བསོད་ནམས་སྒྲོལ་མས་འདས་སོང་གི“འཚོ་བ”ལ་བདེ་མོ་བཞག
2020.10.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 77

ཟླ་བདུན་པའི་དར་ལག་རྫོང་དཔོན་སྐོར་སྨད་མ་ཡུལ་ཚོ་ཏ་ཟི་སྡེ་བ་ནི། མུ་མཐའ་མེད་པའི་རྩྭ་ཐང་དང་ཁྲ་ཆིལ་ལེར་བཞད་པའི་རི་སྐྱེས་མེ་ཏོག་གིས་བསྐོར་ཏེ། མཐོ་སྒང་གི་ཆེས་མཛེས་པའི་དུས་ལ་སླེབས་འདུག

ཚེས་བརྒྱད་ཉིན་གྱི་ཞོགས་པར། བསོད་ནམས་སྒྲོལ་མ་ས་གཞན་དུ་གནས་སྤོར་བྱས་རྗེས་ཀྱི་ཁྱིམ་གསར་ནས་ཕྱིར་བུད་དེ། དར་ལག་རྫོང་དབུལ་སྐྱོར་ཐོན་ལས་གླིང་དུ་ཡོད་པའི་རང་གི་ཚོང་ཁང་གི་ཕྱོགས་སུ་བསྐྱོད་པའི་ལམ་བར་ནས། ཆེད་དུ་རི་འབུར་ཞིག་གི་ཀླད་ལ་འགོས་ནས་རང་ཁྱིམ་གྱི་ནོར་གནག་བཅུ་ལྷག་ཡོད་པ་ནོར་ཁྱུ་དང་འགྲོགས་ཏེ་ཐག་རིང་གི་རྩྭ་རར་མིག་སྐྱེལ་བྱེད་བཞིན་མཆིས། དེ་ནི་ནོར་གནག་ལ་སྐྱེལ་མ་བྱས་པ་རེད་ལ། འདས་སོང་གི་འཚོ་བར་བདེ་མོ་བཞག་པའང་རེད།

2017ལོའི་ལོ་མཇུག་ཏུ། མི་རབས་ནས་མི་རབས་བར་དར་ལག་རྫོང་དཔོན་སྐོར་སྨད་མ་ཡུལ་ཚོའི་རྒྱང་རིང་ལུང་ཁུགས་དུ་ཆགས་པའི་ཏ་ཟི་སྡེ་བར་འཚོ་གནས་བྱས་པའི་བསོད་ནམས་སྒྲོལ་མ་ནི་ས་གཞན་དུ་གནས་སྤོར་དབུལ་སྐྱོར་བྱེད་པའི་ལས་གཞི་དངོས་འབེབས་བྱས་པ་ལ་བརྟེན་ནས། བཟའ་མི་དྲུག་པོ་འཐུང་ཆུ་གྲམ་པ་ནས་ལེན་དགོས་པ་དང་། ནོར་ལུག་འཚོ་རྟེན་ཡིན་པ། འགྲོ་འོང་རྐང་ཐང་ཡིན་པའི་འཚོ་བ་དང་ཁ་གྱེས་ཏེ། རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཡིན་པའི་གཞིས་ཁུལ་དུ་སྤར། མལ་ཁང་གསུམ་དང་འགྲུལ་ཁང་དང་གསོལ་ཁང་རེ་ཡོད་པའི་མུས་གྲུ་བཞི་མ་གོ་དྲུག་གི་སྡོད་ཁང་དུ་བསྡད་པ་ལས། བསོད་ནམས་སྒྲོལ་མ་བཟའ་མི་གང་བོས་གྲོང་ཁྱེར་གྱི་མི་དང་འདྲ་བའི་དེང་རབས་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་། ཁང་རྙིང་དང་གཞིས་གསར་བར་ལ་སྤྱི་ལེ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པས། མོར་སྔོན་ཆད་ཀྱི་འཚོ་བ་རོལ་སྟངས་དང་རྩ་བ་ནས་ཁ་བྲལ་དུ་བཅུག

བསོད་ནམས་སྒྲོལ་མས་ཚོང་ཁང་ཞིག་གཉེར་ཡོད་ལ་མིང་ལ“ཧུའེ་ལུང་ཧྲི་ཅ”ཞེས་བཏགས་ཡོད། བསོད་ནམས་སྒྲོལ་མ་ཚང་དབུལ་ཕོངས་ཁྱིམ་ཚང་ཡིན་སྟབས། 2018ལོར་དར་ལག་རྫོང་དབུལ་སྐྱོར་ཐོན་ལས་གླིང་དུ། སྨི་གྲུ་བཞི་མ20ལྷག་ཡོད་པའི་ཚོང་ཁང་ཞིག་གླས་ཏེ། ན་གཞོན་རྣམས་ཆེས་དགའ་བའི་མཛེས་འཆོས་བྱུགས་རྫས་ཀྱི་ཚོང་གཉེར་བ་དང་། དེ་དང་ཆབས་ཅིག་མོ་ནི“གནས་སྤོར་ཐུབ་པ་དང་གཏན་སྡོད་བྱེད་ཐུབ་པ”ཡི་སྲིད་ཇུས་གཞི་རིམ་དུ་དངོས་འབེབས་བྱས་པའི་ཁེ་བཟང་རག་མཁན་དང་། བདེན་དཔང་བྱེད་མཁན་གྲས་ཀྱི་གཅིག་ཏུ་གྱུར།

