སློབ་གྲྭ་ཆེན་མོ་བ་ཞིག་གི་ལས་སྐྲུན་ལམ་བུ།
2020.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 77

ཐོག་དང་པོར“སྒྲོལ་མ་ཆུང་ཆུང་ཆ་འཕྲིན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟི”ཡི་གཙོ་སྒྲུབ་མཁན་ཉི་མ་དང་འཕྲད་སྐབས། ཁོའི་ནག་ཅིང་གཞོན་པའི་སྐྱེ་སྟོབས་རྫོགས་པའི་ངོ་གདོང་ལ་རྣམ་དག་གི་འཛུམ་མདངས་ཤིག་དུས་ངེས་མེད་དུ་ལངས་ནས་མི་ལ་འདྲིས་སླ་བ་དང་སེམས་བདེ་མོའི་སྣང་བ་ཞིག་བཅོས་མིན་དུ་སྦྱིན་པར་བྱེད།

ནམ་རྒྱུན་དང་འདྲ་བར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་ཡུལ་ཚོ་དཔལ་ཐང་ཞོལ་མ་སྡེ་བར་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་རྗེས་སུ་སྐྱེས་པའི་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པའི་ཕོ་གསར་ཉི་མ་སྔ་མོ་ནས་རང་ཉིད་ཀྱི་ཀུང་ཟིའི་ནང་ཡོང་སྟེ། བྱང་ཆ་ལྡན་པའི་སྒོ་ནས་གློག་ཀླད་ཀྱི་ཁ་ཕྱེས་ཏེ་ཆ་འཕྲིན་སྟེགས་བུའི་སྟེང་གི་ཆ་འཕྲིན་དང་ལས་འགན་བཀོད་སྒྲིག་བྱས།

ཉི་མ་ཡི་ཁྱིམ་དུ་ཕུ་ནུ་མིང་སྲིང་ལྔ་ཡོད་པ་དང་། སྔོན་ཆད་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་ཞན་པས། ས་གནས་དེ་གའི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་རེད། 2016ལོར་ཉི་མ་ཡིས་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་རྒྱུགས་འཕྲོད་ཡང་། ཁྱིམ་ཚང་གི་ཡོང་སྒོ་ཞན་པའི་རྐྱེན་གྱིས་མིང་སྲིང་ལྔ་བོས་སློབ་གྲྭ་འདོན་པར་དཀའ་ཁག་ལ་འཕྲད། དེ་བས་གཞན་གྱི་ལག་ནས་སློབ་ཡོན་གྱི་སྒོར་མོ་མི་ཉུང་བ་ཞིག་བསྐྱིས།

དཀའ་སྡུག་གི་འཚོ་བ་རོལ་འདོད་མེད་པའི་ཉི་མ་ཡིས་སེམས་ནས་ཁ་རོག་གེར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུའི་དམ་བཅས། ཉི་མ་ཡིས་བཤད་རྒྱུར། སྐབས་དེར་ངས་ཚོང་འཕྲིན་བྱང་བུ་བྱིན་མྱོང་བ་དང་། དངོས་ཟོག་སྐྱེལ་འདྲེན་བྱས་མྱོང་ལ། དྲ་ཐོག་ནས་དོན་དངོས་གསར་བར་རྒྱུས་ལོན་ཡང་བྱས་པ་ཡིན། རིམ་བཞིན་དྲ་ཐོག་ནས་གཞི་གྲངས་ཆེན་མོའི་གོ་དོན་ལ་རྒྱུས་ལོན་བྱུང་བར་བརྟེན། བསམ་ཚུལ་མང་པོ་ཞིག་བྱུང་ཞེས་བཤད།

གཞི་གྲངས་ཆེན་མོའི་དུས་རབས་ཀྱི་ཤན་ཤུགས་འོག ཆ་འཕྲིན་སྟེགས་བུ་ཡིས་ཉི་མའི་ལས་སྐྲུན་ལ་གསོན་ཤུགས་བསྩལ། མཐར་ཕྱིན་ལ་ཉེ་བའི་ཉི་མ་ཡིས་ཆ་འཕྲིན་སྟེགས་བུའི་སྟེང་དུ་ཁྱིམ་ལས་ཀྱི་ཚོང་ལས་གོ་སྐབས་ཤིག་རྙེད།

