འབྲོག་པ་མང་ཚོགས་ཀྱི་བློས་ཐུབ་གྲོགས་པོ།
2020.09.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 76

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་རྒྱང་ཐག་རིང་བའི་རྩྭ་ཐང་ཞིག་ཏུ་དམངས་ལ་ཞབས་ཞུ་སྒྲུབ་པའི་སྡེ་སྡོད་ལས་བྱེད་པ་ཞིག་གི་གཏམ་རྒྱུད་ག་ས་གང་དུ་ཁྱབ་ཡོད།

གདུགས་དཀར་ཚེ་རིང་ནི་གུང་ཁྲན་ཏང་ཡོན་ཞིག་པ་དང་། 1975ལོའི་ཟླ་བཅུ་གཅིག་པར་སྐྱེས། ཁོ་ནི་ཐུན་ཏེ་རྫོང་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་ཡིན་ལ། 2018ལོའི་ཟླ་གསུམ་པར་རྩ་འཛུགས་ཀྱི་འབོད་སྐུལ་དང་དུ་བླངས་ནས་རྨ་བྱང་ཡུལ་ཚོ་གསེར་ཆེན་སྡེ་བའི་སྡེ་སྡོད་བྱ་བའི་རུ་ཁག་ཏུ་ལས་གཉེར་བྱས། ལོ་གཅིག་རིང་གི་སྡེ་སྡོད་བྱ་བའི་ཁྲོད་གྲུབ་འབྲས་འབུར་ཐོན་བླངས་བས། 2018ལོར་སྔོན་ཐོན་སྡེ་སྡོད་ལས་བྱེད་པར་བདམས་པ་དང་། 2019ལོའི་ཟླ་བདུན་པར་རང་འགུལ་གྱིས་རེ་འདུན་ཞུས་ནས་རྨ་བྱང་ཡུལ་ཚོ་གསེར་ཆེན་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོར་བདམས།

གསེར་ཆེན་སྡེ་བ་ནི་ཟི་ལིང་དང་གཅིག་སྒྲིལ་བར་གྱི་གཞུང་ལམ་འགྲམ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས་གཙང་དགོན་པའི་ངེས་བརྒྱུད་བགྲོད་ལམ་གཡུ་རྔོག་ན་ཡོད་ལ། ཐུན་ཏེ་རྫོང་མཁར་དང་བར་ཐག་སྤྱི་ལེ་གྱ་ལྔ་དང་རྨ་བྱང་ཡུལ་ཚོ་དང་བར་ཐག་སྤྱི་ལེ་སོ་ལྔ་ཡོད། གསེར་ཆེན་སྡེ་བའི་ཁྱིམ་ཚང་བརྒྱ་དང་ཞེ་བརྒྱད་དང་མི་གྲངས་དྲུག་བརྒྱ་བཅོ་བརྒྱད་ཀྱི་ཁྲོད་གདུགས་དཀར་ཚེ་རིང་ངོ་མི་ཤེས་པ་གཅིག་ཀྱང་མེད་པ་དང་། གདུགས་དཀར་ཚེ་རིང་སྡེ་བའི་ནང་ཐོན་ཐེངས་རེར་མི་རྣམས་ཀྱིས་ཐག་རིང་པོའི་གནས་ནས་ཨ་ཁུ་ཡོན་ཀྲང་ཁྱོད་ཡང་ཕེབས་བཏང་ངམ་ཞེས་ལྷག་བསམ་རྣམ་དག་གིས་ཁམས་བདེ་ཞུ་ལ། གདུགས་དཀར་ཚེ་རིང་གིས་ཀྱང་སྤྲོ་སེམས་འཁོལ་བའི་ངང་ཚང་མར་ཁམས་བདེ་ཞུ། སྡེ་བའི་ནང་གི་ཁྱིམ་ཚང་གང་ཞིག་ལ་དོན་ཅི་བྱུང་ཡང་ཐོག་མར་དྲན་པ་ནི་ཁོ་ཡིན་པ་དང་ཁོ་བཙལ་ནས་བློ་འདྲི་བྱེད་པས། སྡེ་མི་རྣམས་ཀྱིས་ཁོ་རང་མི་ངོ་མ་ཞིག་ལ་བརྩིས་ཡོད།

