རྣམ་དག་སེམས་ཀྱིས་གཞན་ཕན་ལས་ལ་བརྩོན།
2021.06.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 44

—རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་གོང་མ་སྡེ་བའི་ཧྲུའུ་ཅི་ཟུར་པ་དགྲ་བྷོ་ཡི་གནས་ཚུལ་བཀོད་པ།

ཉེ་ལམ། གསར་འགོད་པ་སྐོར་ཞིག་འདབ་ཆགས་དང་ཉ་མོའི་ཞིང་ཁམས། མཚོ་ངོགས་བོད་མཁར་ཞེས་གྲགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་བཅར་འདྲིར་ཕྱིན་པ་ན། ས་དེའི་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་བཀྲ་ཤིས་དོན་གྲུབ་ཀྱིས་སྣེ་ལེན་བྱས། ཁོ་དང་མཉམ་དུ་ཁ་བརྡ་བྱེད་སྐབས་བཀྲ་ཤིས་དོན་གྲུབ་ཀྱིས་ཇོ་སྐོར་གོང་མ་སྡེ་བར་སྔོན་ཆད་མིང་ལ་དགྲ་བྷོ་ཟེར་བའི་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡོད་ལ། ཁོས་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་སྐབས་སྡེ་བའི་སྲོལ་ངན་མང་པོ་ཞིག་བསྒྱུར་བ་རེད། ཁོ་ནི་སྡེ་བའི་མང་ཚོགས་ལ་ཤ་ཚ་ཞིང་སྡེ་བའི་མང་ཚོགས་ཀྱིས་ཀྱང་ཁོའི་ཁར་ཉན་པ་དང་ཚིག་བརྩི་བའི་ཏང་ཡོན་ཕུལ་དུ་བྱུང་བ་ཞིག་ཡིན་ཞེས་བརྗོད་བྱུང་། དེ་ནས་བཀྲ་ཤིས་དོན་གྲུབ་ཀྱི་འགྲོ་རོགས་འོག་གསར་འགོད་པ་ཧྲུའུ་ཅི་དགྲ་བྷོར་བཅར་འདྲི་བྱེད་དུ་སོང་། ཧྲུའུ་ཅི་དགྲ་བྷོ་ཚང་གི་ཁང་པའི་ཉེ་འགྲམ་དུ་ཐོན་དུས། ཧྲུའུ་ཅི་དགྲ་བྷོ་ཡང་སྔ་མོ་ནས་ཁོ་རང་སྡོད་སའི་ཐོག་ཁང་གི་མདུན་དུ་སླེབས་ནས་ང་ཚོར་བསྒུག་འདུག ཉིན་དེར་ཁོའི་མགོ་ལ་ཕྱིང་ཞྭ་དང་ལུས་ལ་ལྭ་བ་དམར་སྨུག་ཅིག་གྱོན་ཡོད་པ་དང་། གདོང་ལ་མིག་ཤེལ་ཞིག་གྱོན་འདུག་པས་དངོས་གནས་མི་ཉམས་ཅན་ཞིག་རེད། ཁོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་ང་ཚོ་ཁོ་ཚང་ལ་བསུས།

གསར་འགོད་པ་ཁོ་ཚང་ལ་ཐོན་དུས་ཁྱིམ་དུ་ཁོའི་ཆུང་མ་ལས་མེད་ལ། མོས་ང་ཚོ་དགའ་བའི་འཛུམ་གྱིས་བསུས་བྱུང་།  ཧྲུའུ་ཅི་དགྲ་བྷོ་དང་ཁ་བརྡ་བྱས་པ་ལས་ཁོ་ནི་སྤྱི་ལོ1965ལོར་སྐྱེས་ཤིང་ད་ལོར་ལོ56ཡིན་ཞིང་། 1994ལོར་ཏང་ནང་དུ་ཞུགས། གསར་འགོད་པས་ཁོ་ལ་ཏང་ནང་དུ་ཞུགས་པའི་ཐོག་མའི་ཀུན་སློང་ཅི་ཡིན་ཞེས་དྲིས་པ་ན། ཁོས་བཤད་རྒྱུར།“ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པས། རང་ཉིད་ཀྱིས་ཀྱང་ཆེ་ས་རྒྱལ་ཁབ་དང་ཆུང་ས་རང་གི་སྡེ་བ་ལ་དོན་བཟང་རེ་བསྒྲུབ་ཨེ་ཐུབ་སྙམ་ནས་ཏང་ནང་དུ་ཞུགས་པ་ཡིན”ཟེར།

