ཟླ་གསུམ་པའི་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བ་རུ་ཉི་འོད་རབ་ཏུ་འཚེར་བ་དང་། སྡེ་བའི་རྣམ་པ་གཙང་ཞིང་གྲལ་དག་ལ། དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཀྲ།
འབྲི་ཆུའི་མགོ་ཁུངས་སྡེ་བའི་སྨན་བཅོས་ཁང་གི་སྒོ་འགྲམ་དུ་མི་ཞིག་ལངས་འདུག་སྟེ། ཁོ་གཟུགས་དེ་འདྲ་རིང་རྒྱུ་མེད་ལ། ཤ་མདོག་ནག་ཅིང་། ཤ་ཅུང་ཟད་རྒྱགས་པ་དང་། ལུས་ལ་སྐུད་པས་འཐག་པའི་ལྭ་བ་དམར་པོ་ཞིག་གྱོན་ལ། གྱོན་པའི་སྟེང་དུ་ཏང་རྟགས་ཤིག་བཏགས་འདུག ཁོག་སྟོད་ཅུང་ཟད་སྒུར་ཡོད་པས་ཚུར་ཡོང་ན་ཅུང་དལ་བ་དང་། གསར་འགོད་པས་ལྟོས་ཐེངས་གཅིག་གིས་ཁོའི་ཚུགས་ཀ་དེ་ཡིད་ལ་བཟུང་།
ཁོའི་མིང་ལ་འཆི་མེད་རྡོ་རྗེ་ཟེར་ཞིང་། ད་ལོ་ལོ་ན་རེ་བཞི་ལ་སོན་ཡོད་ཅིང་། ལས་བྱེད་པ་རྒན་པ་ཞིག་དང་། ཏང་ཡོན་རྒན་པ་ཞིག ཞིང་སྡེའི་སྨན་པ་ཞིག་ཀྱང་རེད།
འཆི་མེད་རྡོ་རྗེས་སྐད་ཆ་བཤད་སྐབས་སྐད་མགོ་མཐོ་ཞིང་སྨྲ་དག་པས། ཁོའི་ལོ་ཚོད་མཉམ་པ་དག་དང་བསྡུར་ན་ཧ་ཅང་གཞོན་པའི་སྣང་བ་ཞིག་ཀྱང་སྟེར།
འཆི་མེད་རྡོ་རྗེས་གསར་འགོད་པར་ཁོ་རང་སྨན་བཅོས་ཀྱི་ལས་ལ་ཞུགས་པའི་རྒྱུ་རྐྱེན་གླེང་དུས། ཁོས་བཤད་རྒྱུར། སྔོན་ཆད་གདང་ལ་གྲོང་རྡལ་གྱི་ས་ཁོངས་རྒྱ་ཆེ་ཞིང་མང་ཚོགས་ཁ་ཐོར་དུ་བསྡད་ཡོད་ལ། ནད་ལ་བལྟ་ན་ལེ་དབར་བཅུ་ཕྲག་ཁ་ཤས་ཀྱི་ལམ་བརྒྱུད་དགོས་པས་མི་རྣམས་ལ་དཀའ་ལས་ཧ་ཅང་ཆེ། དེའི་ཁར་སྨན་པ་དཀོན་ལ་སྨན་ཉུང་བས་ཚང་མས་ན་ཚ་ཆུང་ངུ་རེ་བྱུང་ན་བཟོད་བསྲན་བྱས་ཏེ་སྨན་ཁང་དུ་འགྲོ་མི་འདོད་པ་དང་། དེ་ལྟར་རྒྱུན་དུ་ནད་ཆུང་ཆུང་ནད་ཆེན་པོར་འགྱུར་བཞིན་པ་དེས་ཁོ་ལ་སྨན་སྦྱངས་པའི་འདུན་པ་སྐྱེས་སུ་བཅུག
1974ལོར། ལོ་ན་བཅོ་བརྒྱད་ལ་སོན་པའི་འཆི་མེད་རྡོ་རྗེས་སེམས་ཐག་བཅད་དེ། ལོ་ངོ་གསུམ་གྱི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་གསོ་བ་རིག་པར་སྦྱངས་པ་དང་ཞིབ་འཇུག་གནང་བ་དང་། 1977ལོར་གཅིག་གྱུར་གྱིས་རྒྱུགས་ལ་ཞུགས་པ་བརྒྱུད། ཁོས་སྡེ་བའི་སྨན་པའི་འཛིན་ཡིག་བླངས་པ་དང་། དེ་ནི་འཆི་མེད་རྡོ་རྗེའི་ལས་ཀ་དང་པོ་ཡང་ཡིན།