2018ལོའི་ཟླ་གསུམ་པར་གདུགས་དཀར་ཚེ་རིང་རྩ་འཛུགས་ཀྱིས་རྨ་བྱང་ཡུལ་ཚོ་གསེར་ཆེན་སྡེ་བར་སྡེ་སྡོད་བྱ་བ་སྒྲུབ་པར་མངགས། སྡེ་སྡོད་ལས་བྱེད་མི་སྣའི་འགན་ཁུར་མ་ཐག་ནས་ཁོས་རང་འགུལ་གྱིས་བྱ་བ་ནན་ཏན་སྒོས་སྒྲུབ་པ་དང་། ཁོས་རྒྱུན་དུ་ཁོ་རང་དམངས་ལ་ཞབས་ཞུ་སྒྲུབ་པ་དང་དམངས་ལ་དོན་དངོས་བསྒྲུབ་ཏུ་ཡོང་བ་ཡིན་ཟེར། སྔོན་ཆད་གཞི་རིམ་གྱི་ལས་ཡུལ་དང་པོ་ནས་བྱ་བ་སྒྲུབ་ཏེ་ལོ་མང་པོ་འགོར་བས་ཉམས་མྱོང་ཆེན་པོ་ཡོད་ལ། ཁོ་རང་མྱུར་དུ་སྡེ་སྡོད་ཀྱི་བྱ་བའི་ཁྲོད་ཞུགས་ནས་སེམས་ཤུགས་ཡོད་དགུས་སྡེ་བའི་བྱ་བ་སྒྲུབ།

སྡེ་སྡོད་ཀྱི་བྱ་བ་སྒྲུབ་རྗེས། གདུགས་དཀར་ཚེ་རིང་གིས་གསེར་ཆེན་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འབྲུ་སྣུམ་སྒོ་བསྟེན་ཚོང་ཁང་གི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གཉིས་མ་གཏོགས་མེད་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་མི་ལེགས་པ་ཤེས་པས། གདུགས་དཀར་ཚེ་རིང་གི་སེམས་སུ་འཚུབ་ཆ་ཆེན་པོ་ལངས་བཞིན་ཡོད་ལ། ད་ལྟའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་དཀའ་ངལ་བསྒྱུར་ཆེད། ཁོས་རྫོང་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་བཟང་དུ་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། གསེར་ཆེན་སྡེ་བ་མཚོ་ངོས་ལས་མཐོ་ཚད་མུས་སུམ་སྟོང་དྲུག་བརྒྱ་ཡོད་པ་ཟུང་དུ་སྦྲེལ་ནས་མཐོ་འཁྱག་གི་རྩྭ་ས་བེད་སྤྱོད་པར། ཡུལ་ཚོའི་སྲིད་གཞུང་དང་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ལ་གནས་ཚུལ་ཡར་ཞུ་བྱས་པས། ཀྲུང་དབྱང་ནོར་སྲིད་ཀྱི་ལས་གཞིའི་ཁ་གསབ་མ་དངུལ་སྒོར་འབུམ་ལྔ་བརྩོན་ལེན་བྱས་པ་མ་ཟད། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་ཆེར་བཏང་།

གདུགས་དཀར་ཚེ་རིང་གིས་སྡེ་བའི་དོན་དངོས་ནས་རྐང་བཙུགས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད། སྐྱེ་ལྡན་རྒྱུད་བཟང་འབྲི་གཡག་གསོ་སྤེལ་ལས་གཞི་ལག་བསྟར་བྱེད་རྒྱུའི་ཐག་བཅད། ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་འབྲོག་མིའི་ཡོང་འབབ་འཕར་བ། སྐྱེ་ཁམས་སྲུང་སྐྱོབ་སོགས་དམིགས་འབེན་ཡིན་པ་གསལ་བོ་བྱས་ནས། ཁྱིམ་རྒྱུད་རྣམ་པ་དང་ཁྱིམ་མཚེའི་རྣམ་པ། ས་ཁུལ་བགར་བའི་རྣམ་པ་དང་སྲུང་སྐྱོབ་རྣམ་པ་སོགས་ཀྱི་བྱེད་ཐབས་ལག་ལེན་བྱས་ཏེ། ཕྱུགས་སྤྱིལ་ཁང་དུ་གསོ་བ་དང་རྩྭ་ཐང་དུ་འཚོ་བའི་ཕྱོགས་ལ་འཕེལ་རྒྱས་བཏང་ནས། རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་སྲོལ་རྒྱུན་གྱི་རགས་ལས་རྣམ་པ་ནས་སྤུས་ཚད་ཕན་འབྲས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱས།