ཡུས་ཧྲུའུ་མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་སོང་བ་དང་བསྟུན་ནས། མི་མང་པོ་ཞིག་གིས་དྲ་ཐོག་ནས་ཁྱིམ་ལས་ཕྱོགས་ཀྱི་བློ་འདྲི་བྱས་པ་དང་། ཁྱིམ་ལས་ཞབས་ཞུ་མཁོ་བའི་མི་ཤིན་ཏུ་མང་ཡང་། ཡུས་ཧྲུའུ་རུ་འདི་ལྟ་བུའི་ཞབས་ཞུའི་སྟེགས་བུ་མེད་པས། ཉི་མས་གོ་སྐབས་འདི་དམ་འཛིན་མི་བྱེད་ག་ལ་སྲིད། དེ་བས་ཉི་མ་ཕྱིར་རང་གི་ཕ་ཡུལ་དུ་ལོག་ནས“སྒྲོལ་མ་ཆུང་ཆུང་ཆ་འཕྲིན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟི”ཞེས་པ་ཞིག་སྒྲུབ་སྟེ། རྒྱུན་ལྡན་ཁྱིམ་གྱི་གཙང་སྦྲ་དང་ཁྱིམ་ཚང་གནས་སྤོ་སོགས་ཀྱི་ཁྱིམ་ལས་ཞབས་ཞུ་ལ་གཞོལ་ཏེ། ཡུས་ཧྲུའུ་ས་གནས་རང་གི་མང་ཚོགས་ལ་ཁྱིམ་ལས་ཞབས་ཞུ་འདོན་སྤྲོད་བྱས།

ཡིན་ཡང་ལས་སྐྲུན་གྱི་ལམ་བུ་ནི་དེ་འདྲའི་བདེ་བླག་ཞིག་མ་རེད།

དང་ཐོག་རང་ལ་སྒོར་མོ་སུམ་བརྒྱ་མ་གཏོགས་མེད་པས། ཁྱིམ་མི་ལའང་བཤད་མ་ཕོད།

བསྟུད་མར་ཟླ་གཅིག་གི་རིང་ལ་སྟབས་བདེ་ཐུག་པ་འཐུང་བས། ད་ལྟ་སྟབས་བདེ་ཐུག་པ་རིག་ན་འཐུང་འདོད་གཏན་ནས་མེད།

ངས་མཐར་ཕྱིན་འཛིན་ཡིག་བཟུང་ནས་གང་སར་རོགས་སྐྱོར་བྱེད་མཁན་བཙལ། རྒྱུ་མཚན་ང་རང་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་པས་དཔང་ཡིག་ཡོད་ན་ཁོ་ཚོས་ཡིད་ཆེས་བྱས་ཆོག་པར་འདོད་པ་ཡིན།

རྒྱུས་མེད་ཀྱི་མི་འགའ་རེས་ང་ལ་རྒྱབ་སྐྱོར་བྱས་པ་དང་། ང་ལ་རོགས་རམ་དང་མཛུབ་སྟོན་ཀྱང་བྱས་མྱོང་། ལས་སྐྲུན་གྱི་དཀའ་ངལ་ལ་གདོང་གཏོད་སྐབས་ཉི་མ་དཀའ་ཁག་ལ་འཕྲད་མྱོང་ལ། དགའ་སྤྲོའང་ཡོད་པར་གྱུར། ཁོའི་གདོང་ན་བློ་ཁོག་ཡངས་པ་དང་དཔའ་ངར་ཞུམ་མེད་ཀྱི་ཉམས་ཤིག་ཤར་འདུག

ཉི་མ་ཡིས་བཤད་རྒྱུར། ང་རང་ཞིང་སྡེ་ནས་ཡོང་བ་ཡིན་པས། ང་ལ་མཚོན་ནས་བཤད་ན། བྲེལ་འཚུབ་ཀྱི་མི་ཚེ་ནི་རིན་ཐང་ལྡན་པ་ཞིག་ཡིན་པ་དང་། བདེ་སྐྱིད་ཀྱི་འཚོ་བ་ནི་འབད་བརྩོན་བྱས་ནས་སྐྲུན་པ་ཞིག་རེད་ཟེར།

ཉི་མ་ཡིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2018ལོར་ཡུས་ཧྲུའུ་གྲོང་ཁྱེར་ཞི་བདེ་རྒྱ་མཚོ་གློག་བརྙན་ཁང་དང་ཉི་མ་ཀུང་ཟི་གཉིས་ཀྱིས་མཉམ་ལས་གན་རྒྱའི་གྲོས་མཐུན་བཞག་ཏེ། ཀུང་ཟིས་ཐེངས་དང་པོར་སྒོར་མོ་བཙལ། 2019ལོར་ཡུས་ཧྲུའུ་གྲོང་ཁྱེར་མི་དོན་ཅུའུ་སློབ་གྲྭ་ཆེན་མོའི་ལས་སྐྲུན་གསོ་སྦྱོང་རྟེན་གཞི་ནས་ཁང་མིག་གཅིག་ཅན་གྱི་གཞུང་སྒྲུབ་ཁང་ཞིག་བཙུགས་པ་དང་། 2020ལོར་ཉི་མས་སྒོར་མོ་བསྐྱིས་ནས་རང་གི་མི་ཚེའི་ཁྲོད་ཀྱི་རླངས་འཁོར་དང་པོ་དེ་ཉོས།

འཚོ་བ་ཇེ་བཟང་ནས་ཇེ་སྐྱིད་རུ་སོང་ཡང་། ཉི་མས་སྡེ་བའི་ནང་གི་སྡེ་མི་རྣམས་བརྗེད་མེད་པར་ན་ནིང་ཁོས་རང་འགུལ་གྱིས་སྡེ་བ་གཅིག་པའི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པ་དང་། ཉེ་འཁོར་གྱི་སྡེ་མི་རྣམས་ཀུང་ཟིའི་ནང་ཡོང་ནས་ཁྱིམ་ལས་གཉེར་དུ་བཅུག་སྟེ། མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད། དོན་འདི་ལ་སྡེ་བའི་མི་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་ཐོབ།

ཉི་མས་བཤད་རྒྱུར། ཁོ་རང་ཉིད་ཀྱིས་ཀྱང་ཚང་མ་དང་མཉམ་དུ་ལས་ཀ་ལས་པ་དང་། རང་ཉིད་ཀྱིས་ལག་ཟུང་ལ་བརྟེན་ནས་སྒོར་མོ་བཙལ་བར་ཚང་མས་འབད་བརྩོན་བྱེད་བཞིན་འདུག་ཟེར།

ཉི་མ་དང་སྡེ་བ་གཅིག་པའི་སྡེ་མི་དར་རྒྱས་ནི་ས་དེའི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་དང་། དབྱར་རྩྭ་བརྐོ་བ་ལས་ཡོང་སྒོ་བཙལ་སའི་ལས་ཀ་འོས་འཚམ་ཞིག་རྙེད་ཀྱིན་མེད་པ་རེད། ཉི་མའི་སྣེ་ཁྲིད་འོག་ཏུ། དར་རྒྱས་ཁོའི་ཁྱིམ་ལས་ཀུང་ཟིའི་ནང་ལས་ཀར་ཞུགས།

དར་རྒྱས་ཀྱི་བཤད་རྒྱུར། ཉིན་རྒྱུན་ལས་ཀ་ལས་རྒྱུ་ཡོད་པས། སེམས་ཧ་ཅང་བདེ། ད་ལྟ་ངས་རང་ཉིད་ཀྱི་ལག་ཟུང་ལ་བརྟནེ་ནས་ཟླ་རེར་སྒོར་མོ་སྟོང་གསུམ་རེ་བཙལ་ཐུབ་པ་དང་། ལྷག་པར་དུ་ལོ་སར་གྱི་སྔོན་ལ། ཁྱིམ་ཚང་མང་པོའི་ཁྱིམ་ལ་གད་བདར་བྱེད་དགོས་པས། ང་ཚོའི་ཡོང་སྒོའང་དེ་ལྟར་བཟང་ཞེས་བཤད།

