རང་གི་ལས་གནས་སྟེང་རྐང་བཙུགས་ཏེ། རོང་འབྲོག་ཁུལ་གྱི་བརྟན་འཇགས་ལ་སྐུལ་འདེད་བཏང་།
2021.07.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

---ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡི་བློ་མཐུན་ཡུལ་ལྷ་ཚེ་རིང་གི་སྔོན་ཐོན་བྱས་རྗེས་བཀོད་པ།

བྱ་བའི་ལས་རྐང་ནས་དཀའ་བའི་རྔུལ་ཆུ་བཏོན་ཏེ།

རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་སྲུང་།

ཡུལ་ལྷ་ཚེ་རིང་། ཕོ། བོད་རིགས། གུང་ཁྲན་ཏང་མི། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡི་རིམ་པ་གསུམ་པའི་བརྟག་དཔྱད་པ་ཡིན་པ་དང་། ཆིག་སྟོང་དགུ་བརྒྱ་གྱ་བཞི་ལོར་ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ལ་རྒྱུགས་འཕྲོད་ནས་བྱ་བར་ཞུགས་པ་ཡིན་ལ། 1985ལོ་ནས1989ལོའི་བར་མགོ་མང་ཡུལ་ཚོའི་ཁྲིམས་འཛིན་ལག་རོགས་པའི་འགན་འཁུར་ཞིང་། 1989ལོ་ནས2000ལོའི་བར་ཐང་རྒན་ཡུལ་ཚོའི་ཁྲིམས་འཛིན་ལས་རོགས་པ་དང་སའོ་ཀྲང་གི་འགན་ཁུར། བྱ་བར་ཞུགས་པ་ནས་བཟུང་ད་ལྟའི་བར་ཁྲིམས་འཛིན་གྱི་ལས་རྐང་འདི་ནས་ལོ་ངོ་སོ་བརྒྱད་འགོར་ཡོད།  བྱ་བའི་ཐད་དུ་དཀའ་ཁག་ཅི་འདྲ་ཆེ་བ་དང་། འཚོ་བའི་ཕྱོགས་ནས་བར་ཆད་ཇི་ལྟར་མང་ཡང་། ཁོང་གིས་སྔར་བཞིན་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་སྒྲུབ་པ་ཞིག་གི་ལས་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། བློ་སེམས་རྩེ་གཅིག་གིས་དམངས་ཀྱི་འགལ་བ་སེལ་ཞིང་སྤྱི་ཚོགས་ཀྱི་རྩོད་རྙོག་འདུམ་འགྲིག་བྱས་པ་སྟེ། མི་དམངས་འདུམ་སྒྲིག་གི་རྩ་འཛུགས་འཛུགས་སྐྲུན་དང་། དམངས་ཁྲོད་ཀྱི་འགལ་བ་སེལ་བའི་བྱ་བ་ལེགས་པོར་སྒྲུབ་ཆེད་སེམས་ཤུགས་དང་ནུས་ཤུགས་གང་མང་ཕུལ།