2019ལོར། གདུགས་དཀར་ཚེ་རིང་གི་སྣེ་ཁྲིད་འོག གསེར་ཆེན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་ཐོན་ཁུངས་ཀྱི་ཁྱད་སྟོབས་གཅིག་བསྡུས་དང་། མ་དངུལ་ཧྲིལ་བསྡུས་བྱས་ཏེ་རྩེབ་ཐུབ་པའི་མོ་ཕྱུགས་གྱ་གསུམ་ཉོས་པ་དང་། སྐྱེ་ལྡན་ནོར་གནག་གསོ་སྤེལ་བྱེད་པ་དང་། འོ་མའི་ཐོན་རྫས་ལས་སྣོན་བྱས་ཏེ་ཕྱིར་འཚོང་བྱེད་ཀྱིན་ཡོད་པས། རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་བརྒྱད་དུ་འཕར་བ་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག ཁོས་ད་དུང་ནུས་ཤུགས་ཡོད་དགུ་བཏོན་ནས་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་ཀྱི་འཛུགས་བསྐྲུན་ལས་གཞི་བརྩོན་ལེན་བྱས་པས། 2019ལོར་སྲིད་གཞུང་གིས་རྒྱབ་སྐྱོར་མ་དངུལ་སྒོར་ས་ཡ་གསུམ་གྱི་མཆོག་མཆན་བཀོད་པ་མ་ཟད། གྲོས་མོལ་བཞི་དང་སྤྱི་བསྒྲགས་གཉིས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ཁྲོད་སྒོར་ས་ཡ་གཅིག་གྲབས་གསོག་བྱས་ནས། མིག་སྔའི་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་ཀྱི་ལས་གཞི་བདེ་ལེགས་ངང་ལས་མགོ་བརྩམས་ཡོད།

དུས་ཡུན་རིང་བོའི་ནང་། རྩྭ་སའི་རྩོད་གླེང་དང་ཁྱིམ་མཚེས་བར་གྱི་འགལ་བ་དེས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འཆམ་མཐུན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གདུགས་དཀར་ཚེ་རིང་གིས་སྡེ་མི་ཀ་བ་དང་ཁ་བ་ཚང་གཉིས་ཀྱི་རྩྭ་སའི་རྩོད་གཞི་དེ་ལོ་མང་པོ་ཞིག་ལ་ཐག་གཅོད་ཐུབ་མེད་པ་ཐོས་ནས། སྡེ་བ་དང་ཡུལ་ཚོ་རིམ་པ་གཉིས་ཀྱིས་བར་འདུམ་ཐེངས་མང་བྱས་ཀྱང་སྔར་བཞིན་འདུམ་འགྲིག་བྱུང་མེད། དེ་བས་གདུགས་དཀར་ཚེ་རིང་གིས་ངེས་པར་དོན་འདི་ཐག་གཅོད་བྱ་དགོས་ཞེས་སེམས་ཐག་བཅད་ནས། ཕྱོགས་མང་པོ་ནས་གནས་ཚུལ་ལ་བརྟག་དཔྱད་དང་རྒྱུས་ལོན་ཐེངས་མང་བྱས། ཐེངས་མང་པོར་ཕྱོགས་གཉིས་ཀྱི་ཁྱིམ་དུ་སོང་ནས་སེམས་གཏམ་བཤད་ནས་བསམ་བློའི་སློབ་གསོ་དང་ཁ་ཏ་བསླབ་བྱ་ཡང་ཡང་བྱས་མཐར། ཕྱོགས་གཉིས་ཀྱིས་རིམ་བཞིན་རང་ཤེད་མཁྲེག་བཟུང་མི་བྱེད་པར་རྩྭ་སའི་བར་གྱི་རྩོད་གཞི་ཐག་གཅོད་བྱ་རྒྱུའི་མོས་མཐུན་བྱུང་། དེ་ནས་ཁོའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་ཁོང་མིར་ཁྱིམ་ཚང་གཉིས་ཀྱི་རྩྭ་ས་ཚད་འཇལ་བྱེད་དུ་བཅུག་པ་དང་། བསྐྱར་དུ་གྲོས་མོལ་བྱས་ཏེ་ས་མཚམས་བཅད་པས་ཁྱིམ་ཚང་གཉིས་ཀྱི་ལོ་དུ་མའི་རིང་གི་རྩོད་གཞི་འདུམ་འགྲིག་ཡག་པོ་བྱུང་སོང་།