ཁོང་གིས་གསར་འགོད་པར་བཤད་རྒྱུར། སྐབས་དེར་གདང་ལ་གྲོང་རྡལ་དུ་སྨན་པ་གསུམ་ལས་མེད་པས་སྡེ་མིས་ནད་ལ་བལྟ་རྒྱུ་དེ་ནི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། སྡེ་བའི་སྨན་པ་བྱེད་སྐབས། འཆི་མེད་རྡོ་རྗེས་སྡེ་མིས་ནད་ལ་ལྟོས་ན་ཟླ་ཕོགས་མེད་ཀྱང་། མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་བྱུང་བ་ནི་ཁོས་ཆེས་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་ཡིན་པར་བསམས་ཡོད།
1999ལོར། འཆི་མེད་རྡོ་རྗེས་སྨན་པའི་ཐོབ་ཐང་ལག་ཁྱེར་བླངས་ཤིང་། མིག་རྡེབ་དབང་ཙམ་གྱིས་ལོ་བཞི་བཅུ་ལྷག་འདས་ཟིན། ཁོས་བཤད་རྒྱུར། ངས་སྨན་སྦྱོང་བའི་དམིགས་ཡུལ་ནི་མང་ཚོགས་ལ་སྟབས་བདེ་བསྐྲུན་ཆེད་ཡིན། ཐོག་མར་ངས་ཕྱི་ལུགས་གསོ་རིག་སྦྱངས་ཀྱང་རྒྱ་ཡིག་གི་ཆུ་ཚད་ཞན་པས་བོད་ལུགས་གསོ་རིག་སྦྱངས་ནས་ད་བར་དུ་ལས་ཀ་བྱས་པ་ཡིན་ཟེར།
འཆི་མེད་རྡོ་རྗེས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྐབས་དེར་ཁྱིམ་གྱི་ཆ་རྐྱེན་ཞན་ལ། སྨན་རྫས་ད་དུང་བོད་ལྗོངས་ནག་ཆུ་དང་། མཚོ་སྔོན་གྱི་ཡུལ་ཧྲུའུ་སོགས་ནས་ནང་འདྲེན་བྱེད་དགོས། སྐབས་རེར་མ་གོང་ལྟར་བཙོངས་ཀྱང་རྡིབ་འགྲོ་བ་དང་། ཆེས་དཀའ་དུས་ཤ་ཉེ་དང་གྲོགས་པོ་ལ་སྒོར་མོ་སུམ་བརྒྱ་ལྷག་ཙམ་བསྐྱིས་པས། མཐའ་མར་རྒྱུན་འཁྱོངས་བྱེད་ཐུབ་པ་བྱུང་ལ། ཁོས་དཀའ་ངལ་ཇི་འདྲ་ཞིག་ལ་འཕྲད་ཀྱང་སྐྱོན་མེད་པར་བཤད།
1980ལོར། འཆི་མེད་རྡོ་རྗེ་གདང་ལ་གྲོང་རྡལ་གྱི་ཕྱུགས་ལས་སྤྱིའི་རྩིས་གཉེར་པ་བྱས་པ་དང་། ཁོས་ལོ་བཅུ་ལ་བྱ་བ་དེ་སྒྲུབས། ལོ་བཅུ་བོ་དེའི་རིང་འཆི་མེད་རྡོ་རྗེས་ཁོ་རང་སྨན་པ་ཞིག་ཡིན་པའི་ཐོབ་ཐང་བརྗེད་མྱོང་མེད།
སྨན་སྦྱོང་བ་ནི་ཞབས་འདེགས་ཞུ་བའི་ཆེད་དུ་ཡིན་ལ། ལས་ཀ་གང་ཞིག་ལ་འཇུག་ཀྱང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བརྗེད་མི་རུང་ཞེས་པ་འདི་ནི་འཆི་མེད་རྡོ་རྗེས་སྨན་སྦྱོང་རྒྱུའི་སེམས་ཐག་བཅད་པའི་སྐབས་ཀྱི་ཐོག་མའི་ཀུན་སློང་ཡིན་པ་རེད།
1986ལོར། ངས་ཏང་རྩ་འཛུགས་ལ་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུས་པས། གཟི་བརྗིད་ལྡན་པའི་སྒོ་ནས་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར། བཤད་མཚམས་འདིར་སླེབས་སྐབས་འཆི་མེད་རྡོ་རྗེ་ཡི་གདོང་ལ་སྤོབས་པ་ཤིག་གིས་ཁེངས་འདུག
