བྱེ་འགོག་བྱེ་བཅོས་ཀྱི་སྣེ་ཁྲིད་པ་བུན་ཁྲང་ཚེ་རིང་།
2021.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

གལ་སྲིད་ཏང་གི་མགོ་ཁྲིད་མེད་ན། ད་ལྟའི་བྱེ་འགོག་གི་གྲུབ་འབྲས་འདི་འདྲ་ཞིག་ཡོད་མི་སྲིད། དེ་ལྟར་སྔོན་ཆད་བྱེ་འགོག་གི་བྱ་བ་བསྒྲུབས་པའི་སྐོར་ལ་ཕྱིར་དྲན་བྱེད་སྐབས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོ་ས་གྲུ་བཞི་སྡེ་བའི་སྔོན་ཆད་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་བུན་ཁྲང་ཚེ་རིང་ལ་ཚོར་སྣང་ཟབ་མོ་འདུག

སྔོན་ཆད་ཀྱི་ས་གྲུ་བཞི་ལ་ཡུལ་དེའི་མི་རྣམས་ཀྱིས་ས་གྲུ་བཞི་རླུང་གི་ཕ་ས་ཞེས་འབོད་ཀྱི་ཡོད་པ་དང་། གུང་ཧོ་རྫོང་དུ་བྱེ་རླུང་གི་གནོད་འཚེ་ཆེས་ཚབས་ཆེ་བའི་ས་ཁུལ་གྲས་ཀྱི་གཅིག་རེད། སྔོན་ཆད་གནས་དེ་རུ་བྱེ་ཐང་གི་རྒྱ་ཁྱོན་ཆེ་བས་ལོ་རེ་བཞིན་ཚད་རིམ་དྲུག་ཡན་གྱི་རླུང་ཆེན་ཉིན་ལྔ་བཅུ་ལྷག་ལ་གཡུགས་ཀྱི་ཡོད་པ་རེད། སྔོན་ཆད་ས་གྲུ་བཞི་རུ་སྡོང་བོ་མེད་པར་ས་ཆ་སྐོར་ཞིག་མུ་མཐའ་མེད་པའི་བྱེ་མས་ཁེངས་ཡོད་ཅིང་། ལོ་རེ་བཞིན་བྱེ་རླུང་ཆེན་པོ་གཡུགས་ཀྱི་ཡོད་པས་ཡུལ་དེའི་ཁྱིམ་ཚང་རྣམས་ལོ་གཅིག་གཉིས་རེའི་རྗེས་སུ་ཡང་བསྐྱར་རུ་བ་སྤོར་དགོས་ཀྱི་ཡོད། སྐམ་ཤུགས་ཆེ་ལ་བྱེ་རླུང་གཡུགས་པའི་གནམ་གཤིས་ཀྱིས་བྱེ་མའི་རྒྱ་ཁྱོན་མུ་མཐུད་དུ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། དེའི་ཁར་ཚད་ལས་བརྒལ་བའི་སྒོ་ནས་ཕྱུགས་འཚོས་སྟབས་བྱེ་འགྱུར་གྱི་ཚད་ཇེ་ཆེར་སོང་།

དུས་ནམ་ཞིག་ལ་བྱེ་མའི་གནོད་འཚེ་མེད་པར་བཟོས་ནས་བྱེ་ཐང་ལྗང་མདོག་ཅན་དུ་བསྒྱུར་ཐུབ་བམ། ཟླ་བདུན་པའི་ཚེས་གཉིས་ཉིན། ལོ་ན་རེ་དགུ་ལ་སོན་པའི་བུན་ཁྲང་ཚེ་རིང་གིས་གསར་འགོད་པར་བྱེ་འགོག་སྐོར་གྱི་གནས་ཚུལ་གླེང་དུས། ཁོའི་མིག་མཐར་མཆི་མ་ཞིག་ངང་གིས་འཁོར་བྱུང་།   ཁོས་བཤད་རྒྱུར།  མི་ཚེ་གང་བོ་འདིར་ང་ལ་མིག་ཆུ་མང་པོ་བཞུར་མ་མྱོང་། ཡིན་ནའང་བྱེ་ཐང་ཆེན་མོ་དེ་གཞི་ནས་ལྗང་མདོག་ཏུ་གྱུར་བའི་སྐབས་འདིར། ངའི་མིག་ཆུ་ལ་རང་དབང་མི་འདུག རྒྱུ་མཚན་ནི་ལོ་ངོ་མང་པོ་ཞིག་གི་དཀའ་སྡུག་ལ་འབྲས་བུ་སྨིན་པས་རེད་ཟེར། ཁོའི་མདུན་དུ་དར་དམར་ཞིག་རླུང་གིས་བསྐྱོད་ཀྱི་འདུག་ལ་དེ་ནི་སྙིང་སྟོབས་ཀྱི་དར་དམར་ཞིག་རེད།

