ས་ཡོམ་བྱུང་རྗེས། ཁོ་ནི་བྱིས་པ་རྣམས་ཀྱི“ཨ་ཕར”གྱུར།
ཟླ5པའི་ཚེས23ཉིན། ཀླུ་རྒྱལ་ཚེ་རིང་གིས་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་རས་གུར་སློབ་ཁང་དུ་སློབ་ཁྲིད་བྱེད་བཞིན་པ།
ད་ལོ་ལོ37ལ་སོན་པའི་ཀླུ་རྒྱལ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་གི་ལོ་རིམ་དགུ་བའི་འཛིན་གྲྭ་གཉིས་པའི་འཛིན་བདག་ཡིན། ས་ཡོམ་བྱུང་མ་ཐག ཀླུ་རྒྱལ་ཚེ་རིང་སློབ་མའི་མལ་ཁང་དུ་སླེབས་ནས་སློབ་མ་ཁ་བཀྲམས་པ་དང་། ཁོ་ཚོའི་སེམས་ཁམས་ལྷོད་ལ་འབབ་པར་སྣེ་ཁྲིད་བྱས། འཛིན་བདག་ཡིན་པའི་ཆ་ནས། ཁོས་སློབ་ཁྲིད་ཀྱི་བྱ་བ་ཕྲག་ཏུ་ཁུར་ཡོད་པ་ལས་གཞན། ད་རུང་འཛིན་གྲྭའི་སློབ་མ36གི་སེམས་ཁམས་བདེ་ཐང་དང་བཟའ་འཐུང་འགྲོ་འདུག་ལའང་སེམས་ཁུར་བྱེད་དགོས་པས། ཁོ་ནི་བྱིས་པ་རྣམས་ཀྱི་ཨ་ཕ་ལྟ་བུར་གྱུར་ཡོད།
གཞུང་སྒྲུབ་བྱེད་ས་མེད་པའི་རྐྱེན་གྱིས། སློབ་ཁྲིད་བྱས་ཚར་ཐེངས་རེར་ཀླུ་རྒྱལ་ཚེ་རིང་རས་གུར་སློབ་ཁང་གི་སྒོ་འགྲམ་དུ་ཙོག་ནས། སློབ་ཁྲིད་གྲ་སྒྲིག་བྱེད་ཞོར་དུ་བྱིས་པ་རྣམས་ཀྱི་སློབ་ཁྲིད་གཞན་དག་ལ་ལྟ་རྟོག་བྱེད་བཞིན་ཡོད། ས་རུབ་རྗེས། ཀླུ་རྒྱལ་ཚེ་རིང་གིས་ལག་ཁྱེར་གློག་ཞུ་བཟུང་ནས་ལུས་རྩལ་ར་བའི་སྡོད་ས་རུ་སྐོར་ཞིབ་བྱེད་དགོས་ལ། ནམ་གུང་དུ་སླེབས་དུས་ད་གཟོད་ཁོ་རང་གཉིད་ཐུབ།
མཚམས་སྦྱོར་བྱས་པ་ལྟར་ན། ཀླུ་རྒྱལ་ཚེ་རིང2007ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྩིས་རིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་རྨ་སྟོད་རྫོང་དུ་དགེ་རྒན་གྱི་ལས་ཀ་གཉེར་བ་དང་ད་ལྟའི་བར་དུ་ལོ14འགོར་ཡོད། ས་འདིའི་ཆ་སྙོམས་ཀྱིས་ས་བབ་སྨི4300ཡན་ཡིན་པས་རང་བྱུང་ཆ་རྐྱེན་ཞན་ཡང་། ཀླུ་རྒྱལ་ཚེ་རིང་གིས་རང་ཉིད་ཀྱི་གདམ་གསེས་ལ་ནམ་ཡང་འགྱོད་གདུང་སྐྱེས་མྱོང་མེད། ཁོས“མི་དམངས་ཀྱི་དགེ་རྒན་ནི་རླབས་ཆེ་བའི་ལས་ཀ་ཞིག་ཡིན་ལ། གནས་འདི་རུ་བྱིས་པ་རྣམས་ནི་རང་གི་གཉེན་ཉེ་ཡིན”ཟེར།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།