སྦྱིན་པར་འཇུག་སྤྲོ་བའི་ཏང་ཡོན་རྒན་པ་བསོད་ནམས།
2021.07.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

ལོ་ངོ་ཉེར་བདུན་གྱི་ཡར་སྔོན་ཞིག་ལ། འཚོ་བར་དཀའ་ཁག་ཡོད་པའི་མི་རྣམས་ལ་རོགས་སྐྱོར་རེ་བྱེད་ཐུབ་ན་ཅི་མ་རུང་སྙམ་པའི་བསམ་བློ་ཞིག་བསོད་ནམས་ཀྱི་སེམས་སུ་འཁོར་བ་དང་། དྲན་ཕོད་པ་དང་སྒྲུབ་ཕོད་པའི་བསོད་ནམས་ཀྱིས་རང་ཚང་གི་གསོག་དངུལ་ནང་ནས་སྒོར་མོ་ཁྲི་གཅིག་བླངས་ནས་ཡུལ་ཚོ་སྲིད་གཞུང་ལ་སྤྲད་ཅིང་། དཀའ་ཁག་ཅན་གྱི་མི་རྣམས་ལ་རོགས་སྐྱོར་བྱེད་པར་བཀོལ་དགོས་པའི་རེ་བ་ཞུས། སྐབས་དེར་མཚོན་ན་དམངས་སྒོར་ཁྲི་གཅིག་ནི་ཁྱིམ་ཚང་དཀྱུས་མ་ཞིག་ལ་མཚོན་ན་གྲངས་ཀ་ཉུང་ཉུང་ཞིག་མིན་ལ། སྒོར་མོ་ཁྲི་གཅིག་དབུལ་ཕོངས་མི་སྣར་རོགས་སྐྱོར་དུ་ཕུལ་བ་ནི་དེ་ལས་ཀྱང་ལས་སླ་མོ་ཞིག་ག་ལ་ཡིན། དུས་དེ་ནས་བཟུང་མི་རྣམས་ཀྱིས་གསེར་ལུང་རྩྭ་ཐང་སྟེང་དུ་བསོད་ནམས་ཞེས་པའི་སྦྱིན་པར་སྤྲོ་ཞིང་གཏོང་ལ་དགའ་བའི་མང་ཚོགས་ཏང་ཡོན་ཞིག་ཡོད་པ་ཤེས་ལ། དུས་དེ་ནས་བཟུང་བསོད་ནམས་ཀྱི་གཏོང་ཕོད་ཀྱི་ལག་པ་ཇེ་རིང་ནས་ཇེ་རིང་དང་། སྦྱིན་པའི་སྤྲོ་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་། ཉུང་ན་ལུག་གསུམ་བཞི་ནས་མང་ན་ལུག་བརྒྱ་ལྷག ཉུང་ན་སྒོར་བཅུ་ཁ་ནས་མང་ན་སྒོར་ཉིས་ཁྲི་ལྷག་སོགས་སྦྱིན་པའི་རོགས་སྐྱོར་གྱི་རྒྱུན་མ་ཆད།