ཁྱིམ་ཚང་སྟོང་གི་གྱོད་འདུམ་ན། མི་དམངས་ཁྲི་ཕྲག་སེམས་ཁ་དྲོ་ཞེས་པ་དང་། ཕུ་ཏིང་འཛིན་སྒོམ་ན་ཆོས་ཡིན། བར་དམག་འཁྲུག་བཅད་ན་ཆོས་ཡིན། མཐར་གྱོད་སྣ་བསྡུམ་ཡང་ཆོས་ཡིན་ཞེས་པའི་ལྷག་བསམ་གཙང་མ་ཞིག་ཁྱེར་ནས། གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་པ་ཞིག་གི་བསམ་བློའི་གོ་རྟོགས་དང་སྤྱོད་པའི་མཛེས་པ་ལེགས་པར་མཚོན་ཞིང་། ཁོང་གིས་ལང་ཚོ་དང་རྔུལ་ཆུ་བསྲེས་ནས། གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་པ་ཞིག་གི་ལས་རིགས་ལ་དགའ་བའི་དད་འདུན་དང་གཞན་ཕན་བྱང་སེམས་ཀྱི་སྤྱོད་པ་མཚོན་པའི་ལྡེབས་རིས་རེ་རེ་མངོན་པར་བྲིས་ཡོད།  ཁོ་རང་སྤྱི་ལོ་ཉིས་སྟོང་ལོའི་ཟླ་བཅུ་གཅིག་པར་བྱ་བའི་དགོས་དབང་གིས་རྫོང་ཁྲིམས་འཛིན་ཅུའུ་ལ་ལས་གནས་སྤར་ཏེ་རྫོང་ཡོངས་ཀྱི་མི་དམངས་འདུམ་སྒྲིག་རྩ་འཛུགས་ཀྱི་སྒྲིག་གཞི་འཛུགས་པ་དང་བྱ་བར་མཛུབ་སྟོན་བྱེད་པའི་ལས་འགན་ཁུར། ཁོང་གིས་ནམ་ཡང་ཁྲིམས་འཛིན་སྲིད་འཛིན་བྱ་བ་ལ་དགའ་ཞེན་བྱེད་ཅིང་། ལས་རིགས་ཀྱི་ཤེས་བྱ་སྣ་ཚོགས་ལ་བྱང་ཆུབ་པར་སྦྱང་བ་བྱས་ནས། བྱ་བ་ཅི་ལ་ཡང་འགན་ཁུར་ཞིང་སེམས་གནད་ལ་ཕབ་ནས་འཇུག་པ་ཡིན། ཁོང་གི་ལས་བཀུར་གྱི་སྙིང་སྟོབས་དང་བྱ་བར་སེམས་ཀྱིས་འཇུག་པའི་བྱེད་ཕྱོགས་ཀྱིས་རྫོང་ཡོངས་ཀྱི་འདུམ་སྒྲིག་རྩ་འཛུགས་འཛུགས་སྒྲུབ་དང་འགལ་རྩོད་འདུམ་སྒྲིག་གི་བྱ་བ་ལ་ཤི་འཐམ་རོ་འཐམ་བྱས་ཏེ། ཐུན་ཏེ་རྫོང་གི་སྤྱི་ཚོགས་འཆམ་མཐུན་བསྲུང་བར་བྱས་རྗེས་ཆེན་པོ་བཞག་ཡོད།

ཁྲིམས་འཛིན་སྲིད་འཛིན་གྱི་བྱ་བ་ནི་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བ་ཞིག་ཡིན། བློ་མཐུན་ཡུལ་ལྷ་ཚེ་རིང་གིས་གཞི་རིམ་ནས་ཁྲིམས་འཛིན་སྲིད་འཛིན་གྱི་བྱ་བ་ལོ་མང་པོར་གཉེར་བས་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་ལ། ལྷག་པར་ཏུ་འགལ་བ་སྣ་ཚོགས་འདུམ་པའི་གོ་རིམ་ཁྲོད་ལག་ལེན་ལས་བྱུང་བའི་ཉམས་མྱོང་རྩ་ཆེན་མང་དུ་བསགས་ཡོད་ཀྱང་། དེ་ཙམ་གྱིས་ཁོང་གི་ཡིད་ག་ལ་ཚིམས་སྟེ། དུས་ཀྱི་འགྱུར་བ་དང་བསྟུན་ནས་བྱ་བའི་ལས་གཞི་ལ་འགྱུར་ལྡོག་འབྱུང་བཞིན་པའི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་དངོས་ཡོད་ལ་གདོང་གཏོད་སྐབས། ཁོང་གིས་ནམ་རྒྱུན་སློབ་སྦྱོང་མ་བྱས་ན་རྣམ་པ་གསར་བའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ཐུབ་པར་དུས་རབས་ཀྱི་གད་སྙིགས་སུ་འགྱུར་འགྲོ་བ་རེད། ལྷག་པར་ཏུ་རང་རྒྱལ་གྱིས་ཁྲིམས་སྐྱོང་རྒྱལ་ཁབ་ལག་བསྟར་བྱེད་པའི་སྒང་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་བཞིན་པའི་སྐབས་འདིར། ཁྲིམས་ཀྱི་ཤེས་བྱ་གསར་བ་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་དགོས་ཞེས་བཤད།