སྡེ་བའི་ནང་གི་ག་ས་གང་དུ་འབའ་འབུར་གྱིས་ཁེངས་ཤིང་བདེ་ཐང་མིན་པས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་གཏང་བསམ་ན་ཐོག་མར་ས་ཞིང་བདེ་ཐང་དུ་བསྙམ་དགོས་པ་དེ་རེད། ལོ་ན་ཆུང་བའི་དུས་སུ། བུན་ཁྲང་ཚེ་རིང་གིས་སྡེ་མི་གཞན་དག་དང་མཉམ་དུ་བདེ་ཐང་བསྙམས་མྱོང་བ་དང་། ལས་ཚེགས་ལྕི་བའི་དབང་གིས་ཁོའི་ལག་ཟུང་ལས་ཁྲག་དམར་ཡང་ཐེངས་མང་དུ་བཞུར་མྱོང་ཞིང་། ལས་ལ་བརྩོན་པའི་ན་གཞོན་ཁོ་ལ་གོང་རིམ་མགོ་ཁྲིད་ཀྱི་ཁས་ལེན་ཐོབ།

གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར། བུན་ཁྲང་ཚེ་རིང་གུང་གཞོན་ཚོགས་པར་ཞུགས་ཤིང་། དམ་བཅའ་འཇོག་པའི་སྐབས་དེར་ངའི་སེམས་སུ་དྲན་པ་ནི་རང་ཉིད་སྔ་མོ་ནས་ཏང་རྩ་འཛུགས་ཀྱི་ནང་དུ་ཞུགས་རྒྱུ་དེ་ཡིན་ཟེར།

སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་བཞི་ལོར། ས་གྲུ་བཞི་ཡུལ་ཚོ་རུ་སྡོང་འཛུགས་ནགས་སྐྲུན་བྱས་ནས་བྱེ་འགོག་ལྗང་བསྒྱུར་བྱེད་པའི་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བྱེ་འགོག་བྱེ་བཅོས་སྐོར་གྱི་ཆེད་མཁས་པ་ཀྲའོ་ཧོང་པེན་ཆེད་དུ་ས་གྲུ་བཞིར་མངགས་ནས་ལག་རྩལ་སྐོར་ནས་སྣེ་ཁྲིད་བྱེད་དུ་བཅུག བུན་ཁྲང་ཚེ་རིང་ཆེད་མཁས་པའི་རྗེས་སུ་འབྲངས་ནས་སྡོང་འཛུགས་ནགས་སྐྲུན་དང་བྱེ་འགོག་བྱེ་བཅོས་སྐོར་གྱི་ཤེས་བྱར་སློབ་སྦྱོང་བྱས། དུས་དེ་ནས་བཟུང་། བུན་ཁྲང་ཚེ་རིང་གི་མི་ཚེ་དེ་བྱེ་འགོག་ནགས་འཛུགས་བྱེད་པའི་བྱ་བ་དང་གཞི་གཅིག་ཏུ་འབྲེལ་མགོ་བརྩམས་པ་རེད།

ས་གྲུ་བཞི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་བའི་སྐབས་སུ། བུན་ཁྲང་ཚེ་རིང་གིས་སྡེ་མི་རྣམས་ལ་ཉམས་མྱོང་རྒྱུད་སྤེལ་བྱས། དེ་ལྟར་ཀྲའོ་ཧོང་པེན་ལས་བསླབས་པའི་ལག་རྩལ་དང་ཤེས་བྱ་རྣམས་ཁོས་གཅིག་ཀྱང་མ་ལུས་པར་སྡེ་མི་གཞན་ལ་ཁྲིད་ནས་སྡོང་འཛུགས་ནགས་སྐྲུན་དང་བྱེ་འགོག་བྱེ་བཅོས་བྱས་པ་དང་། དུས་དེ་ནས་བཟུང་བུན་ཁྲང་ཚེ་རིང་ཡུལ་ཚོ་ཡོངས་ཀྱི་བྱེ་འགོག་བྱ་བའི་སྣེ་ཁྲིད་པར་གྱུར།