ཐེངས་ཤིག་ལ། གདུགས་དཀར་ཚེ་རིང་གིས་སྡེ་མི་གཉིས་ཀྱིས་རིན་གོང་སྒོར་ཁྲི་བརྒྱད་ཅན་གྱི་བྱུ་རུ་ཞིག་བོར་སོང་བས་ཕན་ཚུན་བར་འགལ་བ་བྱུང་བ་ཤེས། གནས་ཚུལ་རྙོག་འཛིང་ཡིན་པས་ཕྱོགས་གཉིས་ཀྱི་འགལ་བ་གཏིང་ཟབ་ཏུ་སོང་ཡོད། ཁྱིམ་མི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སྡེ་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་། ཡུལ་ཚོའི་མངགས་གཏོང་ཁང་སོགས་ཀྱིས་རིམ་བཞིན་འདུམ་འགྲིག་བྱས་ཀྱང་འབྲས་བུ་མ་སྨིན་པར་འགལ་བ་ཇེ་སྡུག་ཏུ་སོང་། འགལ་བ་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་ཁོས་དོན་དེ་སེམས་ལ་བཟུང་ནས། ཕྱོགས་གཉིས་ཀྱི་ཁྱིམ་དུ་ཐེངས་མང་པོ་སོང་བ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཡུལ་ཚོའི་ཏང་ཨུའི་སྲིད་གཞུང་ལ་གནས་ཚུལ་སྙན་ཞུ་བྱས་ནས། དམངས་དོན་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་སྐུལ་སློང་དང་། ལས་བྱེད་པ་རྒན་པ་དང་མང་ཚོགས་ཀྱི་ཁྲོད་དུ་སྙན་གྲགས་ཅུང་ཡོད་པའི་མི་རྣམས་ལ་རྩོད་གཞི་འདུམ་འགྲིག་བྱེད་པའི་ཚན་ཆུང་བཙུགས་ནས། རྩོད་གཞི་དེར་བསྐྱར་དུ་འདུམ་སྒྲིག་བྱས། ཚང་མས་ཉིན་གསུམ་རིང་གི་འབད་བརྩོན་བརྒྱུད་མཐར་རྩོད་གཞི་དེ་འདུམ་འགྲིག་བྱེད་ཐུབ་པ་བྱུང་བས། དོན་དག་ཆུང་བ་སྡེ་བའི་ཕྱི་རུ་མི་བསྐྱོད་པ་དང་དོན་ཆེན་ཡུལ་ཚོའི་ཕྱི་རུ་མི་བསྐྱོད་པ། འགལ་བ་ཛ་དྲག་ཏུ་མི་འགྲོ་བ་དང་གོང་ལ་ཡར་ཞུ་མི་བྱེད་པ་སོགས་སྡེ་བ་ཡོངས་ཀྱི་འཕེལ་རྒྱས་ཐད་འཆམ་མཐུན་བརྟན་བརླིང་གི་ཁོར་ཡུག་བསྐྲུན་ནས་ས་གནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

གདུགས་དཀར་ཚེ་རིང་གིས་སྡེ་སྡོད་བྱ་བ་སྒྲུབ་པའི་དུས་སྐབས་སུ། བསྒྲུབས་མྱོང་བའི་དོན་བཟང་ཚང་མ་རྩྭ་ཐང་གི་མི་བུ་ཚོའི་སེམས་སུ་ཉར་ཡོད།

