—ཡུས་ཧྲུའུ་གསར་པར་བསྐྱོད་པ།
ས་སྲོད་ཀྱི་མཚམས་སུ་གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་མདོ་སྡེ་ཉིན་དགེ་སྡེ་བའི་བསམ་གྲུབ་སྒྲོལ་མའི་ཁྱིམ་དུ་སྐྱོད་པ་དང་། ཁོ་མོ་མཐོང་སྐབས་མོ་རང་ཁོ་ཚང་གི་སྒོ་འགྲམ་དུ་ལངས་ནས་བསྡད་ཡོད། མོའི་རྒྱབ་ལོགས་སུ་གསར་དུ་ལས་པའི་ཐོག་རྩེག་གཉིས་ཅན་གྱི་ཁང་བ་ཞིག་རེད། ཁོ་མོའི་གདོང་ལ་འཛུམ་ཞིག་ལངས་ནས་སེམས་སུ་སྤོབས་པས་ཁེངས་ཡོད། སེམས་སུ་ཡང་དྲན་མི་ཐུབ་པ་ཞིག་ནི་ལོ་འགའི་སྔོན་ལ་ཁོ་མོ་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གི་གྲས་རེད།
2015ལོར། བསམ་གྲུབ་སྒྲོལ་མ་སྡོད་སའི་སྡེ་ཉིན་དགེ་སྡེ་བ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་དབུལ་ཕོངས་སྡེ་བའི་གྲས་སུ་བཅུག་པ་དང་། སྡེ་བའི་ནང་དུ་ཁྱིམ་ཚང་བརྒྱ་དང་ང་བདུན་དང་མི་གྲངས་བཞི་བརྒྱ་རེ་བརྒྱད་ཡོད། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དོན་དགུ་དང་མི་གྲངས་ཉིས་བརྒྱ་རེ་གཉིས་ཡོད། དབུལ་ཕོངས་མི་གྲངས་ཀྱིས་སྡེ་བ་ཡོངས་ཀྱི་ཕྱེད་ཀ་ཟིན་ཡོད་པ་དང་། སྡེ་མི་མང་ཆེ་བས་ཞིང་འདེབས་པ་དང་ནོར་གསོ་བ། མ་མཐའི་འཚོ་བའི་འགན་སྲུང་བཅས་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། བསམ་གྲུབ་སྒྲོལ་མ་ནི་དེའི་ཁྲོད་ཀྱི་གཅིག་རེད།
ལོ་ལྔ་བཅུ་ལ་སླེབས་པའི་བསམ་གྲུབ་སྒྲོལ་མས་བུ་གཉིས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད། ཡུས་ཧྲུའུ་ས་ཡོམ་གནོད་ཤུལ་བསྐྱར་སྐྲུན་སྐབས་སུ་སྡེ་བའི་ས་ཆ་གཞུང་བཞེས་བྱས་པ་མ་ཟད། ཡུས་ཧྲུའུ་གྲོང་ཁུལ་གྱི་ཉེ་འཁོར་དུ་སྡེ་མི་བཀོད་སྒྲིག་བྱས་པས་ཁོ་ཚོ་མ་བུ་གསུམ་པོར་སྡོད་གནས་ཡག་པོ་ཞིག་ཡོད་པར་གྱུར། འོན་ཀྱང་ནས་འདེབས་པ་དང་དབྱར་རྩྭ་དགུན་འབུའི་ཡོང་འབབ་མ་གཏོགས་ཡོང་སྒོ་གཞན་ལེན་ཐུབ་ཀྱིན་མེད་ལ། རྨོ་ཞིང་ཇེ་ཉུང་དུ་གྱུར་པ་དང་། རང་ཉིད་ལ་ལག་རྩལ་ཅི་ཡང་མེད་པ། བྱིས་པ་ད་དུང་སློབ་གྲྭར་འགྲོ་དགོས་པས་ཁྱིམ་གྱི་འགྲོ་སོང་ཇེ་མང་དུ་གྱུར། སྡེ་བས་ཁོ་མོའི་གནས་ཚུལ་ཤེས་རྗེས་ཁོ་མོ་ཚང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དུ་གཏན་འཁེལ་བྱ་རྒྱུའི་རེ་ཞུ་བྱས། གནས་ཚུལ་ཏེ2016ལོའི་བར་དུ་རྒྱུན་འཁྱོངས་བྱས་ནས་ད་གཟོད་འགྱུར་ལྡོག་བྱུང་།
2016ལོར། སྡེ་ཉིན་དགེ་སྡེ་བས་ཞིང་ཆེན་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས། ཐེངས་མང་པོར་སྡེ་མིའི་ཚོགས་ཆེན་འཚོགས་པ་དང་། རང་འགུལ་གྱིས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་གྲབས་གསོག་བྱས་ཏེ་སྡེ་ཉིན་དགེ་རུ་ཞིང་ཞོར་ཐོན་རྫས་ཁྲོམ་ར་བསྐྲུན་རྒྱུའི་གཏན་འབེབས་བྱས་པ་རེད། 2016ལོའི་ལོ་མཇུག་ཏུ། སྨི་གྲུ་བཞི་ལྔ་བརྒྱ་བཞི་བཅུ་ཡོད་པའི་ཚོང་ཁང་གྱན་བཅུ་དྲུག་བདེ་བླག་ལེགས་འགྲུབ་བྱུང་བ་མ་ཟད། ཡུས་ཧྲུའུ་གྲོང་ཁྱེར་དང་ཐག་ཉེ་བའི་གནས་ཡག་པོའི་ཡིན་པས་དུས་ཚོད་ཐུང་ངུའི་ནང་གཞན་ལ་བོགས་མར་བཏང་བ་རེད། དེ་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་དང་པོ་རུ་གྱུར་བ་དང་། 2016ལོའི་ལོ་མཇུག་ནས2017ལོའི་ལོ་མཇུག་བར། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་བོགས་མའི་ཡོང་འབབ་སྒོར་འབུམ་གཉིས་དང་ཁྲི་བཞི་བླངས་པ་དང་། སྡེ་མི་རྣམས་ཀྱིས་ཀྱང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོག་མའི་ཡོང་སྒོ་བླངས་བ་རེད།
