འབྲོག་དམངས་སེམས་ཁོང་གི་སྨན་པ་བཟང་བོ།
2021.06.04 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 22

 རྐང་ཚ་རྩྭ་ཐང་ན་ཀུན་གྱིས་གླེང་ཞིང་བསྟོད་བཞིན་པའི་སྨན་པ་ཞིག་ཡོད་དེ། ཁོ་ནི་བོད་རིགས་འབྲོག་པ་མང་ཚོགས་ཀྱིས་སེམས་ཁོང་ནས་བརྗེད་ཐབས་མེད་པའི་སྨན་པ་སྙིང་ལྕགས་བསྟན་འཛིན་རེད། ཁོ་གཞི་རིམ་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་ནས་རྐང་ཚ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པའི་ལས་གནས་སུ་སླེབས་ཏེ་ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་བཞིན་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མི་མང་བོའི་ཚེ་སྲོག་ལ་རེ་བ་སྦྱིན་མྱོང་།

སྙིང་ལྕགས་བསྟན་འཛིན་རྐང་ཚར་བྱ་བ་སྒྲུབ་ཏུ་ཡོང་བ་ནས་ད་ལྟའི་བར་ཏག་ཏག་ལོ་ངོ་30ལྷག་འགོར་བ་དང་། ལོ་ཟླ་འདི་དག་གི་རིང་ལ་ཁོས་ཏང་ཡོན་ནི་དར་ཆ་ཞིག་ཡིན་ཞེས་པའི་གདམ་ངག་དེས་རང་ཉིད་ལ་བླང་བྱ་ནན་མོ་བཏོན་པ་དང་ནམ་ཡང་མི་དམངས་དང་ཕ་ཡུལ་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད། ཁོང་གི་བརྩེ་བ་ནི་དེ་འདྲའི་ཟོལ་མེད་དང་ངང་རྒྱུད་རིང་བ་ཞིག་རེད་ཨང་།

1988ལོར་མཚོ་སྔོན་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སྙིང་ལྕགས་བསྟན་འཛིན་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་འཕྲོད་བསྟེན་ཁང་དུ་ལས་བགོས་བྱས་ཤིང་། ལོ་ངོ30ལྷག་གི་རིང་ལ་ཁོས་གཞི་རིམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་ལ།  རྐང་ཚའི་རི་ཆུ་ཚད་འཇལ་བྱས་ཏེ་བརྩེ་སེམས་དངོས་ཀྱི་ཐོག་ནས་རྐང་ཚའི་ཁྱིམ་ཚང་ཁྲི་སྟོང་མང་བོའི་སྐྱིད་སྡུག་ལ་རྒྱུས་ལོན་བྱས་ཤིང་། གང་དུ་འབྲོག་པ་མང་ཚོགས་ལ་དགོས་མཁོ་ཡོད་ཚེ་ཁོ་འབྲོག་པ་མང་ཚོགས་ཀྱི་གམ་དུ་སླེབས་ཡོད་ལ། དཀའ་སྤྱད་ཀྱི་རྔུལ་ཆུ་དང་སེམས་ནུས་བཏོན་པས་འབྲོག་པ་མང་ཚོགས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ་ཡོད།

རྟག་ཏུ་བརྩོན་པ་བྱས་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། བྲག་གི་རི་བོ་འབིགས་ལ་ལྟོས་ཞེས་པའི་དཔེ་བཞིན་དུ། 2008ལོར་རྐང་ཚ་རྫོང་བོད་སྨན་ཁང་བཙུགས་པའི་ལོ་དེར། སྙིང་ལྕགས་བསྟན་འཛིན་ལ་རྩེར་སོན་གྱི་སྨན་བཅོས་ལག་རྩལ་དང་ཕུལ་དུ་བྱུང་བའི་ནུས་པ་མངའ་བས་ཁོ་རང་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པར་བསྐོས། དུས་དེ་ནས་བཟུང་ཁོང་གིས་བོད་ལུགས་གསོ་རིག་གི་བྱ་གཞག་ཐད་ལ་སེམས་ཤུགས་ཡོད་རྒུ་བཏོན་ཞིང་། ཕྱོགས་གཅིག་ནས་སྨན་ཁང་བཙུགས་མ་ཐག་པ་ཡིན་པས་གཞུང་གི་ལས་དོན་ཁག་ལ་གཞོགས་འདེགས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཁོང་གིས་ཉམ་ཐག་ནད་པའི་སྲོག་སྐྱོབ་དང་སྡུག་བསྔལ་སེལ་རོགས་ཐད་རྔུལ་ཆུ་དང་སེམས་ཤུགས་བཏོན།