ལས་རིགས་ལ་ཞུགས་པའི་ཤེས་བྱའི་ལྡེ་མིག་བཙལ་ཏེ། ལས་རིགས་གསར་བའི་སྒོ་མོ་ཁད་ཀྱིས་ཕྱེ་ཆེད། ཁོང་གིས་ཁྲིམས་ཀྱི་དཔེ་ཆ་མང་པོ་ཉོས་ཏེ་བྱ་བའི་ཞོར་ནས་སློབ་སྦྱོང་བྱེད་ཅིང་། དཀའ་ཁག་ལ་འཕྲད་སྐབས་ཁེངས་སྐྱུང་གིས་བློ་མཐུན་གཞན་ལ་བློ་འདྲི་གྲོས་བསྡུར་བྱས་ནས། ལག་ལེན་དང་དཀའ་ཁག་གི་ཁྲོད་དུ་རང་ཉིད་ཀྱི་ནུས་པ་ཇེ་མཐོར་གཏོང་བ་ཡིན། ཁོང་གིས་ནམ་རྒྱུན་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པར་ཤུགས་བསྣན་ནས། ལས་ཁུངས་ལ་གྲོན་དངུལ་ཤིན་ཏུ་དཀོན་པའི་སྐབས་སུ་ཡང་རང་བྲོ་ཁུག་མ་དང་རང་རྟ་སྒ་མ་བྱས་ཏེ། དཀའ་བ་ཡོད་ཚད་ཁྱད་དུ་བསད་ནས་གཞི་རིམ་བཅའ་ཁྲིམས་ཞབས་ཞུ་དང་མི་དམངས་འདུམ་སྒྲིག་སྐོར་གྱི་ཤེས་བྱའི་སློབ་སྦྱོང་འཛིན་གྲྭ་གང་མང་ལ་ཞུགས་ཤིང་རང་ཉིད་ཀྱི་ལས་སྒོའི་ཤེས་བྱའི་རྨང་གཞི་སྲ་བརྟན་ཏུ་བཏང་།

དངོས་ཡོད་ཀྱི་བྱ་བའི་ཁྲོད་ནས་ཁོང་གིས་ཁྲིམས་ལྟར་རྫོང་སྐྱོང་བའི་བྱ་བ་དང་ཁྲིམས་འཛིན་སྲིད་འཛིན་བྱ་བ་གཞི་གཅིག་ཏུ་སྦྲེལ་ནས། རང་སྟེང་གི་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་བསྣན་ཏེ། ལས་རོགས་དག་དང་མཉམ་དུ་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པའི་མི་དམངས་འདུམ་སྒྲིག་རྩ་འཛུགས་དང་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་མི་དམངས་འདུམ་སྒྲིག་གི་བྱ་བ་ཚད་ལྡན་ཅན་དུ་བཏང་། ཁོང་གིས་མི་དམངས་འདུམ་སྒྲིག་བྱ་བའི་གལ་ཆེན་རང་བཞིན་རྟོགས་ལ། མི་དམངས་འདུམ་སྒྲིག་གི་རྩ་འཛུགས་འཛུགས་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་ཤེས་ཡོད། ཉིས་སྟོང་ལོའི་ཡར་སྔོན་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྫོང་ཡོངས་ཀྱི་མི་དམངས་འདུམ་སྒྲིག་རྩ་འཛུགས་དག་མིང་སྟོང་ཙམ་དུ་ལྷག་ཡོད་ལ། འགལ་བ་མང་པོ་ཞིག་འདུམ་འགྲིག་བྱེད་མ་ཐུབ་པར་ལུས་ཡོད་པས་རྫོང་ཡོངས་ཀྱི་སྤྱི་ཚོགས་གཏན་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད།

