ཏང་བཙུགས་ནས་ལོ་འཁོར100ལོན་པའི་སྐབས་འདིར། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་སོང་ནས་ས་གནས་དེ་གའི་ཏང་ཡོན་རྒན་པ་སྐོར་ཞིག་ལ་བཅར་འདྲི་བྱས། ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་གྱི་ལྷ་མོ་ཚེ་རིང་ནི་ད་ལོར་ལོ་ན་གྱ་བཞི་ཡིན་ཞིང་། ཏང་ནང་དུ་ཞུགས་ནས་ལོ་ངོ་རེ་གཉིས་འགོར་ཡོད་ལ། སྤྱི་ཚོགས་གསར་རྙིང་གཉིས་ཀྱི་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་བའི་རྒན་རབས་པ་ཞིག་ཡིན་པ་དང་། དེར་མ་ཟད་ཏང་དང་རྒྱལ་ཁབ་ལ་ལྷག་བསམ་ཟོལ་མེད་ཀྱི་བློ་དཀར་བའི་ཏང་ཡོན་རྒན་པ་ཞིག་ཀྱང་ཡིན། ཁོ་མོའི་བྲང་གར་བཏགས་ཡོད་པའི་མའོ་ཀྲུའུ་ཞིའི་དབུ་པར་དངུལ་བཟོས་མ་དང་། ཁོ་ཚང་གི་ཁྱིམ་དུ་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམས་ཀྱི་སྐུ་བརྙན་བཤམས་ཤིང་དེ་དག་ལ་མེ་ཏོག་གི་མཆོད་པ་ཕུལ་བཞིན་ཡོད་པ་དེ་དག་ལས་མོ་རང་ཏང་ལ་བློ་དཀར་བའི་སེམས་པ་དེ་ངང་གིས་རྟོགས་ཡོང་། ལྷ་མོ་ཚེ་རིང་གིས་མི་ལོ་དྲུག་ཅུ་ལྷག་གི་ཡར་སྔོན་གྱི་འཚོ་བར་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། ང་རང་ཆུང་དུས་སུ་ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་ཞན་པས་ངེད་མ་སྨད་གཉིས་བཀྲེས་ལྟོགས་ཀྱིས་མནར་ཏེ་མུ་གེས་འཆི་བའི་ཉེན་ཁར་ཐུག་མྱོང་ཞིང་། སྟབས་ལེགས་པ་ཞིག་ལ་ས་གནས་སུ་སླེབས་མ་ཐག་པའི་བཅིངས་འགྲོལ་དམག་གིས་ཁོ་མོ་གཉིས་ལ་ཟ་མ་བྱིན་པས་མུ་མཐུད་དུ་འཚོ་བ་རོལ་ཐུབ་པ་བྱུང་སོང་ཟེར། ཕྱིས་ཀྱི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ང་དགུ་ལོར། སྐབས་དེའི་ཧི་ནན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་སྐལ་བཟང་གིས་མཚམས་སྦྱོར་བྱས་པ་བརྒྱུད། མོ་རང་ཏང་ནང་དུ་ཞུགས་པ་དང་། དུས་དེ་ནས་བཟུང་། མོས་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཕྱོགས་གང་ཅིའི་ཐད་ནས་རང་ཉིད་ལ་རེ་བ་ནན་མོ་བཟུང་སྟེ་བྱ་བ་ཐམས་ཅད་འབད་པས་བསྒྲུབས་ཤིང་། མི་ལོ་ཉེར་བདུན་གྱི་རིང་ལ་སྔ་གཞུག་ཏུ་ཚན་མ་སྡེ་བ་དང་ཅུ་རིམ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་མྱོང་ཞིང་། དེའི་རིང་དུ་མོས་ས་གནས་མང་ཚོགས་ལ་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། རྩྭ་སར་ལྕགས་ར་བསྐོར་བ། ཨ་བྲ་བསད་དེ་རྩྭ་ས་སྲུང་སྐྱོབ་བྱེད་པ་ལ་སོགས་པའི་སྡེ་བའི་ནང་གི་ལས་ཀ་གང་ཅིའི་ཐད་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས། ཐེངས་ཤིག་ལ། རྩྭ་ཐང་དུ་ཨ་བྲ་གསོད་པའི་དུས་ཚིགས་ལ་སླེབས་པ་དང་། ལྷ་མོ་ཚེ་རིང་གིས་འབྲོག་པ་མང་ཚོགས་ཁྲིད་དེ་བྲག་དམར་ཡུལ་ཚོ་རུ་བྲ་དུག་ལེན་དུ་འགྲོ་སྐབས། བྲ་དུག་སྣོད་ལས་ཤོར་བའི་གཏམ་དེ་ཡུལ་ཚོའི་མཛོད་ཉར་ཁང་གི་དོ་དམ་པའི་ཁ་ནས་ཐོས་པ་དང་། དེས་མིའི་ལུས་ཕུང་ལ་ཤིན་ཏུ་གནོད་པས་ཚེ་སྲོག་ལའང་ཉེན་ཁ་ཆེ་ཞིང་། ཆེད་ལས་མི་སྣས་མ་གཏོགས་ཐག་གཅོད་བྱ་ཐབས་བྲལ་མོད། འོན་ཀྱང་། དུས་སྐབས་དེ་ནི་ཏག་ཏག་བྲ་དུག་འཇོག་པའི་དུས་ཚིགས་ལེགས་ཤོས་སུ་ཁེལ་ཡོད་པས། ལྷ་མོ་ཚེ་རིང་གིས་ཨ་བྲས་རྩྭ་ཐང་ལ་གནོད་པ་བཟོ་སྲིད་པ་དང་། དུས་ཚོད་ཀྱིས་མི་སུ་ལའང་སྒུག་མི་སྲིད་པས་ཅིས་ཀྱང་མྱུར་བ་མྱུར་དུ་བྲ་དུག་འཇོག་དགོས་བསམས། གལ་ཏེ་བྲ་དུག་དུས་ལྟར་མ་བཞག་ན་རྩྭ་ཐང་ལ་གནོད་པ་ཆེན་པོ་ཐེབས་ངེས་ཡིན། སྐབས་ཐོག་དེར། མོས་རང་ཉིད་ཏང་ནང་དུ་ཞུགས་དུས། “ང་རང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ཏེ། ཏང་གི་རྩ་འཛིན་སྲུང་འཛིན་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་ལག་བསྟར་དང་། ཏང་གི་ཆོད་ཡིག་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་བ་སྲུང་འཛིན། ཏང་ལ་བློ་དཀར་བ་དང་ཧུར་ཐག་གིས་བྱ་བ་བསྒྲུབ་པ་བཅས་བྱེད་རྒྱུ་ཡིན་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་མི་ཚེ་གང་པོར་འབད་བརྩོན་དང་། ནམ་ཡིན་ཡང་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