རི་ལས་བབས་ཏེ་གཞིས་ཁུལ་གྱི་ཐོག་ཁང་དུ་གཞིས་ཆགས་པ་དེས། ཕྱུགས་འཚོ་བའི་འཚོ་བ་དང་རིང་དུ་གྱེས་པ་མཚོན་ལ། དེ་དང་ཆབས་ཅིག“ནོར་གནག”ནི་འཚོ་རྟེན་ཡིན་པའི་འདུ་ཤེས་བསྒྱུར། འཚོ་རྟེན་དང་ཡོང་འབབ་འཚོལ་ས་ནི། བསོད་ནམས་སྒྲོལ་མས་ཡང་བསྐྱར་བསམ་བློ་མི་གཏོང་ཐབས་མེད་ཀྱི་བརྗོད་གཞི་ཞིག་ཏུ་གྱུར། “བུ་ཆུང་གིས་ང་ལ་འཕྲིན་ཕྲན་བརྒྱུད་དེ་ཚོང་རྫས་ཕྱིར་འཚོང་བྱེད་པའི་ཐབས་ལམ་ཁྲིད་མྱོང་ལ། རང་གིས་ཀྱང་ཚོང་གཉེར་བ་དང་མཁོ་མཁན་གྱི་ཐོན་ཁུངས་གསོག་ཡོད།”བློ་རིག་བཀྲ་བའི་བསོད་ནམས་སྒྲོལ་མས་ད་ལྟའི་ན་གཞོན་རྣམས་ནི་ཡག་ལས་བྱེད་རྒྱུར་ཆེས་སྤྲོ་བ་ལྡན་པ་ཤེས་ཐོག རང་ལ་ཚོང་རྫས་ནང་འདྲེན་གྱི་ཐབས་ཀྱང་ཡོད་པས། རང་ཉིད་ནི་འབྲོག་མི་ཞིག་ནས་ཚོང་བ་ཞིག་ཏུ་འགྱུར་རྒྱུ་ཐག་བཅད།

“དབུལ་ཐར་ཕྱུག་འགྱུར་བྱེད་ན། ཐོག་མར་སྲིད་ཇུས་ལ་བརྟེན་དགོས་པ་དང་། དེ་ནས་རང་ཉིད་ལ་རག་ལས། ”2015ལོ་ནས་ད་ལྟའི་བར། དབུལ་ཐར་མཁྲེགས་གཏོར་གྱི“འཕེལ་ཕྱོགས་ཆེན་མོ”ཡི་གནས་བབ་འོག དབུལ་ཐར་བྱེད་དགོས་ན་སྒུག་བརྟེན་སློང་གསུམ་བྱེད་མི་རུང་བ་བསོད་ནམས་སྒྲོལ་མས་རྟོགས་ཡོད། ཐའོ་པའོ་དང་། ཅིན་ཏུང་བཅས་དྲ་ཚོངAPPཡི་སྟེང་ནས་ཚོང་འདྲེན་པའམ་ཡང་ན། ཚོང་རྟགས་གྲགས་ཅན་གྱི་བཟོ་གྲྭ་དང་ཐད་ཀར་འབྲེལ་གཏུག་བྱས་ཏེ་ཚོང་བླངས་ནས་རང་གི་དངོས་གཉེར་ཚོང་ཁང་ལས་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ཟླ་གཅིག་གི་ཡོང་འབབ་རྐྱང་བ་སྒོར་མོ་སྟོང་བཞི་ལྷག་ལ་སླེབས་པ་དང་། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་དྲུག་ཡོད་པ་རེད།

བསོད་ནམས་སྒྲོལ་མས་འདི་ལྟ་བུའི་རྩིས་ཤིག་བརྒྱབ་བྱུང་། སྔོན་ཆད་རང་ཁྱིམ་དུ་ནོར་གནག་སུམ་ཅུ་ཡོད་ལ། དེ་དག་ལས་ངེས་པར་དུ་འཇོག་དགོས་པའི་གཡག་དྲུག་དང་། ཁལ་མ་ལྔ། བཞོན་མ་གཉིས་དང་དེ་མིན་ཤ་ཤེད་རྒྱས་བཞིན་པའི་འབྲི་མོ་བཅས་འཐེན་རྗེས། ལོ་གཅིག་གི་ནང་བཙོང་ཆོག་པའི་ནོར་གནག་ནི་གཉིས་གསུམ་ཙམ་ལས་མེད་པ་དང་། ཉིས་སྟོང་བཅུ་དགུ་ལོའི་རིན་གོང་ལྟར་རྩིས་ན། ཡོང་སྒོ་སྒོར་མོ་ཁྲི་གཉིས་ལྷག་མ་གཏོགས་མེད་སྟབས། རང་གི་མཛེས་འཆོས་བྱུགས་རྫས་ཀྱི་ཡོང་འབབ་ལས་ཉུང་བ་རེད།