ད་ལྟའི་བར་སྙིང་ལྕགས་བསྟན་འཛིན་གྱི་ལས་བྲེལ་ཆེ་བའི་གཟུགས་བརྙན་སྔར་བཞིན་རྐང་ཚ་རྩྭ་ཐང་གི་ཕྱོགས་གང་སར་མཐོང་རྒྱུ་ཡོད། ད་ལོར་ལོ54ལ་སླེབས་པའི་སྙིང་ལྕགས་བསྟན་འཛིན་གྱིས་བྲེལ་འཚུབ་ཆེ་བའི་སྒོའི་ཕྱི་ཁྱིམ་བར་གྱི་ལས་ཀའི་ཞོར་དུ། ཉིན་རྒྱུན་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པར་མ་ཟད། ད་དུང་ཐག་རིང་ལུང་ཁུག་གི་རོང་འབྲོག་ཁུལ་དུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་པས་རྒྱ་ཆེའི་ནད་པའི་བསྔགས་བརྗོད་ཚད་མེད་ཐོབ་ཡོད་པ་རེད།

འབྲོག་པ་མང་ཚོགས་ཀྱི་འཚོ་བ་ནི་ལས་སླ་པོ་ཞིག་མིན་པས། ཁོ་ཚོའི་ཆེད་དུ་དགོས་མེད་ཀྱི་འགྲོ་གྲོན་གྲོན་ཆུང་ཐུབ་པ་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན་ཞེས་བཤད། ཁོས་བློ་གཅིག་སེམས་གཅིག་གིས་དམངས་ལ་བསམ་བློ་གཏོང་བ་དང་མང་ཚོགས་ལ་བརྩེ་སེམས་བཅངས་ཞིང་།  དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་རིན་ཐེངས་ཅི་ཙམ་སྤྲོད་རོགས་བྱས་ཡོད་པ་ཁོས་ཀྱང་གསལ་པོ་ཤེས་ཀྱིན་མེད།

སྙིང་ལྕགས་བསྟན་འཛིན་གྱི་གཞུང་ལས་ཁང་དུ་ཉིན་རྒྱུན་ནད་པས་བཀང་ཡོད་པ་དང་མང་ཆེ་བ་ནི་རྐང་ཚའི་རྩྭ་ཐང་གི་འབྲོག་པ་རེད།  སྙིང་ལྕགས་བསྟན་འཛིན་གྱིས་ངང་རྒྱུད་རིང་བོས་ནད་པ་རེ་རེར་བརྟག་དཔྱད་ཞིབ་མོ་བྱེད་བཞིན་ཡོད་ལ།  སྒོ་བསྟེན་ཁང་དུ་ནད་པ་མང་བོ་ཞིག་གིས་བོད་ལུགས་གསོ་རིག་གི་སྨན་པ་འདི་ལ་ཡིད་ཆེས་དང་གུས་བཀུར་བྱེད་ཀྱིན་པ་མཐོང་ཐུབ།

ནམ་རྒྱུན་ནད་པས་ཐུགས་རྗེ་ཆེ་ཞུ་བའི་སྐད་ཆ་རེ་རེ་དང་ནད་པས་ཕུལ་བའི་གཟེངས་དར་རེ་རེ་མཐོང་སྐབས་རང་ཉིད་ཀྱིས་བཏོན་པའི་བྱ་བ་ཐམས་ཅད་ལ་རིན་ཐང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། སྨན་པས་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་རིགས་དེས་མི་རྣམས་ལ་སླར་ཡང་བདེ་ཐང་དང་ཚེ་སྲོག་གི་གོ་སྐབས་སྤྲད་པ་དང་རང་ཉིད་ཚེ་གང་གི་སྤོབས་པ་དང་གཟི་བརྗིད་ཡིན་པ་ཚོར་ཡོང་ཞེས་སྙིང་ལྕགས་བསྟན་འཛིན་གྱིས་དེ་ལྟར་བཤད་བྱུང་།