ནམ་རྒྱུན་དུ་སྡོང་ཕྲུག་འཛུགས་པའི་སྐབས་སུ། བུན་ཁྲང་ཚེ་རིང་གིས་དར་དམར་ཞིག་བྱེ་མའི་ནང་དུ་བཙུགས་ཡོད་པ་དང་། དེ་ནི་ཁོས་མི་རྣམས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་སེམས་ཤུགས་ལ་སྐུལ་སློང་བྱེད་པའི་ཆེད་དུ་རེད། གཅིག་སྟོང་དགུ་བརྒྱ་གྱ་བཞི་ལོར་བུན་ཁྲང་ཚེ་རིང་ཏང་ནང་དུ་ཞུགས་ཐུབ་པར་གྱུར་བས་ཁོས་ཡུན་རིང་རེ་སྒུག་བྱས་པའི་བསམ་དོན་དེ་ལེགས་འགྲུབ་བྱུང་།

ཏང་ཡོན་རེ་ནི་དར་ཆ་རེ་ཡིན།  སྡོང་བོ་འཛུགས་པ་དང་ནགས་སྲུང་བ། ཆུ་རྐ་བརྐོ་བ་སོགས་ལས་གང་ཞིག་སྒྲུབ་པའི་སྐབས་སུ་ཡང་བུན་ཁྲང་ཚེ་རིང་ནི་སྣེ་ཁྲིད་པ་ཡིན། བུན་ཁྲང་ཚེ་རིང་གི་སྣེ་ཁྲིད་འོག ས་གྲུ་བཞི་ས་ཁུལ་དུ་སྡོང་བོ་འཛུགས་པ་དང་ལྕགས་ར་བསྐོར་བ། དོ་དམ་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་པས་སྔོན་ཆད་ཀྱི་བྱེ་ཐང་དེ་ལྗང་མདོག་གི་རྣམ་པར་འགྱུར་མགོ་བརྩམས། བུན་ཁྲང་ཚེ་རིང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་བྱེ་འགོག་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པས་ང་ཚོ་བྱེ་འགོག་བྱེ་བཅོས་བྱ་བར་འབད་བཞིན་པའི་མི་རྣམས་ལ་རེ་བ་བསྩལ་སོང་ཟེར།

སྡོང་བོ་འཛུགས་རྒྱུ་དེ་ནི་དཀའ་ལས་ཆེན་པོ་ཞིག་ཡིན།  བྱེ་ཐང་དུ་ཡུན་རིང་བོར་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་གཞོལ་བའི་མི་རྣམས་ཀྱི་རྐང་པ་སྐྲང་བར་མ་ཟད་ལམ་དུ་འགྲོ་དུས་ན་ཟུག་ཆེན་པོ་ལངས་བཞིན་ཡོད།

བུན་ཁྲང་ཚེ་རིང་གི་སེམས་སུ་ད་དུང་དྲན་བཞིན་པ་ནི། སྡེ་བ་གོང་མར་སོང་ནས་སྡོང་བོ་བཙུགས་པའི་སྐབས་དེ་རེད། སྐབས་དེར་ཁོ་ཚོ་ཉིན་རྒྱུན་དུ་ཐབས་ཆག་གི་སྦྲ་གུར་ནང་དུ་འདུག་དགོས་ཀྱི་ཡོད་ལ་མཚན་མོ་རྩག་པ་གོན་ནས་ཉལ་དགོས། འཚོ་བར་ཧ་ཅང་དཀའ་ཁག་ཆེ་ནའང་སྒོར་འབུད་ཐེངས་རེར་ཁོ་ཚོ་དེ་ལྟར་ཟླ་འགའ་རེར་འདུག་དགོས་ཀྱི་ཡོད། ཁོ་ཚོས་བྱེ་ཐང་གི་དཀའ་བ་སྣ་ཚོགས་ཁྱད་དུ་བསད་ནས་སླེ་བོ་ནང་དུ་བྱེ་མ་ཕྱི་རུ་ཁུར་བ་སོགས་ཀྱིས་སྡེ་བ་གོང་མའི་བྱེ་ཐང་སྤྱི་ཆིང་རེ་བདུན་ལ་སྡོང་ཕྲུག་བཙུགས་ནས་སྡེ་བ་དེའི་བྱེ་རླུང་གི་རྣམ་པ་རིམ་བཞིན་མེད་པར་བཟོས་པ་དེ་རེད།