བསོད་ནམས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཡུལ་ཚོའི་མང་ཚོགས་ཏང་ཡོན་དཀྱུས་མ་ཞིག་ཡིན་ཞིང་། ཆུང་དུས་སུ་ཁོའི་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་ཁར། དྲིན་ཆེན་ཕ་མ་གཉིས་དང་ཆུང་མ་སོགས་སྔ་གཞུག་ཏུ་ཚེ་ལས་འདས་པའི་དབང་གིས་སེམས་སྡུག་དང་དཀའ་སྡུག་གིས་མནན་པའི་ལོ་ཟླ་རིམ་གྱིས་བསྐྱལ་ནས་ཡོང་བ་དང་། སྐབས་དེའི་སྤྱི་ཚོགས་ཁོར་ཡུག་གི་དབང་གིས་སློབ་གྲྭ་ཡང་འདོན་མ་ཐུབ་པར་ཁྱིམ་ཚང་གཞན་གྱི་ཟོག་རྫི་བྱས་ཏེ། གཉེན་ཉེ་ཡི་ལྟ་སྐྱོང་དང་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་འཚོ་བ་རོལ་ཐབས་བྱས། ཡིན་ཡང་བསོད་ནམས་ནི་ལས་དབང་ལ་མགོ་སྒུར་མཁན་ཞིག་གཏན་ནས་མ་ཡིན་ཏེ། ཁོས་ནོར་ལུག་འཚོ་སྐྱོང་བྱེད་པར་འབད་བརྩོན་བྱས་པས་རིམ་བཞིན་ཁྱིམ་གྱི་འབྱོར་བ་ཇེ་ལེགས་སུ་ཕྱིན་ལ། ལོ་སོ་ལྔའི་སྟེང་སླར་ཡང་ཆུང་མ་བླངས་ནས་འཁོར་བའི་གཞི་གསར་དུ་ཚུགས་པ་དང་། གཞན་གྱིས་ཚུར་ལ་རོགས་སྐྱོར་བྱེད་པ་ནས་རང་གིས་ཕར་ལ་རོགས་སྐྱོར་བྱེད་པའི་མི་ཚེའི་ཁ་ཕྱོགས་གཞན་ཞིག་དུ་བསྒྱུར།

“རང་ཁྱིམ་གྱི་ཆ་རྐྱེན་ཅུང་བཟང་ལ་འཚོ་བར་དཀའ་ཁག་མེད། འོན་ཀྱང་དབུལ་ཕོངས་ཁྱིམ་ཚང་དཀའ་ཁག་ཅན་དག་མཐོང་དུས་སེམས་ནས་བཟོད་ཐབས་མི་འདུག རང་ཉིད་ཆུང་དུས་ཀྱི་ཐབས་སྡུག་གི་འཚོ་བ་དྲན་ཐེངས་རེར་ཁོ་ཚོར་རོགས་སྐྱོར་རེ་བྱེད་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་དྲག་པོ་ཞིག་སྐྱེས་བྱུང”ཞེས་བསོད་ནམས་ཀྱིས་སྦྱིན་པའི་རོགས་སྐྱོར་བྱེད་མགོ་བརྩམས་པའི་དུས་སྐབས་ལ་ཕྱིར་དྲན་བྱེད་དུས་དེ་ལྟར་བཤད་བྱུང་། “རང་ཉིད་ཀྱིས་ཐད་ཀར་སྦྱིན་ན་ཁྱིམ་ཚང་སོ་སོའི་དབུལ་ཕྱུག་གི་དབྱེ་བ་འབྱེད་དཀའ་བ་དང་འདྲ་མཉམ་ལ་གནོད་པར་དོགས་ནས་སྦྱིན་པའི་སྒོར་མོ་ཡུལ་ཚོ་སྲིད་གཞུང་ལ་སྤྲད་དེ་ཁྱིམ་ཚང་དབུལ་པོ་དག་ལ་བགོ་བཤའ་བྱས།” དང་ཐོག་བསོད་ནམས་ཚང་གི་ཁྱིམ་མི་དག་གིས་ཁོའི་སྤྱོད་ལམ་ལ་རྒྱུས་ལོན་བྱེད་མ་ཐུབ་པའི་སྐབས་ཤིག་བྱུང་ལ། ཁོའི་ཕུ་བོས་དོན་དག་འདི་འདྲ་ཞིག་གི་མཇུག་སྐྱོང་རྒྱུ་དཀའ་མོ་ཡིན་ཚུལ་བརྗོད་པ་དང་། ཁོའི་ཆུང་མས་ཁྱིམ་གྱི་འབྱོར་བ་དེ་འདྲ་བཟང་རྒྱུ་མེད་པས་བུ་མོ་གཉིས་ལ་སྐེ་རྒྱན་ཉོ་བའི་དངུལ་ཀྱང་མི་འདང་ཚུལ་གསལ་བཤད་བྱས། “དོན་དག་འདི་འདྲ་ཞིག་སྒྲུབ་པར་ཁྱིམ་མིའི་རྒྱབ་སྐྱོར་ངེས་པར་དུ་མཁོ་བ་རེད། ཁོ་ཚོ་མ་འཐད་ན་ངས་ཨུ་ཚུགས་གཏན་ནས་བྱེད་མི་སྲིད”ཅེས་བསོད་ནམས་ཀྱིས་རང་གིས་གཞན་ལ་རོགས་སྐྱོར་བྱེད་པའི་རྒྱུ་མཚན་དང་བསམ་ཚུལ་དག་གཅིག་གཅིག་གཉིས་གཉིས་ཀྱིས་ཁྱིམ་མི་ཚོར་ལབ་པ་དང་། འདི་འདྲའི་རྣམ་དཀར་དགེ་བའི་ལས་ཤིག་སྒྲུབ་ན་ཕན་པ་ག་འདྲ་ཡོད་ཚུལ་སོགས་ཀྱི་སྐོར་ཁ་བརྡ་བྱས་རྗེས་ཁོ་ཚོ་འཐད་པ་བྱུང་བ་དང་། དེའི་རྗེས་ནས་ཁྱིམ་མིས་ཀྱང་རྒྱབ་སྐྱོར་བྱས་པས། བསོད་ནམས་ཀྱི་ཁྱིམ་མི་དག་ཁོའི་སྦྱིན་གཏོང་གི་ངོ་མཚར་བའི་གཏམ་རྒྱུད་སྐྲུན་པའི་རྒྱབ་རྟེན་གཙོ་བོར་གྱུར།

