ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལོ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་འབད་འཐབ་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་ཞིག་ཀྱང་ཡིན། འབྱོར་འབྲིང་ནི་ཐོག་མའི་བསམ་འདུན་དང་འབྱོར་འབྲིང་ནི་མི་དམངས་ལ་དབང་བ་ཡིན། གསར་འགོད་པ་ས་མགོའི་མཐོ་ཚད་ལ་མུས་སྟོང་བཞི་ལྷག་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་བསྐྱོད་སྐབས། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ཁྲོད་ཡུལ་ཚོ་དང་སྡེ་བར་འཕོ་འགྱུར་ཆེན་པོ་བྱུང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་དུས་རབས་ཀྱི་བདེ་སྐྱིད་འཚོ་བའི་གླུ་སྐད་ལ་ཐེངས་ཤིག་ཉན་པའི་གོ་སྐབས་དང་འཕྲད་བྱུང་།
རྒྱལ་ཁའི་གྲུབ་འབྲས་ཁྲོད་ནམ་ཡང་རང་ཉིད་ཀྱི་བྱ་བ་རྒྱབ་ཏུ་བསྐྱུར་ནས་མང་ཚོགས་སེམས་སུ་ཉར་མཁན་གྱི་ཏང་ཡོན་ལས་བྱེད་པ་ཡོད་ལ། ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་རྗེས་འབྲངས་མཁན་ཏེ་རང་ཉིད་ཀྱི་བདེ་སྐྱིད་འཚོ་བར་འབད་འབུངས་བྱེད་མཁས་པའི་མང་ཚོགས་ཀྱང་ཡོད། དེ་ལས་གཞན་ཉིན་མཚན་དབྱེར་མེད་དུ་སྡེ་བ་དང་ཁྱིམ་ཚང་མྱུལ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་སྡེ་སྡོད་ལས་བྱེད་པ་དང་ཧྲུའུ་ཅི་དང་པོའང་ཡོད།
ལོ་རབས་བརྒྱད་ཅུ་པའི་རྗེས་སུ་སྐྱེས་པའི་ཀུན་མཁྱེན་གྲགས་པ་ནི་རྫ་སྟོད་རྫོང་བརྟན་འཇགས་རྒྱུ་ནོར་ཐོ་འགོད་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་པ་ཞིག་རེད། ཁོས་ལོ་ངོ་གཉིས་ཀྱི་རིང་ལ་རང་ཉིད་ཀྱི་བྱ་སྤྱོད་དངོས་དང་ལག་ལེན་ལ་བརྟེན་ནས་རྫ་ཆེན་ཡུལ་ཚོ་དར་ཆེན་སྡེ་བ་དབུལ་ཕོངས་ལས་ཐར་ཏེ་སྡེ་མི་རྣམས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་བཞིན་ཡོད།
ཀུན་མཁྱེན་གྲགས་པ་ཐོག་དང་པོར་དར་ཆེན་སྡེ་བར་སླེབས་དུས། སྡེ་མི་རྣམས་ཀྱིས་ཁོ་ལ་བཅངས་པའི་ལྟ་ཚུལ་དེ་འདྲའི་ལེགས་པོ་ཞིག་མིན། “ཁོའི་གདོང་ལ་མིག་ཤེལ་གྱོན་ཡོད་པར་བལྟས་ན། ནམ་རྒྱུན་གཞུང་ལས་ཁང་དུ་བསྡད་ནས་དཔྱད་གཞིའི་ཡིག་ཆ་འཚོལ་སྡུད་བྱེད་པ་དང་། དཔེ་ཆར་བལྟ་རྒྱུར་དགའ་བའི་ལས་བྱེད་པ་ཞིག་ཡིན་པ་འཁྲུལ་མེད་དུ་འདུག ཚང་མའི་སེམས་སུ་ཀུན་མཁྱེན་གྲགས་པ་ནི་དོན་དངོས་ཅི་ཡང་བསྒྲུབ་མི་ཐུབ་པ་ཞིག་ཏུ་འདོད།”