གསར་འགོད་པས་གོ་ཐོས་སུ་སྔོན་ཆད་ཁྱེད་ཚོའི་སྡེ་བའི་ནང་དུ་ཆང་འཐུང་མཁན་མང་ལ། རྒྱན་སྐུགས་མཁན་ཡང་མང་པོ་ཡོད་ཟེར་བ་དེ་བདེན་ནམ་ཞེས་དྲིས་པ་ན། ཧྲུའུ་ཅི་དགྲ་བྷོས་བཤད་རྒྱུར། “དེ་ནི་དངོས་གནས་བདེན་པ་ཡིན། ང་རང་ལོ་བཅུ་བདུན་གྱི་སྔོན་ལ་ཇོ་སྐོར་གོང་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིར་བསྡད་པ་ཡིན་ལ། སྐབས་དེར་སྡེ་བའི་ནང་དུ་རྒྱན་སྐུགས་མཁན་མང་ལ་སྐྱེས་པ་ཚོ་དུ་ཆང་ལ་དགའ་བའི་གོམས་སྲོལ་ངན་པ་ཞིག་སྡེ་བ་ཡོངས་སུ་ཁྱབ་ཡོད་པ་དེ་སེམས་ཀྱིས་མ་བཟོད་པས། གཅིག་ནས་རང་ཉིད་ཀྱི་ཁ་ཏ་སློབ་གསོ་དང་གཉིས་ནས་ཇོ་སྐོར་དགོན་པའི་བླ་སྤྲུལ་སོགས་དང་འབྲེལ་གཏུག་བྱས་ནས། ཕན་ཚུན་མཉམ་འབྲེལ་གྱིས་སྡེ་བའི་ནང་དུ་ཡར་ཐོན་དགེ་བརྩོན་ལ་སྐུལ་བའི་ཚོགས་འདུ་རབ་དང་རིམ་པ་འཚོགས་པ་དང་སློབ་གསོ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་པས། 2010ལོར་སླེབས་དུས། རྒྱན་སྐུགས་མཁན་དང་དུ་ཆང་ལ་རོལ་མཁན་གཅིག་ཀྱང་མེད་པའི་ཁར། མཐུན་སྒྲིལ་ཀྱང་ཤིན་ཏུ་བཟང་བས་ཇོ་སྐོར་གོང་མ་སྡེ་བ་ནི་རྐང་ཚ་རྫོང་གི་དཔེ་བཟང་སྡེ་བའི་གྲལ་དུ་ཚུད་བྱུང”ཟེར།

བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་རྩ་དོན་ཡིན་པས། སྡེ་བའི་ཧྲུའུ་ཅི་ཞིག་ལ་མཚོན་ནའང་། རང་སྡེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཡར་རྒྱས་སུ་གཏོང་བར་འབད་བརྩོན་བྱ་རྒྱུ་ནི་གཡོལ་མེད་ཀྱི་འགན་འཁྲི་ཡིན་ཟེར། གསར་འགོད་པས་ཧྲུའུ་ཅི་དགྲ་བྷོ་ལ་ཁྱེད་ཀྱིས་སྡེ་བའི་ནང་གི་སྲོལ་ངན་ལ་བཅོས་བསྒྱུར་བཏང་བ་ལས་གཞན། ད་དུང་མང་ཚོགས་ལ་ཞབས་ཞུ་གང་དག་བསྒྲུབས་པ་ཡིན་ཞེས་དྲིས་པ་ན། ཧྲུའུ་ཅི་དགྲ་བྷོས་བཤད་རྒྱུར། “2005ལོ་ནས་བཟུང་ང་དང་སྡེ་བའི་འགོ་ཁྲིད་ཚན་ཆུང་གིས་སྡེ་བར་ལས་གཞི་སྣ་ཚོགས་བརྩོན་ལེན་བྱེད་མགོ་བརྩམས་པ་སྟེ། ཆུ་གློག་ལམ་གསུམ་གྱི་ལས་གཞི་དང་དབུལ་སྐྱོར་གསར་སྤེལ། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་ལས་གཞི་སོགས་ལག་བསྟར་བྱས་པ་བརྒྱུད། ཇོ་སྐོར་གོང་མ་སྡེ་བར་ད་སྐབས་ཀྱི་ཤར་བགྲོད་ཐུབ་པའི་གཞུང་ལམ་འདི་དང་། མི་ཕྱུགས་ཀྱི་འཐུང་ཆུ། དྲོད་ཁང་དང་རྩྭ་སར་ལྕགས་ར་བསྐོར་བ། ལག་སྐྱོར་འདྲུད་འཐེན་འཁོར་ལོ་དང་བལ་འབྲེག་འཕྲུལ་ཆས་ཉོས་པ། འབྲོང་ཚ་ཉོས་ཏེ་ཕྱུགས་རྒྱུད་སྤེལ་བ། མ་མོ1549ཉོས་ཏེ་སྡེ་བའི་ནང་གི་དབུལ་ཁྱིམ་དག་ལ་བགོས་པ་བཅས་ལས་དོན་གང་མང་ཞིག་བསྒྲུབས་པས། ཇོ་སྐོར་སྡེ་བའི་རྨང་གཞིའི་སྒྲིག་བཀོད་དང་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང”ཡོད་ཟེར།

ཧྲུའུ་ཅི་དགྲ་བྷོས་མི་སྒེར་གྱི་ངོས་ནས་གཞན་ལ་རོགས་སྐྱོར་བྱས་པའི་གཏམ་རྒྱུད་ཀྱང་མང་པོ་ཞིག་ཡོད་ལ། “ཁོའི་རོགས་སྐྱོར་བྱ་ཡུལ་གཙོ་བོ་གསུམ་ཡོད་དེ། ཁྱིམ་ཚང་དབུལ་པོ་དང་སློབ་མ་དཀའ་ཁག་ཅན། གློ་བུར་དོན་རྐྱེན་བྱུང་མཁན་གྱི་མང་ཚོགས་བཅས་གཙོ་བོར་བཟུང་སྟེ། ཁོ་ཚོར་སྐྱེད་ཀ་མེད་པའི་མ་དངུལ་བསྐྱིས་པ་དང་དངོས་པོའི་ཐད་ནས་རང་གིས་ནུས་ཚོད་ཀྱིས་རྒྱབ་སྐྱོར་བྱས་པ་ཡིན་ལ། རང་ཉིད་སྔོན་ཆད་སློབ་གྲྭ་སོགས་ལ་འགྲིམ་མ་མྱོང་བས་རིག་གནས་ཆུ་ཚད་ཀྱང་མཐོན་པོ་མེད་པས་ཞབས་འདེགས་དེ་ཙམ་མ་གཏོགས་ཞུ་མ་ཐུབ”ཟེར།