མི་དམངས་འདུམ་སྒྲིག་གི་བྱ་བ་སྒྲུབ་སྐབས་འདུམ་འགོག་ཟུང་འབྲེལ་དང་། འགོག་པ་གཙོ་བོ་བྱས་ནས་དམངས་ཁྲོད་ཀྱི་འགལ་བ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པའི་འཐབ་ཇུས་ལྟར་ཏུ། དོ་དམ་སྒྲིག་གཞི་བརྟན་པོ་བཙུགས་ཏེ། གཞི་རིམ་གྱི་བྱ་བར་ནན་གྱིས་ཞུགས་ནས། ཐུན་ཏེ་རྫོང་གི་རོང་འབྲོག་ཁུལ་གྱི་རི་ཆུ་སྟོང་ཕྲག་རྡོག་པས་མནན་ནས། བརྟག་དཔྱད་དང་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ། རྫོང་ཡོངས་སུ་སྡེ་བ་དང་ཡུལ་ཚོ། རྫོང་། དགོན་སྡེ་བཅས་ཀྱི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་བརྒྱ་དང་བཅུ་གཅིག་ལྷག་བཙུགས་པ་དང་། མི་དམངས་འདུམ་སྒྲིག་པ་དྲུག་བརྒྱ་དང་དོན་ལྔ་ལྷག་གསོ་སྐྱོང་བྱས།  མི་དམངས་འདུམ་སྒྲིག་གི་འབྲེལ་ཡོད་ཁྲིམས་སྲོལ་ལྟར་ཏུ་འདུམ་སྒྲིག་གི་གོ་རིམ་དང་། བྱ་བའི་བྱེད་ཕྱོགས།  སྒྲིག་གཞིའི་རིམ་པ་སོགས་ཚད་ལྡན་ཅན་དུ་བཏང་ནས། གོང་འོག་མཉམ་སྒྲུབ་དང་ཕན་ཚུན་གཞོགས་འདེགས་བྱེད་པའི་མི་དམངས་འདུམ་སྒྲིག་གི་དྲ་རྒྱ་ཆེན་པོ་ཞིག་བཙུགས་ནས། རྫོང་ཡོངས་ཀྱི་མི་དམངས་འདུམ་སྒྲིག་བྱ་བའི་རྩ་འཛུགས་གོ་རིམ་ཅན་ཏུ་བཏང་།

དུས་རབས་གསར་བའི་ནང་དུ་རོང་འབྲོག་ས་ཁུལ་གྱི་མི་དམངས་ནང་ཁུལ་གྱི་འགལ་བ་ཡང་སྣ་མང་རྙོག་འཛིང་ཅན་ཏུ་འགྱུར་བཞིན་ཡོད་ལ། ཁོང་གིས་གནད་དོན་དེར་ཁ་གཏད་ནས་རོང་འབྲོག་མང་ཚོགས་ཀྱི་ཉེར་མཁོའི་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། འགལ་བ་མང་ཆེ་བ་ཆུང་བའི་དུས་ནས་འདུམ་པ་དང་མགོ་འབུས་པའི་དུས་ནས་མེད་པར་གཏོང་བཞིན་ཡོད། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡི་བཀོད་སྒྲིག་ལྟར་ཏུ། ཁོང་གིས་རྫོང་ཡོངས་ཀྱི་མི་སྣ་གཙོ་བོ་དང་། འགལ་བ་གཙོ་བ། དོན་དག་གཙོ་བོ་སོགས་ལ་དུས་ཐོག་ཏུ་ཞིབ་བཤེར་བྱས་ནས། ལོ་ངོ་སོ་བརྒྱད་ཀྱི་རིང་ལ་འགལ་བ་སྣ་ཚོགས་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་འདུམ་འགྲིག་བྱས་ཏེ་གཞི་རིམ་གྱི་འཐབ་ར་དང་པོའི་ནུས་པ་བླ་ལྷག་ཏུ་བཏོན།

ཁོང་གིས་མི་དམངས་འདུམ་འགྲིག་བྱ་བའི་ཚད་ལྡན་རང་བཞིན་ལ་སྐུལ་འདེད་བྱས་པར་མ་ཟད། གཞི་རིམ་དུ་སོང་ནས་མི་དམངས་འདུམ་འགྲིག་པར་བྱ་བའི་ཐད་ཀྱི་མཛུབ་སྟོན་གང་མང་བྱས་ཤིང་། ཞིབ་ཆ་དོད་ཀྱང་འགན་འཁྲི་འཁུར་བའི་རྣམ་འགྱུར་གྱིས་སྣེ་འཛིང་གི་རྙོག་དྲ་རབས་དང་རིམ་པར་གཅིག་སྡུད་ཀྱིས་འདུམ་འགྲིག་བྱས་པ་དང་། འདུམ་འགྲིག་བྱུང་ཚད98.8%ལ་སླེབས།