“ཕ་ཡུལ་རེབ་གོང་གི་ཡིན་པའི་བསོད་ནམས་རྒྱལ་གྱི་ཆུང་མར་གཤག་བཅོས་བྱེད་དགོས་པས་སྒོར་མོ་སྟོང་གསུམ་གྱིས་རོགས་སྐྱོར་བྱས། རུ་སྐོར་ནང་གི་ཏང་ཡོན་རྒན་པ་བསྟན་འཕེལ་ལ་སྒོར་མོ་ཁྲི་གཅིག་བྱིན། ཁུ་སུམ་ཡུལ་ཚོའི་ཀ་རྡོ་ཚང་ལ་སྒོར་མོ་སྟོང་བཞི་བྱིན། མགོན་བྷོའུ་ལ་སྒོར་མོ་སྟོང་བདུན་བྱིན། རྫོང་མི་རིགས་སློབ་འབྲིང་ལ་སྒོར་མོ་སྟོང་བརྒྱད་བྱིན། ཨ་ཡེ་རྟ་བྷོ་ཚང་ལ་སྒོར་མོ་ཁྲི་གཅིག་བྱིན……”ཞེས་བསོད་ནམས་ཀྱིས་ཁོའི་སྦྱིན་པའི་གཏམ་རྒྱུད་རིང་མོ་བརྗོད་བྱུང་ལ། སྦྱིན་པའི་རོགས་སྐྱོར་གྱི་གཏམ་རྒྱུད་ཧ་ཅང་མང་དྲགས་པས་ལ་ལ་ཞིག་ཁོས་ཀྱང་བརྗེད་འདུག་ཅིང་། ཁྱིམ་མི་ཚོས་དྲན་གསོ་བྱེད་ཞོར་དུ་བརྗོད་དགོས་ཀྱིན་འདུག