དབུལ་ཐར་བྱ་བར་གྲུབ་འབྲས་བཟང་པོ་ཐོབ་པར་བརྩོན་ལེན་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྫ་ཆེན་ཡུལ་ཚོ་དར་ཆེན་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོར་མངགས་པ་རེད།
ཀུན་མཁྱེན་གྲགས་པས་སྡེ་མི་རྣམས་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་བསྡུས་ནས་ཚོགས་འདུ་འཚོགས་པའི་སྐབས་སུ། ཁང་ཀླད་ནས་ཐིགས་ཆུ་ཟགས་ཏེ་གྱང་ངོས་ཀྱི་དཀར་རག་དང་ཅོག་ཙེ་སོགས་ལ་གནོད་སྐྱོན་ཐེབས་པ་མཐོང་། སྡེ་བ་ཞིག་ལ་མཚོན་ན་ཚོགས་འདུ་འཚོགས་སའི་གནས་བཟང་པོ་ཞིག་མེད་ཚེ་དེང་ཕྱིན་གྱི་བྱ་བ་ལེགས་པོར་འཁྱོངས་ཐབས་མེད་པར་སྙམ་ནས། ཀུན་མཁྱེན་གྲགས་པ་ཕྱི་ཉིན་རྫོང་ཐོག་གི་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་དར་ཆེན་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་ཞིག་གསོ་བྱེད་པའི་ཐད་ལ་མ་དངུལ་གྱི་རོགས་སྐྱོར་གནང་བའི་སྐོར་ནས་སྙན་ཞུ་ཕུལ།
སྡེ་བའི་སྦྲེལ་མཐུད་ལས་ཁུངས་ཏེ་རྫོང་རྩིས་བཤེར་ཅུས་ཀྱིས་མ་དངུལ་སྒོར་ཁྲི་གཉིས་དང་སྟོང་གཉིས་ཀྱིས་རོགས་སྐྱོར་གནང་མ་ཐག དུས་ཡུན་ཐུང་ངུའི་ནང་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་གི་ཁང་ཀླད་ཞིག་གསོ་དང་ནང་གི་སྒྲིག་ཆས་ལེགས་བསྒྱུར་བྱས་པ་ནས་བཟུང་། སྡེ་མི་རྣམས་ཀྱིས་ཁོ་ལ་བཟུང་བའི་ལྟ་ཚུལ་ལ་རིམ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་།“སྟག་གི་ཁྲ་ཁྲ་ཕྱི་ན་ཡོད། མི་ཡི་ཁྲ་ཁྲ་ནང་ན་ཡོད། ཅེས་པ་ཅིས་མི་བདེན། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་ཁོ་ནི་སྡེ་བའི་ལས་བྱེད་པ་སྔོན་མ་དང་བསྡུར་ན་མི་གཟབ་ནན་ཅན་ཞིག་རེད”ཅེས་རྒད་པོ་འཇམ་གྲགས་ཀྱིས་དེ་ལྟར་བཤད།
ཀུན་མཁྱེན་གྲགས་པས་ཐོག་མའི་བསམ་འདུན་ཡིད་ལ་བཅངས་ཤིང་འགན་འཁྲི་ཕྲག་ཏུ་ཁུར་ནས། ལོ་ངོ་འདི་དག་གི་རིང་ལ་དབུལ་ཕོངས་ཁྱིམ་ཚང227དང་། ལྔ་སྐྱོང་ཁྱིམ་ཚང་། དཀའ་ཁག་ཆེ་བའི་ཏང་ཡོན་ཁྱིམ་ཚང་། ལས་འཁྱུར་ངལ་གསོ་པ། སྡེ་སྡོད་ལས་བྱེད་པ། འཇོན་མི་ཁྱིམ་ཚང་། ཡུལ་ཚོ་སྲིད་གཞུང་གི་མངགས་གཏོང་ཁང་སོགས་སུ་སོང་ནས། དར་ཆེན་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ད་དུང་དཀའ་ཁག་ཅུང་ཆེ་བའི་དབུལ་ཕོངས་ཁྱིམ་ཚང་གི་དགོས་མཁོ་བསྐང་ཆེད་རོགས་སྐྱོར་ལས་ཁུངས་ལ་འབྲེལ་བ་བྱས་ཏེ། གནས་སྤོར་བཀོད་སྒྲིག་ལས་གཞི་དང་། མཛེས་པའི་གྲོང་ཚོའི་བྱ་བ་ལེགས་པར་བསྒྲུབས་པས་གོང་རིམ་སྡེ་ཁག་གི་གདེང་འཇོག་ཐོབ་པ་རེད།