མི་དམངས་འདུམ་འགྲིག་པ་ཞིག་དང་གཞི་རིམ་ཁྲིམས་ལུགས་ལས་གཉེར་བ་ཞིག་ཡིན་པའི་ཆ་ནས། ཁོང་གིས་རང་གི་ཕྲག་སྟེང་གི་འགན་འཁྲི་གསལ་བོར་ཤེས་ཡོད་ལ། གུང་ཁྲན་ཏང་མི་ཞིག་གི་ཚད་གཞི་ནས་རང་ཉིད་ལ་རེ་བ་ནན་མོ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། མི་དམངས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་དང་གཞི་རིམ་དང་། མང་ཚོགས་ལ་ཉེ་བར་བཅར་ནས་དམངས་ཀྱི་དཀའ་ངལ་སེལ་ཏེ། དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་འཆམ་མཐུན་གྱི་ཁོར་ཡུག་བསྐྲུན་པར་མཛད་རྗེས་མི་དམན་པ་བཞག་ཡོད། ད་ལོ་གཅིག་པུར་མཚོན་ན་ཡང་ཁོང་གིས་ལས་ཁུངས་བཅུ་གཉིས་ལ་བཅའ་ཁྲིམས་བློ་སྟོན་པའི་ཞབས་ཞུ་བྱས་པ་དང་། གཏུག་བཤེར་སོ་གཉིས་ལྷག་གི་ཁྲིམས་རྩོད་པ་བྱས་ལ། མི་སུམ་བརྒྱ་ལྷག་གི་ཁྲིམས་ཀྱི་དོགས་གཞི་སེལ་ཞིང་། རྫོང་ཡོངས་སུ་ཁྲིམས་ལུགས་འཆད་ཁྲིད་ཆེན་མོ་བཅུ་གཉིས་ལྷག་སྤེལ་ནས་གཞི་རིམ་བཅའ་ཁྲིམས་ལས་གཉེར་བའི་དམངས་དོན་འགན་སྒྲུབ་ཀྱི་སྣང་བརྙན་བཟང་བོ་བསྐྲུན་ཡོད། ཁོང་གིས་དགོན་པ་སྐོར་ཞིག་གི་ཁྲིམས་ལུགས་བློ་སྟོན་པའི་འགན་ཁུར་ནས། དགོན་སྡེ་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འགལ་བ་སྣ་ཚོགས་སེལ་རོགས་བྱས་པ་དང་། ལོ་གཅིག་གི་རིང་རྫོང་ཡོངས་ཀྱི་དགོན་པ་བཅུ་དགུ་རུ་འཆད་ཁྲིད་སྣ་ཚོགས་ཐེངས་ལྔ་བཅུ་ལྷག་བྱས་ལ། སློབ་ཁྲིད་ལ་ཞུགས་པའི་གྲྭ་བཙུན་སྟོང་བཞི་དང་སུམ་བརྒྱ་ལྷག་ལ་སླེབས། དེ་བས་དགོན་སྡེ་དང་གཞི་རིམ་དུ་རྒྱ་ཆེའི་མང་ཚོགས་ཀྱིས་ཁོང་ལ་ཁྲིམས་ལུགས་མཁན་པོ་ཞེས་འབོད་བཞིན་ཡོད།

ཉིས་སྟོང་བཅུ་ལོ་ནས་བཟུང་། བློ་མཐུན་ཡུལ་ལྷ་ཚེ་རིང་ལགས་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་དང་། མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གཉིས་ཀྱིས་ཁྲིམས་ཀྱི་དགེ་རྒན་ལ་གདན་དྲངས་ཤིང་། སྔ་རྗེས་སུ་བོད་ཁུལ་ཡོངས་ཀྱི་མཁན་པོ་དང་བླ་མ། དགེ་བཤེས་སོགས་ལ་ཁྲིམས་ལུགས་ཀྱི་འཆད་ཁྲིད་ཐེངས་བཅུ་བདུན་ཙམ་བྱས་ཤིང་། བོད་ཁམས་ཡོངས་ཀྱི་བླ་གྲྭ་སྟོང་སྟོང་གཉིས་དང་བརྒྱ་ཙམ་ལ་སློབ་ཁྲིད་བྱས་ནས་བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཐད་བླ་ན་མེད་པའི་བྱས་རྗེས་བཞག་ཡོད།

