དབུལ་སྐྱོར་ཉིན་ཐོའི་མི་སེམས་འགུལ་བའི་འབྱོར་འབྲིང་གི་གཏམ་རྒྱུད་ཅིག
2021.04.20 ཁུངས། ཀློག་གྲངས། 42

    ཀླེ་གཞུག་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལི་ཡུས་ཏུང་གི་གནས་ཚུལ།

“2017ལོའི་ཟླ5ཚེས11ཉིན། གནམ་དྭངས། གཟའ་ཕུར་བུ། རི་རྩེ་སྨུག་པས་བཏུམས། ཀྱག་ཀྱོག་གི་རི་ལམ་བརྒྱུད་མཐར་ཀླེ་གཞུག་སྡེ་བའི་རྣམ་པ་ཡོངས་སུ་མིག་ལམ་དུ་འཆར། སྡེ་མི་ཚོས་དེ་རིང་ང་ཚོ་ཡོང་གི་ཡོད་པ་ཤེས་འཕྲལ་དགའ་དགའ་སྤྲོ་སྤྲོའི་ངང་ང་ཚོའི་མདུན་བསུས་བྱུང་།    བབ་ཆགས་ཤིང་ལྷད་མེད་ཀྱི་འཛུམ་མདངས་དང་ཕྱུག་འགྱུར་གྱི་རེ་བའི་མིག་ཟུང་ལ་ལྟ་བཞིན། ངའི་སེམས་ལ་གཡོ་འགུལ་ཚད་མེད་ཐེབས”ཞེས་ལི་ཡུས་ཏུང་གི་སྡེ་སྡོད་དབུལ་སྐྱོར་ཉིན་ཐོའི་ནང་འདི་ལྟར་བྲིས་ཡོད།

ད་ལོ་ལོ45ལ་སླེབས་པའི་ལི་ཡུས་ཏུང་ནི་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ཧོང་ཧྭ་གློག་འདོན་ཀུང་སིའི་ལས་བཟོ་བ་ཞིག་ཡིན་ཞིང་། 2017ལོའི་ཟླ་5པར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཡུལ་ཚོ་ཀླེ་གཞུག་སྡེ་བའི་ཧྲུའུ་ཅི་དང་པོར་མངགས། ལོ་ཤས་རིང་གི་ཁོང་གི་དབུལ་སྐྱོར་ཉིན་ཐོའི་ནང་མཐོ་སྒང་གི་སྡེ་བ་དབུལ་པོ་དེ་དབུལ་ཕོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་འགྱུར་ལྡོག་རེ་རེ་བཞིན་བཀོད་ཡོད།

གནས་སྤོར་མ་བྱས་གོང་གི་ཀླེ་གཞུག་སྡེ་བའི་ཆ་སྙོམས་ས་བབ་མཐོ་ཚད་སྨི3100ལྷག་ཟིན་པ་དང་། རང་བྱུང་ཆ་རྐྱེན་ཧ་ཅང་ཞན།  སྡེ་བ་ཡོངས་ལ་ཁྱིམ་ཚང79ཡོད་པའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ34ཡོད།

ལི་ཡུས་ཏུང་གིས་བཤད་རྒྱུར། “ སྡེ་བའི་སྡོད་ཁང་མང་ཆེ་བ་ཞིག་ཁང་རྙིང་ཡིན་ཞིང་།   སྡེ་བར་སྡོད་མཁན་སྡེ་མི་ཕྱེད་ཀའང་ཟིན་གྱི་མེད་པས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྤྱི་ཡོངས་ནས་དམའ་བ་རེད། སྡེ་བ་འདིའི་མུའུ་ཁྲི་གཉིས་ཙམ་ཟིན་པའི་རྩྭ་ས་མི་ལེགས་པས། ནོར་ལུག་གསོ་བར་དཀའ་ཁག་ཆེ།  ང་རང་ཀླེ་གཞུག་སྡེ་བར་འབྱོར་རྗེས་སྡེ་མི་མང་པོ་ཞིག་གིས་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་འདོད་ཀྱི་ཕུགས་འདུན་བཤད་བྱུང” ཟེར།

