བཅོས་སྒྱུར་གྱི་གདོང་ལེན་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲུང་དམག་རྒྱས་བཟང་བསོད་ནམས་དར་རྒྱས།
2021.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཡུས་ཧྲུའུ་དཔལ་ཐང་རྩྭ་ཐང་དུ་འདི་ལྟ་བུའི་གཏམ་དཔེ་ཞིག་ཡོད་དེ། “མི་བཟང་གི་གཏམ་རྒྱུད་རྡོའི་སྟེང་དུ་བརྐོས་ཚེ། རླུང་གཡུག་ན་ཁུར་མི་ཐུབ་ལ་ཆར་བབས་ན་བསུབ་མི་ཐུབ”ཅེས་བཤད་སྲོལ་ཡོད།

རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་མིང་དེ་དཔལ་ཐང་རྩྭ་ཐང་གི་རྡོའི་སྟེང་ཟབ་མོར་བརྐོས་ཡོད།

རྒྱས་བཟང་བསོད་ནམས་དར་རྒྱས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོའི་མི་ཡིན་པ་དང་། དེ་སྔོན་འབྲི་སྟོད་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་ཟོ་སྐྱ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི། འབྲི་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འབྲི་སྟོད་རྫོང་ཨ་ཆེན་གངས་རྒྱབ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཀུང་སིའི་སྤྱིའི་ལས་འཛིན་པ་སོགས་ཀྱི་འགན་འཁུར་མྱོང་།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བློ་མཐུན་བརྒྱ་ལ་བཅོས་སྒྱུར་གདོང་ལེན་གྱི་མཚན་སྙན་གནང་རྒྱུ་དང་བཅོས་སྒྱུར་གདོང་ལེན་གཟེངས་རྟགས་སྟེར་རྒྱུ་གཏན་འབེབས་བྱས་ལ། རྒྱས་བཟང་བསོད་ནམས་དར་རྒྱས་ལ་བཅོས་སྒྱུར་གདོང་ལེན་པའི་མཚན་སྙན་ཐོབ།

1974ལོར། རྒྱས་བཟང་བསོད་ནམས་དར་རྒྱས་མཚོ་སྔོན་མི་རིགས་སློབ་གླིང་ནས་མཐར་ཕྱིན་པ་དང་། རང་ཉིད་འཚར་ལོངས་བྱུང་སའི་འབྲི་སྟོད་རྩྭ་ཐང་དུ་ལོག་ནས་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་བྱས། སྐབས་དེ་དུས་སློབ་གྲྭའི་དགེ་རྒན་མི་འདང་བས་ཁོང་གིས་དམའ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པའི་བོད་ཀྱི་སྐད་ཡིག་དང་། སློབ་གྲྭ་ཡོངས་ཀྱི་རྩལ་སྦྱང་སློབ་ཁྲིད། ལོ་རིམ་གཉིས་པའི་འཛིན་གྲྭའི་འཛིན་བདག་བཅས་ཀྱི་འགན་འཁུར་ནས། སློབ་ཁྲིད་ཀྱི་ལས་འགན་ལྕི་མོ་ལེགས་སྒྲུབ་བྱ་ཆེད། ཁོང་གིས་རྒྱུན་དུ་གློག་སྒྲོན་བཀར་ནས་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་སློབ་མའི་ལས་བྱར་བལྟ་བཞིན་ཡོད།

1987ལོར། རྩ་འཛུགས་ཀྱིས་རྒྱས་བཟང་བསོད་ནམས་དར་རྒྱས་ཟོ་སྐྱ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རུ་བདམས། “གལ་ཏེ་ཟོ་སྐྱ་འཛུགས་སྐྲུན་ཡག་པོ་མ་བྱས་པར། ཟོ་སྐྱའི་ཡུལ་མི་སྤུན་ཟླ་རྣམས་ལ་འཚོ་བ་ཡག་པོ་ཞིག་རོལ་དུ་མ་བཅུག་ན། ང་ནི་ཟོ་སྐྱའི་བུ་དང་གུང་ཁྲན་ཏང་ཡོན་ཞིག་ཡིན་པར་ངོ་གནོང་དགོས”ཞེས་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རང་ཉིད་ལ་དེ་ལྟར་དྲན་སྐུལ་གནང་བཞིན་ཡོད།