ལོ་ངོ30ལྷག་གི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྙིང་ལྕགས་བསྟན་འཛིན་གྱིས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པར་མ་ཟད། བོད་ལུགས་གསོ་རིག་གི་རྩར་བརྟག་པ་དང་ཆུ་རྟགས་ལ་བརྟག་པ། མེ་བཙའ། གཏར་ཁ། མེ་བུམ་རྒྱག་པ། སྨན་ལུམས་སོགས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྨན་བཅོས་ལག་རྩལ་ཁྱབ་གདལ་བཏང་བས་དལ་བའི་རང་བཞིན་དང་བཅོས་དཀའ་བའི་ནད་གཞི་སྣ་ཚོགས་ལ་དམིགས་བསལ་གྱི་ཕན་འབྲས་ཐོན་ཡོད་པ་རེད།

རང་གི་ནམ་རྒྱུན་གྱི་ལས་སྒོའི་བྱ་བ་སྒྲུབ་པ་ཕུད། སྙིང་ལྕགས་བསྟན་འཛིན་གྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ལ། རྒྱུན་དུ་སྨན་བཅོས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཏང་གི་མི་རིགས་སྲིད་ཇུས་སློབ་སྦྱོང་བྱས་པར་མ་ཟད། སྨན་ཁང་དུ་ཡོང་མཁན་གྱི་ནད་པ་ཚང་མར་བརྩེ་སེམས་ཟབ་མོས་སེམས་ཁུར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་ལེགས་ཤོས་མཁོ་འདོན་བྱེད་ཀྱི་ཡོད་ལ། དེ་དང་ཆབས་ཅིག ཁོས་ལག་ལེན་དངོས་ཀྱི་ཐོག་ནས་བོད་སྨན་ཁང་གི་ལས་སྒོའི་མི་སྣའི་སྣེ་ཁྲིད་དེ་སྨན་ཁང་གི་ཚན་རིག་ཅན་གྱི་དོ་དམ་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

བྱ་བ་བྲེལ་འཚུབ་ཆེ་བའི་དབང་གིས་སྙིང་ལྕགས་བསྟན་འཛིན་གྱིས་རང་གི་ཁྱིམ་ཚང་ལ་ལྟ་སྐྱོང་བྱེད་ཁོམ་ཡང་མེད་པ་རེད།

སྙིང་ལྕགས་བསྟན་འཛིན་ནམ་རྒྱུན་རང་ཁྱིམ་དུ་ལོག་འདོད་མེད་པ་ཞིག་ག་ལ་ཡིན། འོན་ཀྱང་སྨན་ཁང་གི་ལས་དོན་ཁག་གིས་ཁོ་རང་སེམས་ལྷོད་ལ་འབབ་མི་ཐུབ་པ་རེད། ལོ་ངོ30ལྷག་ཙམ་གྱི་རིང་ལ། སྙིང་ལྕགས་བསྟན་འཛིན་གྱིས་ཁོམ་པ་བཙལ་ནས་ཕ་ཡུལ་དུ་ལོག་པའི་ཉིན་མོ་ནི་ཧ་ཅང་ཉུང་ཉུང་རེད། ཐ་ན། ལོ་སར་དང་དུས་ཆེན་སོགས་ཀྱི་སྐབས་སུ་ཁྱིམ་མི་ལྷན་འཛོམས་ནི་ཁོ་ལ་མཚོན་ན་མངོན་འགྱུར་བྱེད་དཀའ་བའི་གནས་སུ་གྱུར་ཡོད།