2010ལོའི་ཡུས་ཧྲུའུ་ས་ཡོམ་སྐབས་སུ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བའི་གནས་ཚུལ་བརྗོད་དུས་བསོད་ནམས་ཀྱི་མགྲིན་པ་བརྣངས་པར་གྱུར་ཅིང་། “བརྙན་འཕྲིན་ལས་ས་ཡོམ་གྱི་ཡུལ་དངོས་མཐོང་དུས་སེམས་ལ་ཟུག་གཟེར་ལངས་བྱུང་། རྒྱུ་མཚན་ནི་ང་རང་ཉིད་ཀྱིས་ཀྱང་ཉེ་མི་དང་ཁ་བྲལ་བའི་སྡུག་བསྔལ་མྱངས་མྱོང་བ་དང་། ས་ཡོམ་གནོད་ཐེབས་ཁུལ་གྱི་མི་རྣམས་ལ་སྙིང་རྗེ་དྲག་པོ་ཞིག་སྐྱེས་བྱུང་།” བསོད་ནམས་ལ་ཐེ་ཚོམ་ཅི་ཡང་མེད་པར་ཁོ་ཚང་གི་ལུག་ར་ནས་ལུག་བརྒྱ་དེད་དེ་ཞལ་འདེབས་འབུལ་སར་ཕྱིན་པ་དང་། འབྲེལ་ཡོད་སྡེ་ཁག་ལ་གྲོས་བྱས་རྗེས་ལུག་ཚང་མ་ས་གནས་དེ་གར་བཙོང་ནས་སྒོར་མོ་ཡུས་ཧྲུའུ་ལ་བསྐུར། 2020ལོར་ཝུའུ་ཧན་ལ་པྲོག་གསར་གློ་ཚད་རིམས་ནད་བྱུང་དུས་ཀྱང་བསོད་ནམས་ཀྱིས་སྒོར་མོ་ཁྲི་གཉིས་ཞལ་འདེབས་སུ་ཕུལ།

ཁོས་ཡུས་ཧྲུའུ་ལ་ལུག་བརྒྱ་སྦྱིན་པ་བཏང་བར་མ་ཟད། ད་དུང་ཀ་ཆེན་སྡེ་བའི་རུ་ཁག་གཉིས་པ་ལ་ལུག་བརྒྱ་དང་། གསེར་ལུང་ཡུལ་ཚོའི་ཡི་དམ་ཚང་སོགས་ཁྱིམ་ཁ་བཞི་ལ་ལུག་བརྒྱ།  ཀ་ཆེན་སྡེ་བའི་སངས་རྒྱས་ཚང་སོགས་ཁྱིམ་ཁ་བཞི་ལ་ལུག་བརྒྱ། ཀླུ་ཆུ་དཔོན་སྐོར་སྡེ་བའི་ལྷ་དོ་ཚང་ལ་ལུག་བརྒྱ་བཅས་ལུག་བརྒྱ་ལ་འབུད་པའི་སྦྱིན་པ་ཐེངས་བཞིར་བཏང་།