“སྔོན་ཆད་ང་རང་སོང་མྱོང་བའི་ས་ཐག་ཆེས་རིང་བ་དར་ལག་རྫོང་ཐོག་ཡིན་པ་དང་། ཚོང་གཉེར་ན་དུས་རྒྱུན་ཡར་རྒྱུགས་མར་རྒྱུགས་བྱེད་དགོས། ད་ལྟ་ང་རང་ཟི་ལིང་ལ་རྒྱུན་དུ་འགྲོ་བཞིན་ཡོད། དར་སྲོལ་ཆེ་བའི་མཛེས་འཆོས་བྱུགས་རྫས་འཕེལ་ཕྱོགས་ཀྱི་རྗེས་ཆོད་ཆེད། ཧྲང་ཧའེ་དང་སུའུ་ཀྲིག ཞ་མིན་བཅས་སུ་སོང་མྱོང་བར་མ་ཟད། ཚོང་ཚབ་པ་དང་ཡུན་རིང་བརྟན་འཇགས་ཀྱི་འབྲེལ་བ་བཙུགས་ཡོད།”བསོད་ནམས་སྒྲོལ་མས་རང་གི་ཁ་པར་གྱི་པར་དེབ་བསློགས་ནས། སྤྱི་འབྲེལ་གྱི་བརྒྱུད་རིམ་གསལ་སྟོན་བྱེད་བཞིན་འདུག

བསོད་ནམས་སྒྲོལ་མས་དུས་རྒྱུན་བཤད་བཞིན་པའི“མཐོང་རྒྱ་བསྐྱེད”ཅེས་པའང་ཏག་ཏག་འདུ་ཤེས་བསྒྱུར་པ་ལས་བྱུང་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་དུས་མགོར་ཚོང་པ་རྣམས་ཀྱིས་དུས་རྒྱུན་བཤད་པའི“ཚོང་རའི་ཕྱོགས་སུ་སོང་ན་གནམ་ས་ཡངས”ཞེས་པའི་སྐད་ཆ་དེའི་སྟེང་འཁེལ་འདུག ཁོ་མོའི་ཐོན་སྐྱེད་འཚོ་བར་འཕོ་འགྱུར་བྱུང་བ་དང་། འཚོ་བ་དབུལ་ཕོངས་ལས་ཐར་ཏེ་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་པ་ནི། དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་ཀྱིས་མོར་ལམ་བསྟན་པ་ཙམ་ཡིན་ལ། ལམ་གྱི་ཕར་སྣེ་དེར་སླེབས་པ་ནི་མོ་རང་གི་བརྩོན་འགྲུས་ལ་བརྟེན་པ་རེད།

མ་འོངས་པའི་ཕྱོགས་ལ་བསོད་ནམས་སྒྲོལ་མས་སྔ་མོ་ནས་བསམ་བློ་བཏང་ཡོད་པ་རེད། “མཛེས་འཆོས་བྱུགས་རྫས་ནི་དར་སྲོལ་ཐོན་རྫས་ཡིན་ལ། འབྲོག་ཁུལ་དུ་རིན་གོང་ཆེ་བའི་ཐོན་རྫས་འཛད་སྤྱོད་བྱེད་དཀའ་བས། ཚོང་གཉེར་པ་དང་མངགས་ཉོ་བྱེད་པའི་ཐབས་ལམ་སྤྱོད་རྩིས་ཡོད། རིན་གོང་ཆུང་འབྲིང་གི་མཛེས་འཆོས་བྱུགས་རྫས་གཙོ་གཉེར་བྱེད་ཞོར་དུ་དར་སྲོལ་ཆེ་བའི་བཞིན་མཛེས་ཇུས་འགོད་ཀྱང་བྱེད་རྒྱུ་ཡིན་ལ། དཔེར་ན། མགྲོན་པོར་གང་ལ་གང་འཚམ་གྱི་བྱད་བཞིན་མཛེས་བཟོ་ཞབས་ཞུ་བྱས་ཏེ། མཛེས་འཆོས་བྱུགས་རྫས་ཕྱིར་བཙོངས་པ་ལ་བརྟེན་ནས་རྒྱུན་སྤེལ་མཉམ་སྦྲེལ་གྱི་ཞབས་ཞུ་རྒྱ་བསྐྱེད་པ་དང་གསར་སྤེལ་བྱེད་རྩིས་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།