ཡོན་ཀྲང་སྙིང་ལྕགས་བསྟན་འཛིན་རྐང་ཚར་ཡོང་བའི་ལོ་ངོ་མང་བོའི་རིང་ལ་ཁོས་ནམ་རྒྱུན་ནད་པའི་ཆེད་དུ་བྲེལ་བརྩོན་ཆེན་པོ་བྱས་ཏེ་རང་གི་ཁྱིམ་མིར་ལྟ་སྐྱོང་ཡང་བྱེད་ཐུབ་ཀྱིན་མེད་པས། ང་ཚོར་སེམས་གཏིང་ནས་དགའ་མགུ་ཡི་རངས་བྱེད་དུ་བཅུག་བྱུང་ཞེས་སྙིང་ལྕགས་བསྟན་འཛིན་དང་མཉམ་དུ་བྱ་བ་སྒྲུབ་ནས་ལོ་མང་འགོར་བའི་རྣམ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།

གལ་ཏེ་སྨན་པ་སྙིང་ལྕགས་བསྟན་འཛིན་གྱིས་ང་ལ་རོགས་སྐྱོར་འདི་འདྲ་ཞིག་བྱས་མེད་ཚེ། ངའི་ཚེ་མཇུག་ན་ཟུག་དང་སྡུག་བསྔལ་གྱི་ཁྲོད་དུ་སྐྱེལ་དགོས་བ་རེད། སྟབས་ལེགས་པ་ཞིག་ལ་ང་བརྩེ་བས་ཁེངས་བའི་སྨན་པ་བཟང་བོ་ཞིག་དང་འཕྲད་བྱུང་ལ། ཁོས་ང་ལ་འཚོ་བའི་རེ་བ་གསར་བ་ཞིག་སྦྱིན་བྱུང་། ལོ13འགོར་སོང་། ད་ལྟ་ངའི་ནད་གཞི་ཇེ་བཟང་དུ་ཕྱིན་ཡོད་ཅེས་སྨན་བཅོས་བྱེད་པར་ཡོང་བའི་འོམ་ཆུ་གྲོང་རྡལ་འཕན་པོ་སྡེ་བའི་འབྲོག་པ་མགོན་པོ་དོན་འགྲུབ་ཀྱིས་ལོ་དེ་དག་གི་རིང་ལ་སྨན་པར་བསྟེན་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་རང་དབང་མེད་པར་མིག་ཆུ་ཤོར་བྱུང་ལ། མགོན་པོ་དོན་འགྲུབ་ཀྱིས་ནམ་རྒྱུན་སྨན་ཁང་དུ་སོང་ནས་ནད་ལ་ལྟ་སྐབས་ཡོང་ཀྲང་སྙིང་ལྕགས་བསྟན་འཛིན་བཙལ་བ་ཡིན་ལ། ཁོས་ནམ་ཡང་ལེ་བདའ་དང་འཁང་ར་སོགས་མི་བྱེད་པར་རང་ནུས་གང་ཡོད་བཏོན་ནས་ནད་པར་སྨན་བཅོས་བྱེད་པ་རེད་ཟེར།

སྨན་པ་ཚང་མས་ཤེས་གསལ་ལྟར། སྨན་པའི་ཁྱད་དུ་འཕགས་པའི་དམིགས་བསལ་རང་བཞིན་དེ་ལག་རྩལ་དང་བྱ་བའི་འགན་འཁྲིའི་འདུ་ཤེས་མཐོན་པོ་ཡོད་དགོས་པར་མ་ཟད། དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་དང་ལྷག་བསམ་དཀར་བོའི་གཅེས་སེམས་ཤིག་ཀྱང་ཡོད་དགོས། འདི་ལྟར་བཟང་ལ་བཟང་ལན་ཞེས་པའི་དཔེ་ལྟར། 2005ལོར་སྙིང་ལྕགས་བསྟན་འཛིན་ལ་འགོས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་དང་། 2007ལོར་མཚོ་སྔོན་ཞིང་ཆེན་གྱི་སྨན་པ་གྲགས་ཅན། 2007ལོར་རྒྱལ་ཡོངས་ཀྱི་མི་རིགས་གསོ་རིག་ལས་དོན་གྱི་སྔོན་ཐོན་མི་སྒེར། 2009ལོར་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་། 2018ལོར་ཞིང་ཆེན་རིམ་པའི“མཐོ་སྒང་གི་སྨན་པ་བཟང་བོ” 2020ལོར་ཞིང་ཆེན་རིམ་པའི“ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་པ”དང“མཚོ་བྱང་གི་སྨན་པ་བཟང་བོ”སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།