ང་ནི་གུང་ཁྲན་ཏང་ཡོན་ཡིན་པས་ངས་སྣེ་ཡག་པོ་ཁྲིད་དགོས།
2021.08.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཁེ་ལས་མང་པོ་མེད་པའི་ཁྲོད། ཁེ་ལས་ཞིག་གིས་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་དང་གྱོན་ཆས་ཐོན་སྐྱེད་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ཆེད་ལས་དང་ཞིབ་ཚགས། ཁྱད་ཆོས། དཔེ་གསར་བཅས་ཀྱི་ཐོན་རྫས་ལ་བརྟེན་ནས་ཁྲོམ་ར་ཆེན་པོ་ཞིག་གསར་དུ་བསྐྲུན།

2015ལོར། རིན་མཚོས་ཁྱིམ་གྱི་བསགས་དངུལ་སྒོར་སྟོང་ཕྲག་འགའ་འཁྱེར་ནས་འཚེམ་འཁོར་བཅུ་ལྷག་ཉོས་པ་དང་། དབུལ་ཕོངས་ཁྱིམ་ཚང་ཉེར་བཞིའི་སྣེ་ཁྲིད་ནས་ལས་སྐྲུན་གྱི་ལམ་དུ་ཞུགས་ལ། འབྲི་སྟོད་རྫོང་སྒ་སྐྱ་ལོ་དམངས་ཕན་གྱོན་ཆས་མ་རྐང་ཚད་ཡོད་ཀུང་སི་བཙུགས།

“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན། ངས་སྣེ་ཁྲིད་ཡག་པོ་བྱེད་དགོས་པའི་ཐོག་མའི་བསམ་འདུན་བཅངས་བས། ད་ལྟའི་སྒ་སྐྱ་ལོ་དམངས་ཕན་གྱོན་ཆས་མ་རྐང་ཚད་ཡོད་ཀུང་སི་ཡོད་པ་རེད།” རིན་མཚོས་བཤད་རྒྱུར། ཁེ་ལས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ཆ་ནས། ངས་དུས་ཚོད་ཀྱིས་ང་ལ་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་བཅངས་ནས། མཐོ་སྒང་གི་དམིགས་བསལ་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཟེར།

ཁེ་ལས་བཙུགས་མ་ཐག་པའི་སྐབས་སུ། ཁེ་ལས་ཡོངས་སུ་ལས་བཟོ་བ་ཉེར་བཞི་ལས་མེད་པ་དང་། སྐད་གྲགས་གང་ཡང་མེད་པའི་དབང་གིས་ཚང་མས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཐར་ཐོར་གྱི་ལས་ཀ་ཙམ་ལས་བཞིན་ཡོད་ལ། ཡོང་འབབ་ཀྱིས་ཀྱང་ཚང་མས་རྒྱུན་ལྡན་གྱི་འགྲོ་སོང་མ་གཏོགས་འདང་གིན་མེད།

2017ལོར། འབྲི་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། དབུལ་སྐྱོར་ཅུའུ་བཅས་ཀྱི་སྐུལ་ལྕག་དང་རྒྱབ་སྐྱོར། སྐུལ་འདེད་བཅས་ཀྱི་འོག ཀུང་སིས་སྒྲིག་ཆས་བརྒྱ་དང་གྱ་ལྔ་ཉོས་པ་དང་། ད་ལྟའི་བཟོ་ཁང་ཡོད་པས་ཀུང་སིའང་རིམ་བཞིན་རྒྱུན་ལྡན་གྱི་བགྲོད་ལམ་ཐོག་སྐྱོད་ཐུབ་པ་བྱུང་། ད་ལྟ། ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སོང་བ་ན། འཚེམ་འཁོར་ཚང་མ་གྲལ་འགྲིག་པོར་བཞག་ཡོད་ལ་བཟོ་པ་ཚོས་སྤྱིར་བཏང་གི་རས་རེ་རེ་བཞིན་སྤུས་ལེགས་ཀྱི་བཟོ་རྩལ་ཐོན་རྫས་སུ་གྱུར་དུ་བཅུག་ཡོད།