་གྲབས་ཡོད་པ་དང་། ནམ་ཡང་ཏང་ལ་རྒྱབ་འགལ་མི་བྱེད”ཅེས་ལག་པ་ཡར་བཀྱགས་ནས་བཞག་པའི་དམ་བཅའ་བརྟན་པོ་དེ་ཡིད་ལ་དྲན་འོང་བས། མོའི་སེམས་སུ་གལ་ཏེ་དེ་རིང་ཁོ་མོའི་མིག་མདུན་དུ་ཡོད་པའི་མང་ཚོགས་སུ་ཞིག་ལ་བྲ་དུག་གི་གནོད་འཚེ་ཐེབས་ཚེ་མོ་རང་གི་ཐོག་མའི་དམ་བཅའ་དེ་བཞག་པས་ཅི་ལ་ཕན། མང་ཚོགས་ལ་འདི་དང་འདི་ལྟ་བུའི་སྲི་ཞུ་ཞིག་ཀྱང་བསྒྲུབ་མི་ནུས་ན་ཏང་ཡོན་ཞིག་གི་མིག་དཔེ་ཇི་ལྟར་སྟོན་བསམས་ནས། “ཚང་མ་རྗེས་སུ་སྣུར་དང་། བྲ་དུག་ལ་ཐད་ཀར་རེག་ན་མིའི་ལུས་པོར་གནོད་པ་ཆེན་པོ་ཡོད་པས་ཚང་མས་རེག་མི་ཆོག ང་སྔོན་ལ་མཛོད་ཁང་དུ་འགྲོ། ང་རང་ཏང་ཡོན་ཞིག་ཡིན་པའི་ཆ་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་མིག་དཔེ་སྟོན་རྒྱུ་ནི་ངའི་འོས་འགན་ཡིན། གལ་ཏེ་དེ་རིང་ངའི་ཚེ་སྲོག་ལ་བར་ཆད་འདྲ་བྱུང་ཚེ། ཡུལ་མི་སྤུན་ཟླ་ཚོས་ངའི་ཨ་མ་དྲིན་མོ་ཆེ་ལགས་ལ་གཉོར་སྐྱོང་རེ་བྱེད་རོགས་ཞུ”ཞེས་བཤད་རྗེས་ལྷ་མོ་ཚེ་རིང་ཐད་ཀར་མཛོད་ཁང་གི་ཕྱོགས་སུ་སོང་ནས་བྲ་དུག་སྐྱེལ་བ་དང་། བྲ་དུག་ཁུག་མ་གསུམ་པ་དེ་སྐྱེལ་དུས་མོ་རང་བྲ་དུག་གི་ཁ་དུག་གིས་བརྒྱལ་ནས་ཐང་དུ་འགྱེལ་སོང་། སྟབས་ལེགས་པ་ཞིག་ལ་ས་གནས་ཀྱི་སྨན་པས་དུས་ལྟར་མྱུར་སྐྱོབ་བྱ་ཐུབ་སོང་བས་རེ་ཞིག་མོ་ཚེ་སྲོག་གི་ཉེན་ཁ་ལས་ཐར་མོད། འོན་ཀྱང་། དུས་དེ་ནས་བཟུང་ལྷ་མོ་ཚེ་རིང་ལ་བྲ་དུག་གི་དུག་ཁ་ཕོག་པའི་དབང་གིས་རྒྱུན་པར་ནད་རིགས་ཤིག་འཕར་རྒྱུ་ཡོད་པར་གྱུར། ལྷ་མོ་ཚེ་རིང་གིས་ཀྱང་འཇིག་རྟེན་མཐུན་འཇུག་གི་འགྲོ་ལུགས་ལྟར་བཟའ་སྒྲིག་བྱས་མྱོང་མོད། འོན་ཀྱང་མོ་རང་རྒྱུན་པར་ཕྱི་སྡེ་བའི་ལས་ཀར་གཞོལ་ནས་ནང་བཟའ་ཚང་ལ་འགྲོགས་འདྲིས་ཀྱི་དུས་ཤིན་ཏུ་ཉུང་བ་དང་ཁྱོ་གས་མོའི་ལས་ཀར་རྒྱབ་སྐྱོར་དེ་འདྲ་མི་བྱེད་པ། ལྷག་པར་དུ་ཐེངས་ཤིག་ལ་ལེ་བདའི་ཚུལ་གྱིས་གོང་རིམ་གྱིས་མོ་ལ་གནང་བའི་བྱ་དགའ་སྐོར་ཞིག་མེར་བསྲེགས་པས། མོར་མཚོན་ན་དེ་ལས་རིན་ཐང་ལྡན་པ་ཞིག་མེད་པས་ཐད་ཀར་བཟའ་འཐོར་བྱས་ནས་བློ་གཅིག་སེམས་གཅིག་གིས་ཏང་གི་ལས་དོན་ལ་བྲེལ་བ་རེད། 