ལྷག་བསམ་རྣམ་དག་གིས་དབུལ་སྐྱོར་ལག་བསྟར་བྱེད་པའི་ཧྲུའུ་ཅི་དང་པོའི་བླ་མེད་ཀྱི་འགན་འཁྲི།
2020.10.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 49

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཞོ་འོང་དཔྱིས་ཡུལ་ཚོ་དཔོན་རུ་སྡེ་བ་ནི་དཔོན་རུ་དང་ཁོ་ཚེ་རང་བྱུང་སྡེ་བ་གཉིས་ཀྱིས་གྲུབ་ཅིང་། སྡེ་བ་ཡོངས་སུ་ཁྱོན་བསྡོམས་པས་ཁྱིམ་ཚང་བརྒྱ་དང་བཅུ་དགུ་དང་མི་གྲངས་དྲུག་བརྒྱ་བཅུ་གཉིས་ཡོད། དེའི་ཁྲོད་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞེ་ལྔ་དང་མི་གྲངས་ཉིས་བརྒྱ་བཅུ་དྲུག་ཡོད་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ཕོངས་དབུལ་ནག་སྡེ་བའི་གྲས་རེད།

2018ལོའི་ཟླ4པར། རྨ་ལྷོ་ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཀརྨ་བདེ་ཆེན་གྱིས་སྡེ་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོའི་འགན་འཁུར་མགོ་བརྩམས།

དམངས་ཀྱི་བདེ་སྡུག་རང་དང་འབྲེལ། ཐོག་མའི་བསམ་འདུན་ངང་གིས་མཐོང་། ལོ་ངོ་གཉིས་ལྷག་གི་རིང་ལ། ཀརྨ་བདེ་ཆེན་གྱིས་སྡེ་སྡོད་ལས་བྱེད་རུ་ཁག་གི་རུ་མི་ཡོངས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་མཁྲེགས་གཏོར་གྱི་ལས་ཡུལ་དང་པོ་ནས་འབད་བརྩོན་བྱས་ཤིང་། གསར་གཏོད་ལས་སྐྲུན་བྱེད་ཕོད་པ་དང་འགན་ཁུར་ཕོད་པ། སྒེར་སེམས་མེད་པར་རང་ནུས་ཅི་ཡོད་ཀྱིས་དོན་དངོས་ཀྱི་བྱ་སྤྱོད་སྟེང་ནས་ལྷག་བསམ་རྣམ་དག་གིས་སྡེ་སྡོད་ཧྲུའུ་ཅི་དང་པོའི་བླ་མེད་ཀྱི་འགན་འཁྲི་ལག་བསྟར་བྱེད་བཞིན་ཡོད།

ཀུན་གྱིས་མཉམ་དུ་འབད་བརྩོན་བྱས་འོག མིག་སྔར། དཔོན་རུ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ལ་ལེགས་བཅོས་མངོན་གསལ་ཐོབ་ཡོད་ཅིང་། སྡེ་བའི་རྣམ་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ཡོད་པ་དང་། བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད། མང་ཚོགས་ཀྱི་ཡོང་འབབ་མངོན་གསལ་སྒོས་ཇེ་མང་དུ་སོང་ཞིང་། སྡེ་མི་ཚོའི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་པར་མ་ཟད། སྡེ་བ་ཡང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་དང་སྡེ་བ་རིམ་པའི་ཏང་འཛུགས་སྐྲུན་དཔེ་སྟོན་བྱེད་ས་རུ་བདམས་པ་རེད།

སྡེ་སྡོད་ཀྱི་བྱ་བ་འགན་ལེན་བྱས་པ་ནས་བཟུང་། ཏང་འཛུགས་སྐྲུན་དམ་འཛིན་དང་དབུལ་ཐར་ལ་སྐུལ་འདེད་གཏོང་བའི་བླང་བྱ་ནན་ཏན་གྱིས་དངོས་འབེབས་དོན་འཁྱོལ་བྱེད་ཆེད། ཀརྨ་བདེ་ཆེན་གྱིས་ཧུར་ཐག་གིས་ཡུལ་ཚོ་ཏང་ཨུ་དང་སྡེ་བའི་ཏང་ཀྲི་པུའུ་ལ་གཞོགས་འདེགས་བྱས་ནས་གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་བཏང་ནས“ཏང་ཡོན་གྱི་སྐད་འཕྲིན་ཚོགས་པ”གསར་འཛུགས་བྱས་ཏེ། རྒྱ་བོད་ཡིག་རིགས་གཉིས་ཀྱིས་ཆ་འཕྲིན་བསྐུར་བ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་དམངས་ཀྱི་གནས་ཚུལ་དབྱེ་ཞིབ་ཚོགས་འདུ་བསྡུས་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། ཧུར་ཐག་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁུར་བྱེད་བཞིན་པའི་གླེང་གནད་དྲིལ་སྒྲོག་བྱེད་པ་དང་། ཏང་ཡོན་ལ་ཁྲིད་སྟོན་བྱས་ཏེ་སྔར་ལས་ལྷག་པར་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྤེལ་བ་དང་སྡེ་བ་རིམ་པའི་ལས་དོན་ལ་ཞུགས་པའི་བྱ་བའི་ཁྲོད་ཀྱི་འགན་འཁྲིའི་འདུ་ཤེས་དང་འགན་སྒྲུབ་ཀྱི་འདུ་ཤེས་བཙུགས།