ད་ལོ་ལོ་ན་རེ་བཞི་ལ་སོན་པའི་འཆི་མེད་རྡོ་རྗེས་བོད་ལུགས་གསོ་རིག་གི་དཔེ་ཆར་ལྟ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་ཞིག་གི་ལྷག་བསམ་རྣམ་དག་ལག་ལེན་ལ་འདེབས་བཞིན་ཡོད། མང་ཚོགས་ཀྱི་བདེ་ཐང་ཨང་དང་པོ་ཡིན་པ་དང་བྱ་བ་མཐའ་དག་ཞབས་ཞུ་སྒྲུབ་པའི་ཆེད་དུ་ཡིན་ཞེས་པའི་སྐད་ཆ་འདི་ནི་འཆི་མེད་རྡོ་རྗེས་བཤད་པ་ཆེས་མང་བའི་སྐད་ཆ་ཞིག་རེད།
ད་ལྟ། འཆི་མེད་རྡོ་རྗེས་ད་དུང་མུ་མཐུད་དུ་ཁོང་གི་སྨན་པའི་བྱ་བ་དེ་གཉེར་བཞིན་ཡོད། གསར་འགོད་པ་ཁོང་གི་འཕྲོད་བསྟེན་ཁང་དུ་སླེབས་དུས། ཁ་བཏགས་བཅུ་ལྷག་གྲལ་ལྟར་བསྒྲིགས་ཡོད་པ་དང་། འཆི་བདག་ལས་བསྐྱབས་ཚེ་སྲོག་གསར་དུ་སྦྱིན། ། སྨན་པའི་ཀུན་སྤྱོད་ཀུན་ལས་བླ་ན་འཕགས། ། ཞེས་བྲིས་པའི་དར་ཆ་ཞིག་ཀྱང་དེར་ཡོད་པ་དེས་ཁོ་རང་ལོ་ངོ་བཞི་བཅུའི་རིང་ལ་སྨན་པ་བྱས་པའི་ཀུན་སྤྱོད་བཟང་པོ་མངོན་པར་མཚོན་ཡོད།
སྨན་བཅོས་ལན་གཅིག་བྱས་པས་ཀྱང་། ། ཚེ་གཅིག་ཉིད་ལ་གུས་འདུད་ཐོབ། ། གྲགས་དང་གོ་སར་མི་རེ་སྟེ། ། གཞན་ལ་ཕན་པ་གནད་དུ་འཛིན། ། འཆི་མེད་རྡོ་རྗེས་ལས་འཁྱུར་ངལ་གསོ་བྱས་ཀྱང་སེམས་སུ་སྔར་བཞིན་མང་ཚོགས་བཅངས་ནས་ཁ་རོག་གེར་ཚེ་སྲོག་ལ་བཀུར་བ་དང་། སྲོག་སྐྱོབ་སྨན་བཅོས། ཡོད་ཚད་ཕུལ་བ། གཅེས་སེམས་ཆེན་པོར་མཐའ་མེད་པའི་སྨན་པའི་ཀུན་སྤྱོད་བཟང་པོ་དེ་ལག་བསྟར་བྱེད་བཞིན་མཆིས། ལོ་ངོ་བཞི་བཅུ་ཙམ་གྱི་རིང་ལ་སྨན་བཅོས་བྱེད་པའི་དུས་ཡུན་ནང་འཆི་མེད་རྡོ་རྗེ་ཡིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་ལག་བསྟར་བྱས་ཤིང། ཁོང་གིས་ད་བར་དུ་སྡེ་བའི་འཕེལ་རྒྱས་ལ་སེམས་ཁྲལ་བྱེད་བཞིན་ཡོད། ཁོའི་བུ་མོས་ཡང་ཁོའི་ཤན་ཤུགས་འོག་འབྲི་ཆུའི་མགོ་ཁུངས་སྡེ་བའི་འཕྲོད་བསྟེན་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད་པ་དང་། མང་ཚོགས་ཀྱི་ཆེད་དུ་ལོ་མང་པོར་འབད་བརྩོན་བྱས་པ་རེད།
ད་ལྟ། འཆི་མེད་རྡོ་རྗེ་ལ་ཚ་བོ་ཚ་མོ་མང་པོ་ཡོད་པ་དང་། འཚོ་བ་ཧ་ཅང་སྐྱིད། ཁོས་སྒྲོག་ཙེའི་སྟེང་གི་ཁྱིམ་ཚང་གང་བོའི་འདྲ་པར་དེ་སྟོན་བཞིན་བདེ་སྐྱིད་གྱིས་ངེད་ཚང་ནི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་པ་དང་། ཏང་གིས་ང་ལ་ད་ལྟའི་འཚོ་བ་འདི་བསྩལ་བ་ཡིན་པས། ངས་ཏང་ལ་བཀའ་དྲིན་ཞུས་པ་ཡིན་ཞེས་བཤད།
དངོས་སྦྱོང་སློབ་མ། འཕགས་མ་སྒྲོལ་མ་ནས།