1986ལོ་སྟེ། ལྷ་མོ་ཚེ་རིང་གིས་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་ལོ་ངོ་ཉེར་བདུན་འགོར་བའི་ལོ་དེར། མོའི་ཨ་མ་ནད་པ་ཞིག་ཡིན་པའི་ཁར་གློ་བུར་ནད་ཇེ་སྡུག་ཏུ་གྱུར་ཏེ་རང་གིས་རང་ལ་བདག་བྱེད་མི་ཐུབ་པའི་གནས་སུ་ལྷུང་བས། ལྷ་མོ་ཚེ་རིང་གིས་བྱ་བ་བསྐྱུར་ནས་ཨ་མར་བདག་སྐྱོང་མི་བྱེད་ག་མེད་བྱུང་། མོས་རྒྱུན་པར“ང་ལ་ཨ་མ་གཉིས་ཡོད་དེ། གཅིག་ནི་ང་ལ་འཇིག་རྟེན་མི་ལུས་གནང་མཁན་གྱི་སྲོག་གི་སྐྱེད་ཡུམ་དང་། ཅིག་ཤོས་ནི་མི་ཚེར་དོན་སྙིང་སྩོལ་མཁན་གྱི་ཀྲུང་གོ་གུང་ཁྲན་ཏང་ཡིན། ང་རང་ཧྲུའུ་ཅིའི་ལས་གནས་ལས་བུད་ཀྱང་། ཏང་ཡོན་ཞིག་ཡིན་པའི་ཐོབ་ཐང་དེ་ལ་ནམ་ཡང་འགྱུར་བ་མེད”ཅེས་བཤད། ལྷ་མོ་ཚེ་རིང་གིས་དུས་ནམ་ཡིན་ཡང་ཏང་ནང་ལ་ཞུགས་སྐབས་བཞག་པའི་དམ་བཅའ་དེ་ཡིད་ལ་བརྟན་པོར་བཅངས་ནས། ས་གནས་མང་ཚོགས་ལ་རང་གི་ནུས་ཚོད་ཀྱིས་ཞབས་འདེགས་གང་ལེགས་ཞུས་པས། ཐེངས་གང་མང་ལ་ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱིས་གཟེངས་རྟགས་རབ་དང་རིམ་པ་གནང་མྱོང་ཞིང་། ཏང་ཡོན་རྣལ་མ་ལྷ་མོ་ཚེ་རིང་གི་སྙན་པའི་གྲགས་པ་ཧི་ནན་རྩྭ་ཐང་ཡོངས་སུ་ཁྱབ་པར་གྱུར། ད་ལྟ། ཀྲུང་གུང་ཧི་ནན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ལྷ་མོ་ཚེ་རིང་ཚང་ཧི་ནན་རྫོང་ཏང་གཤིས་སློབ་གསོ་ཡུལ་དངོས་སློབ་ཁྲིད་བྱེད་གནས་སུ་གཏན་འཁེལ་བྱས་ཏེ། སྔ་རྗེས་སུ་ཏང་ཡོན་གང་མང་དེར་བསྡུས་ནས་ཏང་གཤིས་སློབ་གསོ་སློབ་སྦྱོང་བྱས་དང་བྱེད་བཞིན་འདུག ཏང་བཙུགས་ནས་ལོ་འཁོར100ལོན་པའི་སྐལ་བཟང་གི་དུས་འདིར། ད་བར་དུ་ཏང་གི་རྗེས་འབྲངས་ཤིང་བློ་ཁ་ཏང་ལ་ཕྱོགས་པའི་ཏང་ཡོན་རྣལ་མ་ལྷ་མོ་ཚེ་རིང་གིས“ངས་སྙིང་ཁོང་རུས་པའི་གཏིང་ནས། ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་བཞིན་འདུག་ཟེར།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།