ཐོན་སྐྱེད་འཁོར་ཁང་གི་ཀྲུའུ་རིན་ཟླ་བ་ཚེ་རྡོ་ཡིས་བཤད་རྒྱུར། “ང་ཚོའི་ཁེ་ལས་ཀྱི་ད་ལྟའི་གྲུབ་འབྲས་འདི་ནི་སྤྱིའི་ལས་འཛིན་པ་རིན་མཚོ་ཡིས་དཀའ་སྤྱད་ལ་བརྟེན་ནས་ཐོབ་པ་རེད”ཟེར།

“ཁེ་ལས་འཕེལ་རྒྱས་ཡག་པོ་གཏོང་དགོས་ན་ངེས་པར་དུ་རང་ཉིད་ཀྱི་གནས་ཐིག་འཚོལ་དགོས་པ་དང་། ང་ཚོས་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ལས་དགོས”ཞེས་རིན་མཚོ་ཡིས་དེ་ལྟར་བཤད། རིན་མཚོའི་སྣེ་ཁྲིད་འོག ཀུང་སིའི་ལམ་བུ་ཇེ་བརྟན་དུ་གྱུར་བ་དང་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་སུ་སྐྱོད་བཞིན་མཆིས། 2018ལོར། ཀུང་སིའི་ཡོང་འབབ་སྣ་ཚོགས་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་ལ་སླེབས་ཡོད་པ་དང་། 2020ལོའི་ལོ་མཇུག་བར་སྤྱིའི་ཡོང་འབབ་སྒོར་ས་ཡ་གསུམ་དང་ཁྲི་ལྔ་ལ་སླེབས་ཡོད།

ཡོང་འབབ་མང་པོ་རག་པའི་རིན་མཚོས་རང་ཉིད་ཀྱི་དེ་སྔའི་ལས་སྐྲུན་གྱི་ཐོག་མའི་བསམ་འདུན་བརྗེད་མེད། 2017ལོ་ནས་བཟུང་། ཁེ་ལས་ཀྱིས“སྦྲང་ཆར་འཆར་གཞི”བརྒྱུད་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་གྱོན་ཆས་འཚེམ་བཟོའི་ལག་རྩལ་གྱི་འབྲེལ་ཡོད་གསོ་སྦྱོང་བྱས་ཏེ། ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་ལག་རྩལ་སྦྱང་དུ་བཅུག

རིན་མཚོས་བཤད་རྒྱུར། “ལོ་འགའི་རིང་ལ། ང་ཚོས་རིམ་རྩིས་བྱས་ན་སློབ་མ་ཉིས་བརྒྱ་ལྷག་ཙམ་གསོ་སྦྱོང་བྱས། གལ་ཏེ་ཁོ་ཚོ་ཁེ་ལས་སུ་འདུག་འདོད་ཚེ། ང་ཚོས་ཁོ་ཚོར་ལས་ཞུགས་ཀྱི་ལས་གནས་འདོན་སྤྲོད་བྱེད་སྲིད”ཟེར།

ཅང་མ་འགོར་བའི་སྔོན་ལ། ཀུང་སི་དེ་ཞིང་ཆེན་ཡོངས་ཀྱི“མཚོ་སྔོན་གྱི་གཙགས་དྲུབ”གསོ་སྦྱོང་ཁེ་ལས་སྐོར་དང་པོ་རུ་བདམས། དེ་དང་ཆབས་ཅིག རིན་མཚོས་ད་དུང་དམངས་གཉེར་སློབ་གྲྭའི་ལག་རྟགས་བླངས་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘མ་འོངས་པ་གཞོན་ནུར་དབང་བ་དང་། རེ་བ་གཞོན་ནུ་རྣམས་ལ་སྩོལ་དགོས’ཞེས་ནན་བཤད་གནང་ཡོད། ངས་འཇོན་ཐང་ཆེ་བ་དང་ངར་ཤུགས་ཆེ་བའི་ན་གཞོན་ཏང་ཡོན་ཁག་ཅིག་འཕེལ་རྒྱས་བཏང་ནས། ཁོ་ཚོར་ཁེ་ལས་ཀྱི་སྣེ་ཁྲིད་དུ་བཅུག་སྟེ་མུ་མཐུད་མདུན་སྐྱོད་བྱེད་དུ་འཇུག་རྩིས་ཡོད། ངས་བཟོ་ཁང་རྒྱ་ཇེ་ཆེར་གཏོང་བ་དང་གསོ་སྦྱོང་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། འབྲོག་པ་སྔར་ལས་མང་པོ་ཞིག་ལ་འདི་ནས་ལག་རྩལ་སྦྱོང་དུ་འཇུག་པ་ཡིན”ཞེས་ཀུང་སིའི་མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས་རིན་མཚོ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

