང་དུ་བཞག

2009ལོར། བུ་མོ་བདེ་བླག་ངང་མཐོ་འབྲིང་དུ་འགྲིམས་པ་དང་བུ་ཆུང་གིས་ཀྱང་སློབ་འབྲིང་གི་བསླབ་ཚན་མཇུག་རྫོགས་པས། བསོད་ནམས་སྒྲོལ་མར་རང་ཉིད་ཀྱིས་བསྒྲུབ་འདོད་པའི་བྱ་བ་དག་སྒྲུབ་ཁོམ་ཡོད་པར་གྱུར།

སློབ་སྦྱོང་ལ་མྱུར་ལམ་མེད་པས། རང་ཉིད་ཀྱི་ལས་དོན་ཞིག་བསྒྲུབ་ན་ནི་བརྒྱ་ཆའི་བརྒྱ་ཡི་འབད་བརྩོན་བྱེད་དགོས་པ་ནི་སྨྲ་མི་དགོས།

2010ལོར། བསོད་ནམས་སྒྲོལ་མས་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ཚོང་གཉེར་ལག་ཁྱེར་བླངས་པ་དང་། སྐབས་དེར། མོའི་མ་རྩ་ཡོད་ཚད་བསྣན་ན་སྒོར་བཞི་བརྒྱ་མ་གཏོགས་མེད།

མྱུར་དུ་ལས་སྐྲུན་གྱི་མ་རྩ་གསོག་ཆེད། 2011ལོར། བསླབ་པར་འབྲས་བུ་ཡོད་པའི་བསོད་ནམས་སྒྲོལ་མ་གདན་ཞུས་ལྟར་ཧེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་ལ་སོང་སྟེ་ལོ་ཕྱེད་རིང་གི་གསེར་སྐུད་ཐང་གའི་དགེ་རྒན་བྱས་པ་དང་། དེ་ནི་མོ་རང་གནམ་གྲུར་བསྡད་དེ་ལེ་དབར་སྟོང་ཕྲག་གིས་ཆོད་པའི་ཆ་རྒྱུས་མེད་པའི་གྲོང་ཁྱེར་དུ་སོང་ཐེངས་དང་པོ་ཡིན་ལ། ཐོག་དང་པོར་རང་ཉིད་ཀྱིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་ལས་སྐྲུན་གྱི་ལམ་དུ་བཙལ་བའི་སྒོར་མོ་ཐོག་མའང་ཡིན།

2012ལོར། བསོད་ནམས་སྒྲོལ་མའི་བུ་མོས་བདེ་བླག་ངང་སློབ་ཆེན་ལ་རྒྱུགས་འཕྲོད་པས། དེས་ཀྱང་མོར་ལས་སྐྲུན་བྱེད་པའི་སྒུལ་ཤུགས་བསྩལ་བ་དང་། བྱིས་པའི་མདུན་ལམ་གྱི་ཆེད་དུ་མོས་ཚོང་ཁང་ཞིག་གླས་ཏེ་དངོས་སུ་ལས་སྐྲུན་གྱི་ལམ་དུ་བསྐྱོད།

མི་སྒེར་ནས་ཀུང་སི་བཙུགས་པ་དང་། ཆེས་ཐོག་མའི་རང་ཉིད་གཅིག་པུ་ལས་མེད་པ་ནས་ད་སྐབས་ཀྱི་མི་ཉེར་དྲུག་གི་དཔུང་སྡེ་ཞིག་གྲུབ་ཅིང་། ལོ་གང་མང་རིང་གི་འབད་བརྩོན་གྱི་འབྲས་བུ་བརྒྱུད་བསོད་ནམས་སྒྲོལ་མས་གོམ་པ་རེ་རེ་བཞིན་སྤོས་ཏེ་རང་ཉིད་ཀྱི་བྱ་གཞག་བསྐྲུན། མོས་གསེར་སྐུད་ཐང་གའི་ལག་རྩལ་འདིར་བརྟེན་ཏེ་རྒྱུ་ནོར་གྱ་ནོམ་པ་བསགས་པར་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི། ལག་རྩལ་འདི་སྤེལ་བ་བརྒྱུད་དེ་མི་གང་མང་ཞིག་ལ་འཚོ་བའི་ཐར་ལམ་ཡོད་དུ་བཅུག

2015ལོར། བསོད་ནམས་སྒྲོལ་མ་ཕྱིར་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་མི་དམངས་ཀྱི་སྣེ་ཁྲིད་དེ་ལས་སྐྲུན་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་རྒྱུའི་སེམས་ཐག་བཅད།

བསྐྱར་དུ་ཀུང་སི་ཐོ་འགོད་བྱེད་པ་དང་གསོ་སྐྱོང་འཛིན་གྲྭ་བསྡུ་བ། གསེར་སྐུད་ཐང་གའི་ལག་རྩལ་ཁྲིད་པ་སོགས་ཕྱིར་རྨ་ཆེན་རྫོང་དུ་ལོག་པའི་བསོད་ནམས་སྒྲོལ་མས་ཡོད་ཚད་བསྐྱར་དུ་མགོ་བརྩམས་ཤིང་། སློབ་མ་བསྡུ་བའི་ཆེད་དུ་བསོད་ནམས་སྒྲོལ་མ་དངོས་སུ་ཡུལ་ཚོ་དང་གྲོང་རྡལ་སོ་སོར་སོང་སྟེ་ཁྲིད་སྦྱོང་བྱས།