ཉིན་དེའི་ཕྱི་དྲོར། གསར་འགོད་པ་རྐང་ཚ་རྫོང་མཁར་ནུབ་ཕྱོགས་ཀྱི་སྤྱི་ལེ་བཞི་ཡི་མཚམས་སུ་ཡོད་པའི་གཡུ་དཀར་འོམ་ལུང་ཡུལ་ཚོ་རུ་སྡོད་པའི་རྒན་པོ་རི་ལོ་ཚང་ལ་སོང་བ་ཡིན། ཁོ་ནི་ད་ལོར་ལོ་ན58ལ་བུད་ཡོད་ཅིང་། ཁྱིམ་ཚང་ཡུལ་ཚོ་སྲིད་གཞུང་གི་ར་སྐོར་ནང་དུ་བསྡད་ཡོད། ད་ལྟ་ཁོས་ཁོར་ཡུག་གཙང་སྦྲའི་ལས་ཀ་སྒྲུབ་བཞིན་ཡོད་ལ། ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་ཁོ་ལ་ཟླ་རེར་ཟླ་ཕོགས་སྒོར2000དང་། ཆུང་མ་སྒྲོལ་མར་སྒོར1000ལྷག་གི་ཟླ་ཕོགས་ཡོད་པས། ཁོ་ཚང་གི་འཚོ་བར་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོ་ནི་སྔོན་ཆད་ཧྲུའུ་ཅི་དགྲ་བྷོ་ལས་ཐོག་ན་ཡོད་དུས་རོགས་སྐྱོར་བྱས་མྱོང་བའི་ཁྱིམ་ཚང་ཞིག་ཀྱང་རེད། ཁོས“ང་ནི་སྔོན་ཆད་ཁྱིམ་ཚང་དབུལ་པོ་ཞིག་ཡིན་ལ། ཇོ་སྐོར་གོང་མ་སྡེ་བའི་ཧྲུའུ་ཅི་དགྲ་བྷོས་ང་ཚོ་སྡེ་བའི་ཧྲུའུ་ཅིའི་འགན་ཁུར་ཡོད་སྐབས། ཁོས་སྒེར་ངོས་ནས་ངེད་ཚང་ལ་ལུག17གྱིས་རོགས་སྐྱོར་བྱས་པས་ཡོང་སྒོ་ཉུང་ལ་ན་ཚ་མང་བའི་ངེད་ཚང་ལྟ་བུར་མཚོན་ན་དངོས་གནས་ཕན་ཐོགས་ཆེན་པོ་བྱུང་བ་དང་། ད་དུང་ངེད་ཚང་གི་བུ་མོ་མཚོ་སྔོན་གཙང་གསུམ་མི་རིགས་སློབ་འབྲིང་དུ་འགྲིམ་པའི་ལོ་ངོ་གསུམ་གྱི་རིང་ལ། ལོ་རེར་སྒོར1000ལྷག་གིས་རོགས་སྐྱོར་བྱས་པས། ཁོས་ང་ཚོ་སྡེ་བའི་ནང་གི་དབུལ་པོ་དང་ནད་པ། སློབ་མ་དཀའ་ཁག་ཅན་སོགས་མང་པོ་ཞིག་ལ་རོགས་སྐྱོར་བྱས་མྱོང་བ་ནི་ང་ཚོ་སྡེ་མི་ཡོངས་ལ་གསལ་བས་ཁོ་ནི་སྤྱིར་ན་ང་ཚོའི་སྡེ་བར་བཀའ་དྲིན་ཆེ་ལ། ལྷག་ཏུ་ངེད་ཚང་ལ་བཀའ་དྲིན་ཤིན་ཏུ་ཆེ། ཁོ་ནི་ང་ཚོའི་སེམས་ནང་གི་ནམ་ཡང་བརྗེད་ཐབས་མེད་པའི་ཧྲུའུ་ཅི་བཟང་པོ་ཞིག་ཡིན”ཟེར།     ཧྲུའུ་ཅི་དགྲ་བྷོས་ཇོ་སྐོར་སྡེ་བའི་སྡེ་དམངས་དབུལ་པོ་རྣམས་ཕྱུག་པོར་འགྱུར་བ་དང་། ནད་པ་རྣམས་མྱུར་དུ་ནད་ལས་གྲོལ་ཆེད་བྱ་བ་སྣ་ཚོགས་བསྒྲུབས་མྱོང་། 2005ལོ་ནས2011ལོའི་བར་དུ། ཧྲུའུ་ཅི་དགྲ་བྷོས་སྡེ་བའི་ནང་གི་ནད་པ་ཉམ་ཐག་ཅན་ལ་སྨན་པ་སྟོན་རོགས་བྱས་པ་དང་། དཔལ་འབྱོར་ཆ་རྐྱེན་ཞན་པའི་མང་ཚོགས་ལ་སྐྱེད་ཀ་མེད་པའི་མ་དངུལ་བསྐྱིས་ཤིང་། 2008ལོར་དབུལ་ཁྱིམ་རྣམས་སྔ་མོ་ནས་ཁང་པ་གསར་པའི་ནང་སྡོད་པའི་ཆེད་དུ། རྫོང་ཐོག་ཏུ་གཞིས་ཁྱིམ་བསྐྱར་སྐྲུན་གྱི་ལས་གཞིའི་མ་དངུལ་མ་འབྱོར་བའི་གནས་ཚུལ་འོག ཧྲུའུ་ཅི་དགྲ་བྷོས་སྡེ་བ་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱི་ཚབ་ཏུ་འཛུགས་སྐྲུན་མ་དངུལ་སྤྲད།