ལོ་དེའི་དགུན་ཁར། རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ཡུལ་ཚོའི་ལས་བྱེད་པ་འགའ་ཞིག་གི་སྣེ་ཁྲིད། དྲོད་ཚད་གོར་ཐིག་མན་གྱི་ཏུའུ་བཞི་བཅུ་ཡི་གྲང་ངར་ལ་མ་འཛེམས་པར་ཟོ་སྐྱ་ནས་ཐོ་ཐོ་གཙང་པོའི་བར་གྱི་དགུན་དུས་ཀྱི་སྐྱེལ་འདྲེན་ལམ་ཐིག་རྩད་ཞིབ་བྱས་པ་དང་། ཉིན་བདུན་གྱི་རིང་མ་གཉིད་པར་རྩད་ཞིབ་ཐིག་ལེན་བྱས་པ་བརྒྱུད། ཁོང་ཚོས་རྐང་ཐང་དུ་སྤྱི་ལེ་བརྒྱ་དང་བཞི་བཅུ་ལྷག་ཙམ་གྱི་ལམ་ཐག་འཇལ་བ་དང་ལམ་ཐིག་གི་མཚོན་རྟགས་བཀོད་ནས། ཟོ་སྐྱ་ཡུལ་ཚོའི་ཐོན་སྐྱེད་དང་འཚོ་བའི་ཚེ་སྲོག་གི་བཞུད་ལམ་བཏོད་དེ། ཟོ་སྐྱའི་ཐོན་སྐྱེད་རང་སྐྱོབ་དང་དངོས་ཟོག་དབོར་འདྲེན་ལ་ལམ་བུ་བཏོད། དུས་དེ་ནས་བཟུང་ཟོ་སྐྱ་ལ་དགུན་སྒྲོལ་གྱི་འབྲུ་རིགས་གཏན་ནས་ཆད་མ་མྱོང་།

1991ལོར། རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ཟོ་སྐྱ་ཡུལ་ཚོ་ནས་རྫོང་མཁར་བར་གྱི་གཞུང་ལམ་དེ་རྒུད་གསབ་ལས་སྤྲོད་ཀྱི་བཟོ་སྐྲུན་ཁྲོད་འཇོག་རྒྱུ་བརྩོན་ལེན་བྱས་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་རེ་ལྔ་ཡོད་པའི་གཞུང་ལམ་སྤྱི་ལེ་བརྒྱ་ཙམ་ཤར་གཏོང་ཐུབ་པར་གྱུར་བ་མ་ཟད། གཞུང་ལམ་དེ་འགྲུབ་རྗེས་ཟོ་སྐྱ་ཡུལ་ཚོ་ནས་ཕྱི་རོལ་དུ་དུས་ཚིགས་རང་བཞིན་གྱི་རླངས་འཁོར་ཤར་གཏོང་ཐུབ་པར་གྱུར་བས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཧ་ཅང་སྟབས་བདེ་བཟོས་ཡོད།

དུས་རབས20པའི་ལོ་རབས80པའི་དུས་མཇུག་ནས་བཟུང་། རི་དྭགས་གཙོད་ལ་དེ་སྔོན་བྱུང་མ་མྱོང་བའི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་ཐེབས་པས། གྲངས་ཀ་འབུམ་གཉིས་ནས་ཁྲི་གཉིས་བར་ཇེ་ཉུང་དུ་གྱུར་བ་དང་། རྒྱལ་སྤྱིའི་སྟེང་འཇིག་ཉེན་ཡོད་པའི་སྲོག་ཆགས་ཀྱི་གྲས་སུ་བཅུག་པ་རེད། རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ཟོ་སྐྱ་ཡུལ་ཚོ་རུ་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་བའི་སྐབས་སུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཅིང་། དུས་རབས20པའི་ལོ་རབས90པའི་དུས་འགོར། རྒྱལ་ཁབ་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་ལུགས་མཐུན་སྒོས་ཨ་ཆེན་གངས་རྒྱབ་གསར་སྤེལ་བྱེད་པ། ཁྲིམས་འགལ་ངང་རི་དྭགས་རྔོན་པའི་བྱ་སྤྱོད་ལ་བཀག་འགོག་བཅས་བྱ་ཆེད། རྒྱས་བཟང·བསོད་ནམས་དར་རྒྱས་ཀྱིས་འབྲི་སྟོད་རྫོང་སྲིད་གཞུང་ལ《ཨ་ཆེན་གངས་རྒྱབ་ལ་དོ་དམ་དང་གསར་སྤེལ་བྱ་རྒྱུའི་སྐོར་གྱི་སྙན་ཞུ》ཕུལ་བ་རེད། 1992ལོའི་ཟླ་བདུན་པར། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་བཞེས།