ལི་ཡུས་ཏུང་གིས་འཚོ་གནས་ཀྱི་འགྲན་སློང་དང་སྐྱེ་ཁམས་ཀྱི་དཀའ་ཁག་མང་པོའི་མདུན་དུ་ཀླེ་གཞུག་སྡེ་བའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་བརྟེན་ན་འཚོ་བ་འཁྱོལ་ཐབས་བྲལ་བས། སྡེ་བ་འདི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ནི་ཁ་ཚ་དགོས་གཏུག་ཤིག་ཡིན་པ་གསལ་པོར་རྟོགས།

2018ལོའི་ཟླ1ཚེས17ཉིན་ལི་ཡུས་ཏུང་གི་སྡེ་སྡོད་ཉིན་ཐོའི་ནང་། “དེ་རིང་ནི་ཀླེ་གཞུག་སྡེ་བའི་ལོ་རྒྱུས་ཐོག་སྤྱིར་བཏང་མིན་པའི་ཉིན་ཞིག་ཡིན་ལ། སྡེ་མིའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་ཉིན་ཞིག་ཀྱང་རེད། སྡེ་མི་ཚང་མས་གནས་སྤོ་བྱེད་པར་མོས་མཐུན་བྱུང་བ་མ་ཟད། ཚོགས་འདུའི་ཟིན་བྲིས་ངོས་སུའང་མིང་ཐོ་བཀོད་སོང་།  ཟླ་བརྒྱད་ལྷག་གི་སྡེ་བ་ཡོངས་ཀྱི་གནས་སྤོའི་གྲ་སྒྲིག་ལས་དོན་ལེགས་འགྲུབ་བྱུང་བས། ང་རང་གཞི་ནས་སེམས་ལྷོད་ལ་བབས་བྱུང་”ཞེས་འཁོད་ཡོད།

2019ལོའི་ཟླ1ཚེས7ཉིན། ཀླེ་གཞུག་སྡེ་བའི་ཁྱིམ་ཚང99ཡི་སྡེ་མི་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་སྡོད་ཁང་གསར་པར་སྤོས།   གྲལ་དག་ལ་ཁོད་ཡངས་བའི་སྡོད་ཁང་གསར་པ་རེ་རེ་དང་སྡེ་མི་ཚོའི་བདེ་སྐྱིད་ཀྱི་འཛུམ་མདངས་མཐོང་དུས།  རང་གི་ལས་ཀ་འདིར་རིན་ཐང་ལྡན་སོང་སྙམ་པ་དང་ཆབས་ཅིག  དཀའ་ཚེགས་ཆེ་བའི་ལས་འགན་གསར་པ་ཞིག་གི་འགོ་ཡང་ཚུགས་པ་ཚོར་བྱུང་། རྗེས་མཐུད་ཀྱི་ཐོན་ལས་གདམ་ག་དང་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་ནི་རྗེས་ཕྱོགས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་རེད”ཅེས་ལི་ཡུས་ཏུང་གིས་དེ་ལྟར་བཤད་བྱུང་།

སེའུ་སྡོང་ལ་འབྲས་བུ་ཐོགས་པ་མཐོང་རྗེས། ལི་ཡུས་ཏུང་གིས་སེའུ་སྡོང་འདེབས་འཛུགས་ལས་རིགས་ལ་མདུན་ལམ་ཡོད་མེད་སྐོར་རྒྱུས་ལོན་བྱེད་པར་བསྐྱོད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་འབྲེལ་གཏུག་བྱས་རྗེས《ཀླེ་གཞུག་སྡེ་བའི་མུའུ་ཁྲི་ཡི་སེའུ་སྡོང་ཐོན་ལས་ར་བའི་ལས་གཞིའི་གྲོས་འགོའི་ཡི་གེ》 བཀོད་པ་རེད།  2019ལོའི་ཟླ5ཚེས9ཉིན་གྱི་ཉིན་ཐོའི་ནང་།   “ཡུལ་ཚོ་ཏང་ཨུའི་སྲིད་གཞུང་གི་འགོ་ཁྲིད་དང་དེ་བཞིན་ཁེ་ལས་དང་འབྲེལ་གཏུག་བྱས་པ་བརྒྱུད་གྲོས་འགོའི་ཡི་གེ་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་པ་དང་།    ཕུགས་འདུན་མངོན་འགྱུར་འབྱུང་ཆེད་ད་དུང་འབད་བརྩོན་བྱ་དགོས་ཞེས་སེའུ་སྡོང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་ཉིད་ཀྱི་བརྒྱུད་རིམ་སྐོར་བྲིས་ཡོད།