སྡེ་བ་ཡོངས་ཀྱི་དབུལ་ཐར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ་སྟེ། 2009ལོར་དབུལ་ཕོངས་ཁྱིམ་ཚང31རྩ་འཛུགས་བྱས་ནས་ཡུལ་སྐོར་དྲན་རྟེན་ཚོང་རྫས་ཏེ་མ་ཎི་ཡིག་དྲུག་རྡོ་ལ་བརྐོས་ནས་བཙོང་དུ་བཅུག་པས་ལོ་དེར་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར7000ལ་སླེབས། ནོར་ཁུལ་དང་ལུག་བལ་ཕྱིར་འཚོང་བྱེད་པའི་རྫ་དམར་ནོར་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གཉེར་ཏེ་མང་ཚོགས་ལ་ཡོང་སྒོ་བཙལ། 2012ལོར་སྡེ་བ་དེའི་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་སྟོང་བདུན་དང་སུམ་བརྒྱ་ཞེ་བརྒྱད་ལྷག་ལ་སླེབས་པས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་ཕྱིན།

2015ལོ་ནས2017ལོའི་བར་གྱི་ལོ་ངོ་གསུམ་རིང་ལ། ཧྲུའུ་ཅི་དགྲ་བྷོས་དྭ་ཕྲུག་སློབ་མ་བཅུ་ལྷག་ལ་བསྡོམས་པས་སྒོར་ཁྲི་གཉིས་དང་སྟོང་གསུམ་བཞི་བརྒྱ་ཡིས་རོགས་སྐྱོར་བྱས་པ་དང་། ལྔ་སྐྱོང་ཁྱིམ་ཚང་དང་། ནད་ཀྱིས་དབུལ་པོར་གྱུར་མཁན་དག་ལ་རོགས་སྐྱོར་བྱས། གཞན་ཡང་ནད་ལྕི་མོ་བྱུང་བའི་ནད་པ་གང་མང་ལ་སྐྱེད་ཀ་མེད་པའི་མ་དངུལ་བསྐྱིས་ཏེ་རོགས་སྐྱོར་བྱས་མྱོང་། ཧྲུའུ་ཅི་དགྲ་བྷོའི་རོགས་སྐྱོར་བྱ་ཡུལ་ནི་རང་གི་ཕ་ཡུལ་མཚོ་བྱང་རྐང་ཚའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཙམ་མ་ཡིན་པར། མཚོ་ལྷོ་ཁུལ་གུང་ཧོ་རྫོང་བཅས་སུ་སོང་ནས་སློབ་མ་དྭ་ཕྲུག་དང་ནད་པ་རེ་འགར་ཡང་རོགས་སྐྱོར་བྱས་པ་དང་། བོད་རིགས་སློབ་མ་ཁོ་ནས་མི་ཚད་པར་མི་རིགས་གཞན་གྱི་སློབ་མའང་ཡོད།