ས་གནས་སུ་སོང་ནས་རྟོག་ཞིབ་ཐེངས་མང་བྱས་པ་བརྒྱུད། རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། གཙོད་རྔོན་པའི་དོན་རྐྱེན་རེ་རེ་བཞིན་བྱུང་བས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གདེང་འཇོག་ཆེན་པོ་བྱས་པ་དང་། དུས་ཐོག་ཏུ་བྱ་བ་བཀོད་སྒྲིག་བྱས་ཏེ་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་གཙོ་གནད་དེ་ཨ་ཆེན་གངས་རྒྱབ་རི་སྐྱེས་སྲོག་ཆགས་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ཕྱོགས་སུ་བསྒྱུར་ནས། ཨ་ཆེན་གངས་རྒྱབ་ནགས་ལས་མངགས་གཏོང་ཁང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཞུང་ལས་ཁང་འཛུགས་རྒྱུའི་ཆོག་མཆན་བཀོད་པ་དང་། རྗེས་སུ་ཡང“རྩྭ་ཐང་སྲུང་སྐྱོབ་གཞུང་ལས་ཁང”བཙུགས་པ་རེད། དེ་རྗེས། ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་ལ་བརྟེན་ནས་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རང་རྒྱལ་གྱི་ལྐོག་རྔོན་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་རུ་ཁག་དང་པོ་དེ་བཙུགས་པ་རེད།

1994ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་མཚན་མོར། རྒྱས་བཟང་བསོད་ནམས་དར་རྒྱས་གཙོ་བྱས་པའི་མི་བདུན་ན་གོར་མོ་ནས་ལམ་ལ་ཆས་ཏེ་ལྷོ་ཕྱོགས་ཀྱི་ལམ་བརྒྱུད་ནས་ཨ་ཆེན་གངས་རྒྱབ་ཕྱོགས་སུ་བསྐྱོད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་དང་ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་གསེར་དོ་དམ་ཅུའུ་བཅས་ཀྱི་མངགས་བཅོལ་ལྟར། རྫོང་ཁོངས་ཀྱི་ས་མཚམས་དང་ཐོན་ཁུངས་ལ་བརྟག་དཔྱད་བྱས་ནས། གནས་དེའི་གཏེར་ཁའི་ཐོན་ཁུངས་སྲུང་སྐྱོབ་དང་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་བྱས་པ་དང་། གནས་དེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཀྱི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་པ་མ་ཟད་གནས་དེའི་རྒྱུ་ཆ་ཁོང་དུ་ཆུད་པ་བྱས།

1994ལོའི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། ལོ་བཞི་བཅུ་ལ་སླེབས་པའི་རྒྱས་བཟང་བསོད་ནམས་དར་རྒྱས་དང་རུ་མི་བཞི་ཡིས་ཨ་ཆེན་གངས་རྒྱབ་ནས་རི་དྭགས་ལྐོག་རྔོན་བྱེད་མཁན་ཉི་ཤུ་འཛིན་བཟུང་བྱས་པ་དང་། རླངས་འཁོར་བདུན་དང་གཙོད་ཀྱི་པགས་པ་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ཙམ་གཞུང་བཞེས་བྱས། མི་ངན་མངགས་སྐྱེལ་བྱས་ནས་ཉི་མའི་མཚེའུའི་ཉེ་འགྲམ་དུ་སླེབས་སྐབས་མི་ངན་གྱི་འཇབ་རྒོལ་ཐེབས། རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་མི་མེད་ས་ཁུལ་དུ་མེ་མདའ་བཟུང་བའི་རི་དྭགས་རྔོན་མཁན་དག་ལ་འཐབ་རྩོད་བྱས་པས།  ལུས་ཀྱི་ཟུངས་ཁྲག་ཐིགས་པ་རེ་རེ་བཞིན་བཞུར་ཚར་ཏེ། ཨ་ཆེན་གངས་རྒྱབ་ཀྱི་གོར་ཐིག་མན་གྱི་དྲོད་གྲངས་བཞི་བཅུའི་འཁྱག་རླུང་གིས་མི་སེམས་དངངས་པར་བྱེད་པའི་འཁྱག་རོམ་གྱི་སྐུ་བརྙན་ཞིག་ཏུ་གྱུར།

རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་འཁུར་ནས་སྐུ་གཤེགས་པའི་ཉིན་ལྔ་བརྒྱ་བཞི་བཅུ་ལྷག་ཙམ་གྱི་རིང་། སྔ་རྗེས་སུ་ཨ་ཆེན་གངས་རྒྱབ་དབུས་རྒྱུད་དུ་རྩད་ཞིབ་དང་སྐོར་ཞིབ་ཐེངས་བཅུ་གཉིས་བྱས་པ་དང་། ཉིན་སུམ་བརྒྱ་ང་བཞི་ལ་ཨ་ཆེན་གངས་རྒྱབ་ཏུ་འཚོ་བ་རོལ་བ་དང་ལམ་ཐག་སྤྱི་ལེ་ཁྲི་དྲུག་ལྷག་ཙམ་བསྐྱོད་ནས་ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཐོན་ཁུངས་ལ་ཁྱོན་ཡོངས་ནས་རྟོག་ཞིབ་ཞིབ་ཕྲ་བྱས་ཏེ། ཡི་གེ་དང་པར་རིས་ཀྱི་དཔྱད་གཞིའི་ཡིག་རིགས་འབོར་ཆེན་འཚོལ་བསྡུ་བྱས།

རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་སྔ་རྗེས་སུ་ཁྲིམས་འགལ་ངང་མེ་མདའ་བཟུང་ནས་ལྐོག་རྔོན་བྱེད་མཁན་ཚོགས་པ་བརྒྱད་རྩད་ཆོད་པ་དང་། མེ་མདའ་སྣ་ཚོགས་ཉེར་ལྔ་དང་མདེའུ་ཁྲི་ལྷག་ཙམ། རླངས་འཁོར་སྣ་ཚོགས་བཅུ་གཉིས། གཙོད་ཀྱི་པགས་པ་སྟོང་གཅིག་བཞི་བརྒྱ་བཅུ་དྲུག སྦྲེ་ལྤགས་ཉིས་བརྒྱ་ལྷག་ཙམ་བཅས་གཞུང་བཞེས་བཏང་བ་མ་ཟད། ཁྲིམས་འགལ་ངང་དངུལ་ཆད་སྒོར་ཁྲི་བཞི་གཞུང་བཞེས་བཏང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་དང་། ཨ་ཆེན་གངས་རྒྱབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། མི་རྣམས་ལ་ས་ཆ་དེར་དོ་ཁུར་བྱ་རྒྱུའི་འབོད་སྐུལ་གཏོང་ཆེད་བྱས་རྗེས་བླ་མེད་བཞག་ཡོད།

1995ལོའི་ཟླ་བཅུ་བར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས“ཨ་ཆེན་གངས་རྒྱབ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ”འཛུགས་རྒྱུའི་ཆོག་མཆན་བཀོད་པ་རེད།

1996ལོའི་ཟླ་བཅུ་གཅིག་པར། རྒྱས་བཟང་བསོད་ནམས་དར་རྒྱས་ལ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ཅུའུ་དང་ནགས་ལས་པུའུ་ཡིས“ཁོར་ཡུག་སྲུང་སྐྱོབ་སྲུང་དམག”གི་མཚན་སྙན་གནང་བ་རེད།

1997ལོའི་ཟླ་བཅུ་གཉིས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་པ་བརྒྱུད། ཨ་ཆེན་གངས་རྒྱབ་ས་ཁུལ་ཏེ“ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ”དུ་རིམ་སྤར་བྱས་པ་དང་། རྩ་ཆེ་ལ་འཇིག་ཉེན་ཡོད་པའི་ཀྲུང་གོའི་རི་སྐྱེས་སྲོག་ཆགས་གཙོད་སྲུང་སྐྱོབ་བྱ་ཆེད་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་པོར་གྱུར།

རྒྱས་བཟང·བསོད་ནམས་དར་རྒྱས་ནི་ཨ་ཆེན་གངས་རྒྱབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོན་བྱོན་པ་ཞིག་རེད། བཅོས་སྒྱུར་སྒོ་འབྱེད་ཀྱི་སྔ་དུས་སུ་རང་རེའི་ཏང་གིས་གསོ་སྐྱོང་བྱས་པའི་ཕུལ་བྱུང་ཏང་ཡོན་དང་། གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ལས་བྱེད་པ་ཕུལ་བྱུང་ཅན་ཞིག་ཡིན་པའི་ངོས་ནས། ཁོང་ནི་མཐོ་སྒང་གི་བུ་ཕྲུག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ནུས་ཤུགས་གང་ཡོད་བཏོན་པའི་ཕུལ་བྱུང་མཚོན་བྱེད་ཅིག་རེད། ཁོང་གིས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་རྩ་འཛུགས་ཐོག་ནས་སྲུང་སྐྱོབ་བྱས་ཏེ། རང་རྒྱལ་གྱི་དྲག་ཆས་ལྐོག་རྔོན་ལ་ངོ་རྒོལ་བྱེད་མཁན་དཔུང་ཁག་ཐོག་མ་དེ་བཙུགས་པ་དང་། ཨ་ཆེན་གངས་རྒྱབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་གསར་པ་བསྐྲུན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།