བློ་མཐུན་ཡུལ་ལྷ་ཚེ་རིང་ལགས་ནི་བྱ་བར་དགའ་ཞིང་། ལས་གནས་ཀྱི་འགན་འཁྲི་ཐེག་མཁན་ཞིག་ཡིན། ཁོང་གིས་བྱ་བར་འགན་འཁུར་བའི་རྣམ་འགྱུར་དང་བྱ་བ་ལས་པའི་སྤོབས་སེམས་ནི་མི་ཕལ་བས་འགྲན་མི་ནུས་པ་ཞིག་ཡིན། མཐོ་སྒང་དུ་ནམ་ཟླ་གདུག་རྩུབ་ཆེ་ཞིང་། འགྲིམ་འགྲུལ་སྟབས་མི་བདེ་ལ། ཆ་འཕྲིན་ཡང་ཕན་ཚུན་འཕྲོད་དཀའ་བར་མ་ཟད། འབྲོག་པ་རྣམས་ཁ་འཐོར་ཏུ་གནས་ཤིང་། ཁྱིམ་མཚེས་དག་ཀྱང་ཁ་ཐག་ཤིན་ཏུ་རིང་བས་འགལ་བ་བྱུང་མ་ཐག་འདུམ་འགྲིག་མ་བྱས་ན། འགལ་བ་ཛ་དྲག་ཏུ་འགྱུར་ཉེན་ཆེ། ཁོང་གིས་རྒྱུན་པར་དཀའ་ཁག་ལ་མི་འཛེམ་པར་གཞི་རིམ་གྱི་རི་ལུང་ཐང་གསུམ་དུ་སོང་ནས་ཁྲིམས་ལུགས་དྲིལ་སྒྲོག་བྱེད་པ་དང་། སྡེ་བའི་འདུམ་འགྲིག་པ་དང་མཉམ་དུ་འགལ་བ་སྣ་ཚོགས་ལ་དུས་ཐོག་ཏུ་འདུམ་འགྲིག་བྱེད་པ་ཡིན།

ལོ་འདི་དག་གི་རིང་ལ་ཁོང་གིས་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག  ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་ནས་ལས་འཛིན་ཀྲུའུ་རིན་གྱི་འགན་ཁུར་ཏེ་ལོ་རྒྱུས་རྒྱུན་རིང་ཞིང་། རྙོག་དྲ་ཆེ་ལ་ས་ཁོངས་ལས་བརྒལ་བའི་འགལ་བ་སྣ་ཚོགས་སྟེ། དཔེར་ན་ལོ་བཅུ་གཉིས་འགོར་བའི་རྡེའུ་དཀར་སྡེ་བའི་རྩོད་གཞི་ཆེན་པོ་བརྒྱད་ལྟ་བུ། ས་ཁོངས་བརྒལ་ཞིང་སྒོར་མོ་ས་ཡ་གསུམ་ཙམ་ལ་འབྲེལ་བ་ཡོད་པའི་བཟོ་སྐྲུན་གན་རྒྱའི་རྩོད་གཞི་ལྟ་བུ། འགྲིམ་འགྲུལ་གྱོད་དོན་ལས་དམངས་དོན་སྐྱིན་ཚབ་ཀྱི་རྩོད་གཞི་སོགས་མང་པོ་ཞིག་འདུམ་སྒྲིག་བྱས་ཤིང་། ལག་བསྟར་བྱེད་ཚད་ཡང་བརྒྱ་ཆའི་བརྒྱ་ལ་སླེབས།  འདི་ལྟར་ཁོང་ནི་བྱ་བ་གང་ལ་ཡང་ནན་གྱིས་འཇུག་ཀྱང་སེམས་ཀྱིས་སྒྲུབ་མཁན་ཞིག་ཡིན།