ཆ་རྐྱེན་ཞན་པའི་རི་ཁུལ་ནས་གནས་སྤར་རྗེས། ཀླེ་གཞུག་སྡེ་བའི་སྡེ་མི་ཚོས་རྨ་ཆུའི་འགྲམ་དུ་རེ་བའི་ས་བོན་བཏབ།  2020ལོར་གཅན་ཚ་རྫོང་གིས་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་བཏང་ཏེ། རྨ་ཆུའི་དམངས་ཁྲོད་སྡོད་ཁང་གི་སྡེ་བ་དང་པོ་བསྐྲུན་ནས་ཀླེ་གཞུག་སྡེ་བའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཁྲོད།  ལི་ཡུས་ཏུང་གིས་ཇུས་འགོད་བྱས་པའི་མུའུ་ཁྲི་ཡི་སེའུ་སྡོང་ར་བའང་ཚུད་ཡོད། བྱིས་པའི་རོལ་རྩེད་ར་བ་དང་། འཁྱག་ཤུད་ར་བ། ཆུ་རྩེད་ར་བ་སོགས་ཀླེ་གཞུག་སྡེ་བའི་འབྱུང་འགྱུར་གྱི་རྣམ་པ་གསར་བ་ཞིག་མིག་ལམ་དུ་མངོན་བཞིན་འདུག

ལི་ཡུས་ཏུང་གིས་ཀླེ་གཞུག་སྡེ་བའི་དབུལ་ཐར་གྱི་དམིགས་བསལ་ཉིན་མོར། ཁོའི་ཉིན་ཐོའི་ནང་འདི་ལྟར་བཀོད་ཡོད་དེ། “2019ལོའི་ཟླ་10ཚེས་17ཉིན། གནམ་དྭངས། གཟའ་ཕུར་བུ། ཁྱིམ་ཚང་དབུལ་པོས་དབུལ་ཐར་གྱི་རེ་ཞུའི་ཡི་གེ་བྲིས་པ་ལས། ཀླེ་གཞུག་སྡེ་བའི་དབུལ་ཞྭ་ཕུད་པ་མཚོན་ཡོད། ཉིན་དེའི་སྡེ་མི་ཚོའི་འཛུམ་མདངས་དང་བབ་ཆགས་པའི་གཏམ་བཤད་དེ་ངས་ནམ་ཡང་བརྗེད་མི་སྲིད” །

2020ལོའི་ཟླ་11པར་ལི་ཡུས་ཏུང་གཅན་ཚ་རྫོང་སྲིད་གཞུང་གིས“དབུལ་ཐར་མཁྲེགས་གཏོར་གྱི་ཕུལ་བྱུང་ཧྲུའུ་ཅི་དང་པོར”བདམས་པ་རེད།

གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལི་ཡུས་ཏུང་དང་སྡེ་མི་ཚོས་ལྕང་མ་འཛུགས་བཞིན་འདུག ད་ལྟ་སྡེ་བའི་མུའུ138ཀྱི་རྗེས་མཐུད་ཐོན་ལས་ཁུལ་དུ་སེའུ་སྡོང་སོགས་ཤིང་འབྲས་སྡོང་བོ་སྣ་ཚོགས་བཙུགས་ཡོད།

ཤིང་འབྲས་སྡོང་པོ་དེ་དག་མཐོང་སྐབས། ལི་ཡུས་ཏུང་གིས“གནས་སྤོས་དབུལ་སྐྱོར་ལས་སྡེ་མི་ཚོའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་པ་མ་ཟད་མང་ཚོགས་ཕྱུག་པོའི་ལམ་དུ་སྐྱོད་པར་ཡང་རོགས་རམ་བྱས་ཡོད། རྗེས་ཕྱོགས་ཡང་ངས་ཀླེ་གཞུག་སྡེ་བའི་ཞིང་སྡེ་དར་སྤེལ་གྱི་མི་སེམས་འགུལ་བའི་རྣམ་པ་དེ་མུ་མཐུད་དུ་ཉིན་ཐོའི་ནང་འགོད་རྒྱུ་ཡིན”ཞེས་ལི་ཡུས་ཏུང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།