“མང་པོ་ཞིག་གིས་རང་ལ་རོགས་སྐྱོར་གྱི་རྒྱུ་ནོར་རེ་ཐོབ་རྗེས་དེ་མ་ཐག་ཏུ་བཀོལ་ཚར་འགྲོ། ང་དེ་ལ་འཐད་པ་མིན། དེ་བས་ཁོ་ཚོར་རོགས་སྐྱོར་གྱི་རྒྱུ་ནོར་སྦྱིན་དུས་རེ་བ་ནན་མོ་བཏོན་པ་ཡིན།” ལོ་འགའི་ཡར་སྔོན་དུ་བསོད་ནམས་ཀྱིས་ཀླུ་ཆུ་དཔོན་སྐོར་སྡེ་བའི་ལྷ་དོ་ཚང་གི་འབྱོར་བ་ཞན་པའི་གནས་ཚུལ་མཐོང་རྗེས། ཁོ་ཚང་ལ་རོགས་སྐྱོར་བྱེད་པའི་འདུན་པ་སྐྱེས། འོན་ཀྱང་ཁོ་ཚང་གིས་ངས་བྱིན་པའི་རྒྱུ་ནོར་དུས་ཡུན་ཐུང་ངུའི་ནང་དུ་བརླག་འགྲོ་བར་དོགས་ནས་ཁོ་གཉིས་ཀྱི་བར་དུ་ཁ་ཆད་བཞག་པ་དང་། ཁོ་ཚང་ལ་ལུག་བརྒྱ་དང་ནོར་གནག་དགུ་སྦྱིན་རྗེས། བཙོང་མི་ཆོག་པར་རང་གིས་འཚོ་སྐྱོང་བྱས་ནས་ནོར་ལུག་གི་འཕེལ་ཁ་རྒྱས་སུ་འཇུག་དགོས་པར་བྱས། ད་ལྟ་ལྷ་དོ་ཚང་ལ་ལུག་སྟོང་ལྷག་དང་ནོར་གནག་བརྒྱ་རུ་འཕེལ་ཏེ་བསོད་ནམས་ཚང་ལས་ཀྱང་ཕྱུག་པོ་ཆགས་ཡོད་ལ། ལྷ་དོ་ཡིས་ནམ་རྒྱུན་བསོད་ནམས་ལ“ཁྱོད་ཀྱི་སྦྱིན་པའི་སྤྱོད་ལམ་ནི་རླབས་ཆེན་ཡིན་ལ། ཁྱོད་ཀྱི་འཕེལ་རྒྱས་ཀྱི་བསམ་བློ་ནི་དེ་བས་ཀྱང་རླབས་ཆེན་རེད”ཅེས་བརྗོད་ཀྱིན་འདུག སྔོན་ཆད་ཨ་ཡེ་རྟ་བྷོ་ཚང་གི་ཆ་རྐྱེན་མི་བཟང་བའི་ཁར་བུ་མོ་གཉིས་ཀ་སློབ་ཆེན་ལ་འགྲོ་དགོས་པས་དཀའ་ཁག་ཧ་ཅང་ཆེ་བའི་སྐབས་སུ། བསོད་ནམས་ཀྱིས་སྒོར་ཁྲི་གཅིག་རོགས་སྐྱོར་ལ་བྱིན་པ་དང་བུ་མོ་གཉིས་ཀ་ངེས་པར་དུ་མུ་མཐུད་ནས་སློབ་གྲྭར་སྐྱེལ་དགོས་པའི་རེ་བ་བཏོན། ད་ལྟར་བུ་མོ་གཉིས་ཀ་སློབ་ཆེན་ནས་མཐར་ཕྱིན་པར་མ་ཟད་ལས་ཞུགས་བྱས་ནས་ཟླ་ཕོགས་ལེན་བཞིན་ཡོད།

བསོད་ནམས་ཀྱིས་རགས་རྩིས་བྱས་པ་ལྟར་ན། ད་ལྟའི་བར་དུ་ཁོས་བསྡོམས་པས་ལུག་དྲུག་བརྒྱ་ལྔ་བཅུ་དང་ནོར་གནག་བདུན་ཅུ། རྟ་གསུམ། སྒོར་མོ་འབུམ་གཅིག་དང་ཁྲི་བདུན་ལྷག་བཅས་རོགས་སྐྱོར་དང་སྦྱིན་པར་བཏང་ཟིན། ཁོར2005ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2010ལོར་མཚོ་སྔོན་ཞིང་ཆེན་གྱིས“ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་མཚན་སྙན་གནང་ལ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས“ཡོམ་འགོག་རྒུད་སྐྱོབ་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་གནང་། 2011ལོར་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས“ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་གནང་། 2014ལོར“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ལེགས་མི་སྒེར”ལ་བདམས་པ་དང་། 2016ལོར་བསོད་ནམས་ཚང“སྐབས་དང་པོའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང”ལ་བདམས། 2018ལོར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས“རྒྱལ་ཡོངས་ཀྱི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་མིག་དཔེ”ལ་བདམས།

བསོད་ནམས་ཀྱིས་རང་གི་མི་ཚེ་སྦྱིན་པའི་ཆེད་དུ་ཕུལ་ཅིང་། ཕལ་པའི་མི་ཡིས་རླབས་ཆེན་གྱི་སྙིང་སྟོབས་ལག་ལེན་བྱས་པ་དང་། སྦྱིན་པ་ལ་འཇུག་པར་སྤྲོ་བའི་ཏང་ཡོན་རྒན་པ་ཞིག་གི་ངོ་མཚར་གཏམ་རྒྱུད་དེ་དག་ནི་གསེར་ལུང་རྩྭ་ཐང་མཛེས་པར་བྱེད་པའི་རིན་ཆེན་རྒྱན་ཆར་གྱུར་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།