ཁོང་གིས་དེ་ལྟར་ལས་གནས་བརྟན་སྲུང་བྱས་ནས་འབད་པ་བྱས་པས། ཏང་དང་རྒྱལ་ཁབ་ཀྱིས་ཀྱང་དེ་ལ་དེ་མཚུངས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་གནང་ཡོད་པ་སྟེ། 1986ལོར་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིན་གྱིས་ཞིང་ཆེན་རིམ་པའི་རྩྭ་ཐང་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྣར་བདམས། 2005ལོ་ནས2006ལོའི་བར་མཚོ་སྔོན་ཁྲིམས་ལུགས་ཚགས་པར་གྱིས་དཔེ་བཟང་མཛད་རྗེས་ཐེངས་གསུམ་ལ་ཚགས་པར་དུ་བཀོད། 2010ལོར་ཞིང་ཆེན་རིམ་པའི2005ནས2009བར་གྱི་བདེ་འཇགས་འཛུགས་སྐྲུན་སྔོན་ཐོན་ལས་བྱེད་པའི་མཚན་སྙན་ཐོབ། 2012ལོར་ཞིང་ཆེན་ཡོངས་ཀྱི་མི་དམངས་འདུམ་འགྲིག་མཁས་ཅན་གྱི་མཚན་སྙན་གནང་། 2013ལོར་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ལས་རིགས་གྱི་དཔེ་བཟང་གི་མཚན་སྙན་གནང་། 2014ལོར་མཚོ་ལྷོ་ཁུལ་གྱིས་དྲུག་ལྔ་ཁྲིམས་ཁྱབ་ཀྱི་དཀྱིལ་རིམ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་། 2016ལོའི་ཟླ3པར་རྒྱལ་ཡོངས་སྲིད་ཁྲིམས་སྡེ་ཁག་གི་དཔེ་ལེགས་ཅན་གྱི་མི་སྣར་འོས་སྦྱོར་བྱས། 2018ལོར་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་མི་དམངས་འདུམ་འགྲིག་པའི་གཟི་བརྗིད་མཚན་སྙན་གནང་ཞིང་ལོ་དེར་མཐོ་སྒང་གི་གདོང་མཆོངས་པ་ཞེས་པའི་དགེ་རྒན་གྱི་འོས་མི་དང་ཁུ་ནུའི་རལ་གྲི་ཞེས་པའི་ཆེད་མཁས་པར་འོས་སྦྱོར་བྱས། ཉིས་སྟོང་བཅོ་བརྒྱད་ལོར་ད་དུང་རྒྱལ་ཁབ་རིམ་པའི་དཔེ་བཟང་མི་སྣར་ཡང་བདམས།   2019ལོར་ཞིང་ཆེན་རིམ་པའི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་ཐོབ། 2019ལོར་མཚོ་སྔོན་ཞིང་ཆེན་མི་དམངས་འདུམ་འགྲིག་མི་སྣའི་གསོ་སྦྱོང་དགེ་རྒན་གྱི་ཁོངས་སུ་བཞག  གཞན་རྫོང་རིམ་པའི་དཔེ་ལེགས་བྱ་དགའ་ཡང་གང་མང་ཐོབ་མྱོང་།

ཁྲིམས་འཛིན་སྲིད་འཛིན་བྱ་བའི་ལས་རྐང་དུ་བློ་མཐུན་ཡུལ་ལྷ་ཚེ་རིང་ལགས་ཀྱིས་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་གཉེར་བ་ཞིག་གི་རླབས་ཆེན་གྱི་ལས་འགན་དང་དུ་བླངས་ནས། རྒྱ་ཆེ་བའི་རོང་འབྲོག་དམངས་ཚོགས་ལ་ལོ་སོ་བརྒྱད་ལྷག་གི་རིང་ཁྲིམས་ལུགས་རོགས་སྐྱོར་གྱི་ཞབས་ཞུ་སྒྲུབ་ཅིང་། མི་དམངས་འདུམ་འགྲིག་པའི་ཕྱག་ལས་གནང་ནས་ཐུན་ཏེ་རྫོང་གི་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་ནུས་པ་བླ་ལྷག་འདོན་བཞིན་མཆིས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།