རང་ཉིད་ཀྱིས་སྒྲུབ་པའི་ཀུང་ཟི་ཉིན་རེ་བཞིན་དྲང་ཕྱོགས་ཀྱི་ལམ་དུ་ཞུགས་བཞིན་པ་མཐོང་བས། ཉི་མའི་སེམས་ལ་དགའ་སྣང་ཆེན་པོ་ཞིག་སྐྱེས། དགའ་སྣང་ལས་གཞན། ཐོག་དང་པོར་ཀུང་ཟི་འཛུགས་སྐབས་ཀྱི་དཀའ་སྡུག་ལ་ཕྱིར་དྲན་བྱེད་དུས། ཁོས་རིགས་སོ་སོའི་སློབ་གྲྭ་ཆེན་མོ་བས་ལས་སྐྲུན་བྱེད་པར་རོགས་རམ་བྱེད་འདོད་ཡོད་པ་རེད།

ཐོག་མའི་བསམ་འདུན་དེ་སེམས་ལ་ཉར་ནས། ཟླ་བརྒྱད་པར། ཉི་མས་བྱ་བའི་ཞོར་དུ་ཡུས་ཧྲུའུ་སློབ་གྲྭ་ཆེན་མོ་བའི་ལས་སྐྲུན་བརྗེ་རེས་འགུལ་སྐྱོད་ཅིག་སྤེལ། དེའི་དམིགས་ཡུལ་ནི་ལས་སྐྲུན་བྱེད་འདོད་པའི་སློབ་གྲྭ་ཆེན་མོ་བར་བརྗེ་རེས་ཀྱི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ནས་མི་སྔར་ལས་མང་པོ་ཞིག་གི་སྣེ་ཁྲིད་དེ། ལས་སྐྲུན་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་དུ་ཞུགས་འདོད་པ་དེ་རེད།

ཉི་མས་བཤད་རྒྱུར། སློབ་གྲྭ་ཆེན་མོ་བ་གདན་དྲངས་ཏེ་བསམ་བློ་བརྗེ་རེས་བྱས་ནས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་། ལས་སྐྲུན་བྱེད་མཁན་རྣམས་ཀྱིས་ཉམས་མྱོང་སྣ་ཚོགས་བརྗོད་དེ། ཚང་མས་མཉམ་དུ་འབད་བརྩོན་དང་མཉམ་དུ་ནར་སོན་པར་བྱས་ཟེར།

མ་འོངས་པར་ཉི་མར་ད་དུང་འཆར་གཞི་མང་པོ་ཞིག་ཡོད་དེ། ཕ་མ་གཉིས་ཁྲིད་དེ་ཡུལ་སྐོར་ལ་འགྲོ་འདོད་པ་དང་། ལས་གྲོགས་ཚོ་དང་མཉམ་འཛོམས་བྱེད་འདོད་ལ། སྡེ་མི་མང་པོའི་སྣེ་ཁྲིད་དེ་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་གཏོང་འདོད་པ་དང་། སློབ་གྲྭ་ཆེན་མོ་བ་སྔར་ལས་མང་པོས་ལས་སྐྲུན་བྱེད་པར་རོགས་རམ་བྱེད་འདོད། བཅར་འདྲིའི་གླེང་མོལ་ཁྲོད་དུ། ཉི་མའི་མིག་ཟུང་ལས་མ་འོངས་པར་རེ་ལྟོས་དང་བདེ་སྐྱིད་ཀྱི་འཚོ་བར་རེ་སྨོན་གྱིས་ཁེངས་འདུག

ལོ་ཙཱ། ཚེ་རིང་སྒྲོལ་མ།