“ད་སྐབས་ནི་སྔོན་དང་མི་འདྲ་སྟེ། རྒྱལ་ཁབ་ལ་སྲིད་ཇུས་བཟང་པོ་ཡོད་པས། འཚོ་བ་བཟང་པོ་རང་གིས་བརྩོན་ལེན་བྱེད་དགོས། རང་ཉིད་ལ་ལག་རྩལ་ཡོད་ན་ད་གཟོད་ཡོང་སྒོ་འཚོལ་ཐུབ་པར་མ་ཟད་རང་ཉིད་ཀྱིས་རོལ་འདོད་པའི་འཚོ་བ་རོལ་ཐུབ……”2016ལོའི་ཕྱི་དྲོ་ཞིག་ལ། བསོད་ནམས་སྒྲོལ་མ་སྔར་མུས་བཞིན་རྨ་ཆེན་རྫོང་རྟ་བོ་ཞང་དུ་ཁྲིད་སྦྱོང་བྱེད་དུ་སོང་བ་དང་། ཁ་གཏད་ཀྱི་མི་ཚོགས་ཁྲོད་དུ་ཡོད་པའི་ཚེ་རིང་ལྷ་མོས་ཡ་མཚར་བའི་སྒོ་ནས་རང་དང་ལོ་ན་མཉམ་པའི་བུད་མེད་དེ་ལ་བལྟ་ཞོར། བསོད་ནམས་སྒྲོལ་མ་སྔར་བརྒྱུད་མྱོང་བའི་བརྒྱུད་རིམ་གྱིས་མོའི་ཡིད་སེམས་རབ་ཏུ་བཀུག་པས་བསོད་ནམས་སྒྲོལ་མའི་སློབ་མར་གྱུར།

ལོ་གཅིག་གི་རྗེས་སུ། ཚེ་རིང་ལྷ་མོས་རྨ་ཆེན་རྫོང་དུ་རང་ཉིད་ཀྱི་གསེར་སྐུད་ཐང་གའི་ཚོང་ཁང་ཞིག་ཕྱེས་ཤིང་། ལོ་གཅིག་གི་ཡོང་འབབ་ལ་ཧ་ལམ་སྒོར་ཁྲི་བདུན་བརྒྱད་ཙམ་ཡོད།

བསོད་ནམས་སྒྲོལ་མའི་རྗེས་འབྲངས་ཏེ་ལག་རྩལ་བསླབས་པ་དང་དགེ་རྒན་དུ་གྱུར་ཏེ་མི་ཚེའི་བཞུད་ལམ་ལ་འགྱུར་ལྡོག་བཏང་ཡོད་པ་ཚེ་རིང་ལྷ་མོ་གཅིག་པུ་ག་ལ་ཡིན། ལོ་འདི་དག་གི་རིང་སྔ་རྗེས་སུ་གསོ་སྐྱོང་བྱས་པའི་མི་སྟོང་གཅིག་དང་དགུ་བརྒྱ་ལྷག་གི་ཁྲོད་དུ། མི་གང་མང་ཞིག་ལ་བསླབ་པར་འབྲས་བུ་ཡོད་པར་གྱུར་འདུག་སྟེ། ལ་ལ་ཞིག་གསེར་སྐུད་ཐང་གའི་ལག་རྩལ་གྱི་རྒྱུན་འཛིན་པར་གྱུར་ཡོད་པ་དང་། ལ་ལ་ཞིག་ལག་རྩལ་འདིར་བརྟེན་ནས་ལས་སྐྲུན་གྱི་ལམ་དུ་ཞུགས་པ། ཡང་ན་བསོད་ནམས་སྒྲོལ་མའི་ཀུང་སི་རུ་བསྡད་དེ་བྱ་བ་ལས་པ་སོགས་བྱས་ཡོད། ཚང་མས་བདམས་པའི་ལམ་མི་གཅིག་མོད། ཡིན་ཡང་ཚང་མས་ལག་རྩལ་འདིར་བརྟེན་ནས་རྗེས་ཕྱོགས་ཀྱི་མི་ཚེའི་དམིགས་འབེན་འཚོལ་ཐུབ་པ་བྱུང་།

ན་ནིང་གི་ལོ་མཇུག་ཏུ། བསོད་ནམས་སྒྲོལ་མས་མགོ་ལོག་ཁུལ་དམངས་སྒྲུབ་སློབ་གྲྭའི་ཐོབ་ཐང་བླངས་ཤིང་། མགོ་ལོག་ཁུལ་གངས་ལྗོངས་མུ་ཏིག་ལས་རིགས་ལག་རྩལ་གསོ་སྐྱོང་སློབ་གྲྭ་ཞེས་པའི་སྒོ་བྱང་དེ་ཁྲིད་སྦྱོང་ཁང་གི་སྒོ་ཆེན་གྱི་ཆེས་མངོན་གསལ་དོད་པའི་སར་བཀལ་ཡོད།

“མི་སྔར་ལས་མང་པོ་ཞིག་ལ་སྲོལ་རྒྱུན་གྱི་མི་རིགས་སྒྱུ་རྩལ་སློབ་སྦྱོང་བྱས་པ་བརྒྱུད་འཚོ་བར་འགྱུར་ལྡོག་གཏོང་བ་དང་མི་རིགས་ཀྱི་རིག་གནས་དར་སྤེལ་བྱེད་དུ་འཇུག་བསམ་བཞིན་ཡོད”ཅེས་པ་འདི་ནི་བསོད་ནམས་སྒྲོལ་མའི་སྤྱིར་བཏང་ཡིན་ལ་རླབས་ཆེ་བའི་རེ་འདུན་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།