འཐབ་འཛིང་གི་བཙན་རྫོང་སྟོབས་ཆེར་གཏོང་བ་དང་དྲིལ་སྒྲོག་ལ་ཤུགས་སྣོན་པའི་ཆེད་དུ། སྡེ་བའི་ཏང་དང་མང་ཚོགས་ཀྱི་བྱ་འགུལ་སྤེལ་ཡུལ“ཆུང་བ་དང་རྙིང་པ། ཟང་ཟིང་ཆེ་བ”བཅས་ཀྱི་གནད་དོན་ལ་དམིགས་ནས། ཀརྨ་བདེ་ཆེན་གྱིས་མཐུན་སྦྱོར་བྱས་ཏེ་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་པ་དང་། རང་ཉིད་ཀྱིས་སྡེ་བའི་ཏང་ཀྲི་པུའུ་ཡི་སྲིད་ཇུས་དྲིལ་སྒྲོག་རིག་གནས་རྩིག་གྱང་སྨི་གྲུ་བཞི་མ་བརྒྱ་དང་བཞི་བཅུ་ཅན་ཞིག་དང་ཏང་གི་དྲིན་ཚོར་བརྗོད་བྱ་གཙོ་བོའི་ལམ་སྒྲོན་བཞི་བཅུ། ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱི་བྱ་འགུལ་སྤེལ་ཡུལ་སྨི་གྲུ་བཞི་མ་སྟོང་གཅིག་བཞི་བརྒྱ་སོགས་ཇུས་འགོད་འཛུགས་སྐྲུན་བྱས། དུས་ཐོག་ཏུ་རྒྱ་ཆེའི་ཏང་ཡོན་དང་དབུལ་ཕོངས་ཁྱིམ་ཚང་དག་ལ་ཏང་གི་དམངས་ཕྱུག་དང་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་བྱས།

མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་ཆེད། ཀརྨ་བདེ་ཆེན་གྱིས་ལས་འགན་འཁུར་མ་ཐག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་མགོ་བཙུགས་ཏེ། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ལས་འགན་གཙོ་བོ་ཞིག་ཏུ་བཟུང་ནས། ཀུན་གྱིས་ཐོན་ལས་འཕེལ་རྒྱས་གཏོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱས། ཁྱིམ་ཚང་དུ་བཅར་འདྲིར་འགྲོ་བ་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ། ཆེད་མཁས་པ་གདན་འདྲེན་ཞུས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། སྡེ་བའི་གནས་ཚུལ་དང་ཟུང་འབྲེལ་གྱིས“རྩྭ་འདེབས་ཕྱུགས་གསོ། ཐོན་ལས་མཉམ་འདྲེས”ཀྱི་འཕེལ་རྒྱས་བསམ་ཕྱོགས་བཏོན་ནས། སྡེ་མིའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པར་ཁྲིད་སྟོན་བྱས།

སྡེ་བའི་ཐུན་མོང་ཉོ་སྒྲུབ་ཚོང་ཁང་ལ་ལྟ་སྐུལ་དོ་དམ་གང་ལེགས་བྱས་ཏེ། ཐོན་ལས་ཀྱིས་ཕན་འབྲས་འདོན་པར་ཁག་ཐེག་འགན་ལེན་བྱས། 2018ལོ་ནས་ད་བར་དུ། སྡེ་བ་ཡོངས་ལ་བསྡོམས་པས་ཡོང་སྒོ་སྒོར་འབུམ་གཉིས་དང་ཁྲི་ལྔ་ཙམ་བགོས་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཀྱིས་ཡོང་འབབ་སྒོར་བདུན་བརྒྱ་སུམ་ཅུ་ལྷག་འཕར།