2020ལོའི་ཟླ12པར་ཇོ་སྐོར་གོང་ཞོལ་སོགས་སྡེ་བ་ལྔའི་ཁྱིམ་ཚང་དྲུག་ཅུ་ལྷག་ལ་ཕྱེ་དང་སྣུམ། འབྲས་སོགས་ཀྱི་གནང་སྦྱིན་བྱས།

ཧྲུའུ་ཅི་དགྲ་བྷོས་བཤད་རྒྱུར། “ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་བསུ་མ་བྱེད་པའི་ཁྱད་པར་ཅན་གྱི་ལོ་ཞིག་ཡིན་སྟབས། རང་ཉིད་ཏང་ཡོན་ཞིག་ཡིན་པའི་ངོས་ནས་སེམས་པ་དགའ་སྤྲོ་རབ་ཏུ་སྐྱེས་ལ། ངས་ད་དུང་བཤད་འདོད་པ་ཞིག་ནི་རང་ཉིད་ཀྱིས་ཧྲུའུ་ཅིའི་འགན་འཁུར་བའི་རིང་ལ། སྡེ་བའི་ནང་གི་ཏང་དང་རྒྱལ་ཁབ་ལ་དགའ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བརྩོན་སེམས་ལྡན་པ། བསམ་བློའི་ཀུན་སྤྱོད་ཡག་པའི་བསམ་འགྲུབ་དང་ལྷ་རྩེ་སོགས་མི་སྣ་སྐོར་ཞིག་ཏང་ནང་དུ་ཞུགས་དགོས་པར་སྐུལ་མ་བཏང་བ་ཡིན་ལ། ཁོ་ཚོ་ནི་ད་ལྟ་ལས་རྐང་སྟེང་ན་ཏང་ཡོན་གྱི་མིག་དཔེ་འདོན་མཁན་དུའང་གྱུར་ཡོད”ཟེར།

འོམ་ཆུའི་ཆུ་རྒྱུན་རིང་མོས་མཚོ་སྔོན་ཁྲི་ཤོར་རྒྱལ་མོར་ཆུ་ཡི་གནང་སྦྱིན་སྩོལ་བ་ནང་བཞིན། ཧྲུའུ་ཅི་དགྲ་བྷོའི་བྱམས་སེམས་ཀྱིས་ནད་པ་ཉམ་ཐག་དང་ཁྱིམ་ཚང་དབུལ་པོ། སློབ་མ་དྭ་ཕྲུག་སོགས་རྒྱབ་སྐྱོར་དང་བྱམས་བརྩེ་མཁོ་བའི་མི་ཚོགས་གང་མང་ཞིག་གི་འཚོ་བ་ལ་རེ་བའི་འོད་སྣང་བསྩལ་དང་སྩོལ་བཞིན་ཡོད་པས། ཁོང་ནི་དུས་རབས་ལ་ངོ་གནོང་མི་དགོས་ཤིང་། ཏང་དང་རྒྱལ་ཁབ་ལ་ངོ་གནོང་མི་དགོས་པའི་ཧྲུའུ་ཅི་བཟང་པོ་ཞིག་ཡིན། སྡེ་བའི་ཧྲུའུ་ཅིའི་འགན་རྫོགས་ནས་ལས་འཁྱུར་ངལ་གསོ་བྱས་ཏེ་ལོ་ངོ་འགའ་ཞིག་འདས་ཟིན་ཀྱང་། རང་ཉིད་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ད་དུང་མུ་མཐུད་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་མི་དམངས་ལ་ཞབས་འདེགས་ཞུ་བར་ཉིན་མཚན་ཀུན་ཏུ་བྲེལ་བཞིན་འདུག་གོ

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།