དར་ཆེན་སྡེ་བའི་ཁྱིམ་ཚང་མང་པོ་གནས་སྤོར་བཀོད་སྒྲིག་ས་ཁུལ་དུ་གནས་སྤར་ནས་མཁར་གྲོང་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་མོད། ཤུལ་ཏུ་ལུས་པའི་སྡེ་བའི་ཁྱིམ་ཚང་གྱ་བཞི་ཡི་འཐུང་ཆུའི་གནད་དོན་དེ་རེ་ཞིག་སྡེ་སྡོད་ལས་བྱེད་པ་ཚོས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་ལས་ཀ་ཞིག་ཏུ་གྱུར་ནས། ཀུན་མཁྱེན་གྲགས་པ་གཙོ་བྱས་པའི་ལས་རོགས་ཚོ་དེའི་དོན་དུ་སེམས་པ་བདེ་ལ་འབབ་ཐབས་མེད་པར་གྱུར། རྒྱུ་མཚན་ནི་ས་མགོའི་མཐོ་ཚད་ལ་མུས་སྟོང་བཞི་དང་ཉིས་བརྒྱ་ལྷག་ཡོད་པའི་འབྲོག་སྡེ་རུ་རང་འབབ་ཆུ་འཐེན་པ་དང་། དོང་ཆུ་བརྐོ་བའི་ལས་ཀ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་པའི་སྟབས་ཡིན།
ལོ་རེའི་ཟླ་བཅུ་གཅིག་པ་ནས་ཕྱི་ལོའི་ཟླ་ལྔ་བའི་བར་གནམ་གཤིས་ཇེ་འཁྱགས་སུ་འགྲོ་བའི་དུས་ལ་འཁེལ་ཡོད་པས། སྡེ་འདབས་སུ་བཞུར་གྱིན་པའི་ཆུ་བོ་དང་ཆུ་མགོར་ཆབ་རོམ་ཆགས་ནས་ཆུ་ལེན་ཐབས་མེད་པས། དེ་ནི་སྡེ་མི་ཚོས་སེམས་ཁྲལ་བྱེད་ས་དང་སྡེ་སྡོད་ལས་བྱེད་པ་ཚོས་སེམས་ཁུར་ཞིག་ཏུ་གྱུར་ཡོད།
སྡེ་མིའི་འཚོ་བ་དང་འབྲེལ་བའི་དོན་ཞིག་ལ་འཕྲད་ཚེ་མྱུར་མོར་ཐག་གཅོད་རྒྱུ་དེ་ཁོའི་དྲན་ཚུལ་ཡིན་ལ་ཁོའི་ཐོག་མའི་བསམ་འདུན་ཡང་ཡིན། རྫ་ཆེན་ཡུལ་ཚོ་དང་མཉམ་དུ་རྫོང་ཞིང་ཕྱུགས་དང་ཆུ་བེད་སྡེ་ཁག་དང་མཐུན་སྦྱོར་ཏེ། 2018ལོ་ནས2019ལོའི་བར་ཆུ་དོང59ཡི་ལས་གཞི་ལག་བསྟར་བྱས་པས་སྡེ་བའི་འཐུང་ཆུའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས།
ཐེངས་ཤིག་ལ་སྡེ་བར་ཕྱིན་ཏེ་བརྟག་དཔྱད་བྱེད་སྐབས། དབུལ་ཕོངས་ཁྱིམ་ཚང་བསོད་རིག་ཚང་ལ་བཟའ་མི་ལྔ་ཡོད་ཀྱང་ཕྱུགས་ཟོག་བརྒྱད་མ་གཏོགས་རྒྱུ་ནོར་གཞན་མེད་པའི་ཁར། ཁྱོ་གས་ལོ་མང་པོར་ཚོང་ལས་གཉེར་ནས་མ་རྩ་བརྡིབས་པ་དང་། ཁྱོ་ག་ས་ཆ་གཞན་ནས་འདིར་ཡོང་སྟབས་ཁྱིམ་ཚང་གི་བྱིས་པ་གསུམ་ལ་ཁྱིམ་ཐོ་མེད་པ་ཤེས་རྟོགས་བྱུང་།