ད་ལྟ།  ས་གྲུ་བཞིའི་རི་མགོ་ནས་རྒྱང་ལྟ་བྱས་ཚེ། སྡེ་བ་དེ་གཞི་ནས་མཐིང་མདོག་གི་གླིང་ཕྲན་ཞིག་ཏུ་གྱུར་འདུག་པ་དང་། བུན་ཁྲང་ཚེ་རིང་གི་མིག་ལམ་དུ་མེ་ཏོག་དང་རྩི་ཤིང་། སྡོང་བོ་དེ་དག་ལ་བརྩེ་བའི་མདངས་ཀྱིས་ཁེངས་འདུག་ཅིང་། སྡེ་མི་རྣམས་ཀྱིས་ཀྱང་སྐྱེ་ཁམས་ཞིང་ལས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལོངས་སུ་སྤྱོད་བཞིན་ཡོད་པར་མ་ཟད། གནས་སྐོར་ལས་རིགས་འཕེལ་རྒྱས་བྱུང་སྟེ་ཁྱིམ་ཚང་གི་སྒོ་ཁ་ནས་ཕྱུག་པོར་ཆགས་པ་མངོན་འགྱུར་བྱུང་། སྐྱེ་ཁམས་མཛེས་སྡུག་ལྡན་ཞིང་སྡེ་མི་རྣམས་ཀྱི་འབྱོར་ཕྱུག་གི་འཚོ་བ་རོལ་བ་ནི། ས་གྲུ་བཞི་ལ་མཚོན་ནས་བཤད་ན་ཧ་ཅང་ལས་སླ་མོར་ཐོབ་པ་ཞིག་མིན།

ལོ་འདི་དག་གི་རིང་ལ་བུན་ཁྲང་ཚེ་རིང་དུས་དང་རྣམ་པ་ཀུན་ཏུ་སྡེ་བ་སོ་སོར་སོང་ནས་བྱེ་འགོག་གི་ཉམས་མྱོང་རྒྱུད་སྒྲོག་བྱེད་བཞིན། ཁོའི་རྐང་རྗེས་དེ་ས་གྲུ་བཞི་ཡུལ་ཚོའི་གྲུ་ག་རེ་རེར་ཁྱབ་པར་བྱས། བུན་ཁྲང་ཚེ་རིང་གིས་བཤད་རྒྱུར། ཏང་ཡོན་གྱི་སེམས་སུ་ནམ་ཡང་མི་དམངས་མང་ཚོགས་བཟུང་ཡོད་ཅིང་། མི་དམངས་ལ་ཞབས་འདེགས་ཞུ་བར་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དགོས་ཟེར།

ཉེ་བའི་ལོ་འགའི་རིང་། ས་གྲུ་བཞི་ཡུལ་ཚོའི་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་སྒོར་མོ་བཏང་ནས་སྡོང་བོ་ཉོ་བ་དང་སྡོང་བོ་འཛུགས་པ་བཅས་བྱས་ཏེ། རང་གི་ཁང་པའི་སྔ་གཞུག་ཏུ་སྡོང་བོ་འཛུགས་པའི་སྲོལ་ཞིག་ཆགས་འདུག  སྡོང་འཛུགས་ནགས་སྐྲུན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་བུན་ཁྲང་ཚེ་རིང་ཚང་གི་སྒོ་རའི་ནང་དུ་གསོམ་སྡོང་དང་ལྕང་མ། སིལ་སྡོང་། སྨྱུག་མ་སོགས་ཀྱིས་ཡོངས་སུ་ཁེངས་འདུག བུན་ཁྲང་ཚེ་རིང་ལ་ས་གྲུ་བཞི་ཡུལ་ཚོའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་ཐོབ། བུན་ཁྲང་ཚེ་རིང་གིས་བཤད་རྒྱུར། ང་ནི་ཏང་ཡོན་ཡིན་པས་མ་འོངས་པར་ད་དུང་བྱེ་འགོག་གི་ལམ་དུ་མུ་མཐུད་དུ་བསྐྱོད་རྒྱུ་ཡིན་ཟེར།

                                                                                                       ཡིག་སྒྱུར་བ། གཡང་འབུམ་རྒྱལ།