སྡེ་མིས་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་མཐུན་སྦྱོར་འོག་ཏུ། སྡེ་བའི་ནང་གྲོ་མ་དང་ཞོག་ཁོག་སྤྱི་ཆིང་ཉི་ཤུ་ལྷག་ཚོད་འདེབས་བྱས་པར་མ་ཟད་ལེགས་གྲུབ་བྱུང་བ་དང་། དེ་དང་ཆབས་ཅིག སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་གཞོགས་འདེགས་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བཤའ་དང་དོ་དམ་སོགས་ཀྱི་ཡུན་ཕན་ནང་རྐྱེན་བཙུགས་པ་དང་འཐུས་ཚང་དུ་བཏང་།

“དབུལ་སྐྱོར་ལ་བློ་སྐྱོར་དང་རིག་སྐྱོར་ཕན་ཚུན་ཟུང་འབྲེལ་བྱེད་པའི”བླང་བྱ་ལྟར། ཀརྨ་བདེ་ཆེན་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ལ་ཧུར་ཐག་གིས་གཞོགས་འདེགས་བྱས་ནས“སྡེ་སྲོལ་དམངས་ཆིངས”འཐུས་ཚང་དུ་བཏང་ཞིང་། ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་དེ་མིན“སྐར་བཅུ་རིམ་པའི”དཔལ་ཡོན་སྤྱོད་བཟང་ཁྱིམ་ཚང་སོགས་ཀྱི་བྱ་འགུལ་སྤེལ་ནས། རང་སྐྱོང་དང་སྤྱོད་སྐྱོང་། ཁྲིམས་སྐྱོང་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། སྡེ་མི་རྣམས་ལ་ཤུགས་ཆེན་པོས་དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་པ་དང་། རང་རྟོགས་ཀྱིས་སྲོལ་རྙིང་ལུགས་ངན་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བཀག་འགོག་བྱས།

དེ་དང་ཆབས་ཅིག་ཏུ། སློབ་གསོའི་དབུལ་སྐྱོར་ལ་ཧུར་ཐག་གིས་རོགས་འདེགས་བྱས་ཤིང་། ལོ་ངོ་གཉིས་ལྷག་གི་རིང་ལ། རོགས་སྐྱོར་ལས་ཁུངས་ཀྱིས་མ་དངུལ་གྲབས་གསོག་བྱས་པ་བརྒྱུད་ནས། གསར་དུ་སློབ་གྲྭར་ཞུགས་ཤིང་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མར་བྱ་དགའ་སྒོར་ཁྲི་གསུམ་ལྷག་བྱིན། སྒོར་འབུམ་གསུམ་བརྩོན་ལེན་བྱས་ནས་དཔོན་རུ་སློབ་ཆུང་གི་ཐབ་ཚང་གི་སྒྲིག་ཆས་དང་སྒོ་མདུན་གྱི་གཞུང་ལམ། འཐུང་ཆུ་སོགས་ཀྱི་གནད་དོན་མང་པོ་ཐག་གཅོད་བྱས་པ་དང་། ལྷག་བསམ་ལྡན་པའི་ཁེ་ལས་ལ་མཐུན་སྦྱོར་བྱས་ནས་དཔོན་རུ་སྡེ་བའི་སློབ་ཆུང་ལ་སྟོང་ཝ་བཅུ་ལྷག་གི་འོད་ནུས་གློག་འདོན་ས་ཚིགས་ཞལ་འདེབས་སུ་ཕུལ་བས། ལོ་རེར་དཔག་རྩིས་བྱས་ན་དཔོན་རུ་སློབ་ཆུང་ལ་སྒོར་སྟོང་ལྔ་ལྷག་གི་ཁེ་བཟང་བསྐྲུན་ཡོད།

ལོ་ངོ་གཉིས་ལྷག་གི་རིང་ལ། ཁོས་ཧུར་ཐག་གིས་མཐུན་སྦྱོར་བྱས་པར་བརྟེན་ནས་སྔ་གཞུག་ཏུ་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་མ་དངུལ་རིགས་མི་འདྲ་བ་སྒོར་ས་ཡ་ལྔ་ཙམ་བརྩོན་ལེན་བྱས་པ་དང་། སྔ་གཞུག་ཏུ་དཔོན་རུ་སྡེ་བའི་མི་ཕྱུགས་གཉིས་ཀྱི་འཐུང་ཆུ་སྲ་བརྟན་མཐོར་འདེགས་གཏོང་བ་དང་། སྡོད་གནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། སྡེ་བར་ཐོན་པའི་ཟམ་པ་འཛུགས་སྐྲུན་བྱེད་པ། བཞུར་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས། སྡེ་བ་ཡོངས་དུས་ལྟར་དབུལ་ཐར་མངོན་འགྱུར་འབྱུང་བར་རྨང་གཞི་བརྟན་པོ་བཏིང་བ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།