ཀུན་མཁྱེན་གྲགས་པ་ལ་གཞན་དང་མི་མཚུངས་པའི་རང་གཤིས་ཤིག་ཡོད་པ་ནི། མདུན་གྱི་བྱས་འབྲས་ཙམ་ལ་ཡིད་མི་ཚིམ་པ་དང་། མང་ཚོགས་ཀྱི་དཀའ་ཁག་དེ་རང་གི་ལས་འགན་ཞིག་ཏུ་བརྩིས་ནས། དཀའ་ཁག་གི་མདུན་དུ་ནམ་ཡང་མགོ་མི་བསྒུར་བ་དེ་ཡིན།
ཁོས་འཕྲལ་དུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དཔོན། དེ་མིན་སྡེ་སྡོད་ལས་བྱེད་པར་གྲོས་བྱས་ཏེ། དོན་རེར་གྲོས་རེ་བྱེད་པའི་ཐབས་ལ་བརྟེན་ནས་ཧྲུའུ་ཅི་དང་པོས་སྣེ་ཁྲིད་དེ་རིམ་པ་རེ་རེ་བཞིན་གོང་རིམ་ལ་གནས་ཚུལ་སྙན་སེང་ཞུས་པ་དང་། གནས་ཚུལ་ཞིབ་བསྡུར་བྱས་རྗེས་ཡུལ་ཚོ་སྲིད་གཞུང་དང་དབུལ་སྐྱོར་ཅུས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་ལྟར། བསོད་རིག་ཚང་གནས་སྤོ་བཀོད་སྒྲིག་ཁྱིམ་ཚང་ནང་འཇོག་རྒྱུ་གཏན་འཁེལ་བྱས་པ་རེད།
དེང་སྐབས་བསོད་རིག་ཚང་གི་བྱིས་པ་ཚོར་ཁྱིམ་ཐོ་ཡོད་པར་མ་ཟད། ཁྱོ་གས་རྫོང་དབུལ་སྐྱོར་ཅུས་ཀྱི་བཀོད་སྒྲིག་ལྟར་འབྲེལ་ཡོད་ལས་ཁུངས་སུ་ལས་གཉེར་བྱེད་བཞིན་ཡོད་ཅིང་། ཟླ་རེར་སྒོར་སྟོང་གཅིག་དང་ལྔ་བརྒྱ་ལྷག་གི་ཡོང་སྒོ་ཡོད་པས་བཟའ་མི་ཡོངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ད་ལྟ་བསོད་རིག་གི་དགའ་བའི་འཛུམ་མདངས་དང་འཚོ་བ་གསར་པར་བཅངས་པའི་རེ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ལ་འབྲེལ་བ་ཡོད་པར་མ་ཟད། སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཧྲུའུ་ཅི་དང་པོས་ཉིན་མཚན་ཀུན་ལ་འབད་པ་བྱས་པ་ལས་བྱུང་བའི་བདེན་དཔང་རེད།
མདོར་ན། ད་ལོར་རྫ་སྟོད་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཅིང་།རྫོ ང་ཡོངས་ཀྱི་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་སོང་བ་དང་།ད བུལ་ཕོངས་ཁྱིམ་ཚང་རྣམས་དབུལ་བོའི་རྣམ་པ་ལས་རིང་དུ་གྱེས་ཡོད་ནའང་། ཀུན་མཁྱེན་གྲགས་པས་ད་རུང་ངལ་གསོའི་ཉིན་མོའི་དུས་ཚོད་བེད་སྤྱད་དེ་སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་ནས། སྡེ་བ་ཕན་ཚུན་དང་ཁྱིམ་མཚེས་བར་གྱི་འགྲོ་འོང་འགྲིག་མཐུན་ཕྱོགས་ལ་ཤུགས་བསྣན་པ་དང་། རྒན་དར་གཞོན་གསུམ་ལ་རང་ཉིད་ཀྱི་ཕ་དང་བུ་ཡི་བརྩེ་འདང་བཟུང་ཡོད་པས། ཁོ་ནི་སྡེ་མི་རྣམས་ཀྱི་དགའ་བསུ་ཐོབ་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཞིག་ཡིན།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།