དགུན་དུས་ཀྱི་ཉིན་ཞིག་ལ། རྫོང་ཐོག་ཏུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་སྒྲོག་སྤེལ་སྐུལ་སློང་ཚོགས་ཆེན་ལ་ཞུགས་ཚར་རྗེས་ཀྱི་ཉིན་གཉིས་པར། གདུགས་དཀར་ཚེ་རིང་གིས་ལེགས་སྒྲིག་བྱས་ཟིན་པའི་སྒྲོག་སྤེལ་རྒྱུ་ཆ་ཁྱེར་ནས། གཟའ་འཁོར་གཅིག་གི་དུས་ཚོད་ནང་སྡེ་བའི་ནང་གི་ཁྱིམ་ཚང་རེ་རེར་སོང་ནས་སྒྲོག་སྤེལ་བྱས། དེ་དང་བསྟུན་ནས་ཁྱིམ་ཚང་རེ་རེའི་མི་གྲངས་དང་ཐོན་ལས་འཕེལ་རྒྱས། བུ་ཕྲུག་གི་ལས་ཞུགས། ཡོང་འབབ་ཀྱི་འབྱུང་ཁུངས་བཅས་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། དགོང་མོའི་དུས་ཚོད་བེད་སྤྱད་དེ་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ལ་སློབ་སྦྱོང་བྱས་ནས། མང་ཚོགས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུ་བྱེད་པ་དང་མཉམ་དུ་སྡེ་བའི་དབུལ་སྐྱོར་གཞི་གྲངས་ལ་བསྡོམས་རྩིས་དང་མི་རིགས་མཐུན་སྒྲིལ། ནག་འཇོམས་ངན་སེལ་སོགས་ཀྱི་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་། ཁོ་ཡང་སྐྱར་ཁྱིམ་ཚང་རེ་རེར་སོང་ནས་འབྲེལ་ཡོད་གཞི་གྲངས་བསྡོམས་རྩིས་བྱས་པ་དང་། གོ་བདེ་བའི་སྐད་ཆའི་འབྲོག་པ་ཁྱིམ་ཚང་ལ་དྲིལ་བསྒྲགས་དང་སྨན་བཅོས། སློབ་གསོ། དབུལ་སྐྱོར་དང་ཞིང་ཕྱུགས་སོགས་འབྲེལ་ཡོད་སྲིད་ཇུས་ཀྱི་ཤེས་བྱ་བསྒྲགས་པས། འབྲོག་པ་ཏང་ཡོན་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ངོས་ཟིན་གསར་བ་ཞིག་བྱུང་། སྡེ་བའི་ལས་བྱེད་དང་ཡུལ་ཚོའི་ལས་བྱེད་པ་ཚོས་བྱ་བ་ལ་ལ་ཞིག་གདུགས་དཀར་ཚེ་རིང་གིས་སྒྲུབ་བཞིན་པ་ཤེས་ན་སེམས་ཧ་ཅང་བདེ། རྒྱུ་མཚན་ནི་ཁོས་བྱ་བ་སྒྲུབ་ན་བག་ཡངས་གཏན་ནས་མི་བྱེད་པར་ལེགས་འགྲུབ་འབྱུང་བ་ཚང་མས་ཤེས། གདུགས་དཀར་ཚེ་རིང་གི་བྱ་བ་ལ་བཟུང་བའི་རྣམ་འགྱུར་གླེང་དུས་ཚང་མས་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད།

གཞེས་ནིང་ལོར། གདུགས་དཀར་ཚེ་རིང་གིས་དབུལ་ཕོངས་ཁྱིམ་ཚང་རྟ་མགྲིན་བཀྲ་ཤིས་ཚང་ལ་མེ་སྐྱོན་བྱུང་ནས་འབྲོག་པའི་གཏན་སྡོད་སྦྲ་གུར་མེ་འཚིག་པ་དང་། དབྱར་ཁར་རྩྭ་ཐང་དུ་གནས་སྐབས་ཀྱི་འགྱིག་གི་གུར་ནང་འདུག་པ་ལས་ཐབས་མེད་པ་ཤེས་ནས། ཁོས་རང་གི་སྒོར་སྟོང་གསུམ་དང་བརྒྱད་བརྒྱ་བྱིན་ནས་རས་གུར་ཞིག་ཉོས་ནས་རྟ་མགྲིན་བཀྲ་ཤིས་ཚང་ལ་བྱིན་ཏེ་དཀའ་ཁག་སེལ་དུ་བཅུག  རྒན་པོ་གཅོད་མོ་ལ་དེ་སྔོན་ལུག་གི་རིན་གོང་ཆད་འགྱངས་བྱས་ཡོད་པར་གདུགས་དཀར་ཚེ་རིང་གིས་དོ་བདག་ལ་འབྲེལ་གཏུགས་ཐེངས་མང་བྱས་ནས་རྒན་པོའི་ཆད་དངུལ་ཕྱིར་བླངས། རྒན་པོ་བློ་བསྟན་གཅིག་པུ་ཡིན་པས་གདུགས་དཀར་ཚེ་རིང་རྒྱུན་དུ་ཁོ་ཚང་ལ་སོང་ནས་ཆུ་ལེན་པ་དང་ཁྱིམ་ཕྱགས་པ་སོགས་ཁྱིམ་ལས་དང་འཚོ་བར་བལྟ་སྐྱོང་བྱེད་རོགས་བྱས།