ད་ལོ་ལོ་ཉེར་བདུན་ལ་སླེབས་པའི་བདེ་ཆེན་དཔལ་སྒྲོན་ནི་རིན་མཚོའི་མིག་ནང་གི་བདམས་ཐོན་མི་སྣ་རེད། 2020ལོར། བདེ་ཆེན་དཔལ་སྒྲོན་གྱིས་གསོ་སྦྱོང་བྱས་རྗེས་ཀུང་སིར་འདུག་རྒྱུ་ཐག་བཅད།

ན་གཞོན་བདེ་ཆེན་དཔལ་སྒྲོན་ནི་ཏང་ཡོན་མིན་མོད། འོན་ཀྱང་ཏང་ཡོན་གྱི་བྱ་འགུལ་གང་ཞིག་ཡིན་རུང་ཁོས་སྔུན་ལ་ལས་པ་དང་། ལས་ཀ་གང་ཞིག་ཡིན་རུང་ཁོས་ནམ་ཡང་ལེ་ལོ་མི་བྱེད། འཚེམ་བཟོའི་ཐད་བདེ་ཆེན་དཔལ་སྒྲོན་ལ་ལྷན་སྐྱེས་ཀྱི་ཤེས་རབ་ཆེན་པོ་ཡོད་ཅིང་། སྤྱིར་བཏང་གི་མི་ཞིག་ལོ་གསུམ་དང་ལྔའི་ནང་དགེ་རྒན་བྱེད་ཐུབ་མོད། འོན་ཀྱང་ཁོས་དུས་ཐུང་ལོ་གཅིག་གི་ནང་སྦྱོང་བརྡར་བྱས་པས་དགེ་རྒན་གྱི་ལག་རྩལ་དང་ཧ་ལམ་འདྲ་བར་གྱུར་ཡོད། དེར་མ་ཟད། བདེ་ཆེན་དཔལ་སྒྲོན་གྱིས་ད་དུང་རྒྱུན་དུ་དྲ་ཐོག་ནས་འཚེམ་བཟོའི་ལག་རྩལ་སྦྱངས་ཏེ་ཚང་མའི་སྣེ་ཁྲིད་དེ་རས་ཆ་གྲོན་ཆུང་དང་ལག་རྩལ་གསར་གཏོད་བྱས་ནས་ཁེ་ལས་ཀྱི་མ་རྩ་ཇེ་དམའ་དང་ཕན་འབྲས་ཆེ་རུ་གཏོང་བཞིན་ཡོད།

རིན་མཚོས་བཤད་རྒྱུར། “འདི་ལྟ་བུའི་ངར་ཤུགས་དང་བསམ་ཚུལ་ཡོད་པའི་ན་གཞོན་ནི་ང་ཚོས་འཕེལ་རྒྱས་གཏོང་དགོས་པའི་ཏང་ཡོན་རེད། ན་གཞོན་ཏང་ཡོན་གྱི་སྣེ་ཁྲིད་འོག་ཀུང་སིའི་འཕེལ་རྒྱས་སྔར་ལས་ཇེ་བཟང་ཇེ་ལེགས་སུ་འགྱུར་ཐུབ་ལ། ང་ཚོའི་ཁྱད་ལྡན་ཐོན་ལས་ཀྱང་སྔར་ལས་རྒྱང་རིང་གི་བགྲོད་ལམ་དུ་བསྐྱོད་ཐུབ་ངེས་རེད”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།