གདུགས་དཀར་ཚེ་རིང་གིས་རྒྱུན་དུ་ནར་མ་སོན་པའི་བྱིས་པ་གཉིས་ལ་བལྟ་སྐྱོང་བྱེད་པ་དང་། རང་ཉིད་ཀྱི་མ་དངུལ་བྱིན་ནས་བྱིས་པ་གཉིས་ལ་རོགས་བྱས་པ་མ་ཟད། ད་དུང་དབུལ་སྐྱོར་བྱ་བའི་རུ་ཁག་གི་ཚབ་བྱས་ནས་བྱིས་པར་མཚམས་འདྲི་བྱས། ཐོག་མའི་དུས་ཚོད་ནང་རྫོང་དམངས་སྲིད་ཅུའུ་ལ་འབྲེལ་བ་བྱས་ནས་བྱིས་པ་གཉིས་དྭ་ཕྲུག་གི་མིང་ཐོའི་ནང་བཅུག ཐེངས་དུ་མར་རྫོང་དབུལ་སྐྱོར་ཅུའུ་དང་ཚེ་བསྲིང་ཉེན་སྲུང་སོགས་ལ་གྲོས་བྱས་ནས། འཚོ་བའི་ཁ་གསབ་རོགས་དངུལ་སྒོར་སྟོང་དྲུག་བརྩོན་ལེན་བྱས་པས། དྭ་ཕྲུག་གཉིས་ཀྱིས་རྒྱུན་ལྡན་ལྟར་འཚོ་བ་བཟང་པོ་ཞིག་རོལ་ཐུབ་པ་བྱུང་།

གདུགས་དཀར་ཚེ་རིང་གི་མི་ཚེའི་ནང་ད་དུང་གཏམ་རྒྱུད་འདི་འདྲ་མང་པོ་བྱུང་ཡོད།

ད་ལོའི་དཔྱིད་ཀར། གདུགས་དཀར་ཚེ་རིང་གིས་སྡེ་བའི་ནང་དུ་ཁྱིམ་ཚང་ལྔ་ཙམ་ལ་དལ་བའི་རང་བཞིན་གྱི་ནད་དམ་དབང་བོ་སྐྱོན་ཅན་ཡོད་པ་ཤེས། འོན་ཀྱང་བདེན་དཔང་ཡི་གེ་མེད་པས་ཁོས་ཐེངས་མང་པོར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྨན་ཁང་བཅས་ལ་འབྲེལ་བ་བྱས་ནས་ཁོ་ཚོར་འབྲེལ་ཡོད་དཔང་ཡིག་ལས་པ་དང་། རོགས་སྐྱོར་སྲིད་ཇུས་དངོས་འབེབ་བྱས། དབུལ་ཕོངས་ཁྱིམ་ཚང་གསང་བདག་གི་ཆུང་མར་དལ་བའི་རང་བཞིན་གྱི་ནད་དང་དབང་པོ་སྐྱོན་ཅན་ཡིན་ལ་འཚོ་བར་དཀའ་ཁག་ཡོད་པས། ཁོས་སྒོར་སྟོང་གསུམ་གྱི་རོགས་སྐྱོར་བྱས།

མང་ཚོགས་ལ་དོན་དག་ཆེ་ཆུང་དང་དཀའ་སླ་གང་ལ་འཕྲད་ཀྱང་གདུགས་དཀར་ཚེ་རིང་བཙལ་ཚེ། ཁོས་རང་ནུས་ཡོད་དགུ་བཏོན་ནས་ཐག་གཅོད་ཐུབ་པ་དག་ཐག་གཅོད་པ་དང་མི་ཐུབ་དག་གི་རྒྱུ་མཚན་ཚང་མར་བཤད་སྲིད།

གདུགས་དཀར་ཚེ་རིང་གི་ལྷག་བསམ་དང་བརྩོན་འགྲུས་ཀྱིས་མང་ཚོགས་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་དང་། གསེར་ཆེན་སྡེ་བའི་མི་ཚང་མས་ཁོ་རང་ཡིད་རྟོན་སའི་མི་ཞིག་ཏུ་བརྩིས་ཡོད།

ལོ་ཙཱ་བ། དངོས་སྦྱོང་སློབ་མ་ལྷ་མཁར་མཚོ།