ལོ་དེ་ནས་བཟུང་། བསམ་གྲུབ་སྒྲོལ་མ་ལྟ་བུའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གིས་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་མ་དངུལ་ལོངས་སྤྱོད་བྱེད་པ་དང་མཉམ་དུ། ལོ་རེར་ཉུང་མཐར་ཡང་སྒོར་སྟོང་གཅིག་གི་ཡོང་འབབ་ལེན་ཐུབ་པས། བསམ་གྲུབ་སྒྲོལ་མའི་འཚོ་བ་རིམ་བཞིན་འགྱུར་ལྡོག་བྱུང་།
2018ལོ་ནས2020ལོའི་བར། ཡོང་འབབ་ཇེ་མང་དུ་གཏོང་ཆེད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་བཏང་བ་དང་། སྡེ་ཉིན་དགེ་སྡེ་བ་ཡུས་ཧྲུའུ་གྲོང་ཁྱེར་དབུལ་སྐྱོར་ཅུའུ་ཡི་རོགས་སྐྱོར་འོག སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གཞི་ཁྱོན་སྨི་གྲུ་བཞི་བདུན་བརྒྱ་ཉི་ཤུའི་བར་རྒྱ་ཇེ་ཆེར་བཏང་བ་དང་། དེ་སྔོན་གྱི་ཉོ་འཚོང་ཁྲོམ་ར་དེ་ཡུས་ཧྲུའུ་ཁུལ་གྱི་འཕྲུལ་སྒུལ་འཁོར་ལོ་རྙིང་པའི་རིགས་ཀྱི་ཉོ་ཚོང་ཁྲོམ་རར་གྱུར་ལ། ལོ་རེའི་བོགས་དངུལ་སྒོར་ཁྲི་གཉིས་ནས་གསུམ་བར་ཟིན་པ་དང་། 2020ལོའི་ལོ་མཇུག་ཏུ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་སྡེ་མིར་སྒོར་འབུམ་གསུམ་དང་ཁྲི་གཉིས་སྟོང་ལྔ་བགོ་བཤའ་རྒྱབ། “ལག་གི་མ་དངུལ་ལོ་རེ་བཞིན་ཇེ་མང་དུ་སོང་བས་སེམས་ཀྱང་བདེ་རུ་ཕྱིན་ཡོད།” སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་བཏང་རྗེས། བསམ་གྲུབ་སྒྲོལ་མ་ཚང་གི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་དེ་སྔའི་སྒོར་སྟོང་གཅིག་ནས་ད་ལྟ་སྒོར་སྟོང་གཅིག་དང་དྲུག་བརྒྱའི་བར་ཇེ་མང་དུ་སོང་ཡོད་ལ་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།
འཚོ་བ་སྐྱིད་པོ་དེ་འདྲ་ཙམ་གྱིས་མི་ཚད།
2017ལོའི་དབྱར་ཁར། ཟ་མ་ལས་བཞིན་པའི་བསམ་གྲུབ་སྒྲོལ་མ་སྒོའི་ཕྱི་རོལ་གྱི་སྐད་ཅོར་གྱིས་བར་ཆད་བཟོས་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་མདོ་སྡེ་ཉིན་དགེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷག་པ་བཀྲ་ཤིས་ཀྱིས་གཏམ་བཟང་འཁྱེར་ནས་བསམ་གྲུབ་སྒྲོལ་མའི་ཁྱིམ་དུ་འབྱོར། བསམ་གྲུབ་སྒྲོལ་མས་སྒོ་ཕྱེ་མ་ཐག ལྷག་པ་བཀྲ་ཤིས་ཀྱིས་བྲེལ་འཚུབ་ངང“སྡེ་བས་ཁྱོད་ལ་རྩྭ་ཐང་སྲུང་སྐྱོབ་བྱེད་པའི་ལས་ཀ་ཞིག་བཙལ་འདུག ཟླ་རེར་གླ་ཆ་སྒོར་ཉིས་སྟོང་ལྔ་བརྒྱ་སྟེར་བཞིན་ཡོད་པས། ཁྱོད་ཀྱི་བྱིས་པ་བློ་བདེ་མོའི་ངང་སློབ་ཆེན་དུ་བསྐྱོད་ཆོག”ཅེས་བཤད། དེ་སྔོན་བསམ་གྲུབ་སྒྲོལ་མས་བྱིས་པ་སློབ་ཆེན་དུ་བསྐྱོད་སྐབས་སློབ་ཡོན་མེད་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། སྐབས་དེ་དུས་ཁོ་མོའི་སྐྲ་འདབས་ཉིན་རེ་བཞིན་དཀར་པོར་གྱུར། “ད་ཡག་བྱུང་།” རང་ཉིད་ལ་ལས་ཀ་ཡོད་པ་ཐོས་རྗེས་བསམ་གྲུབ་སྒྲོལ་མ་སེམས་འགུལ་ཚད་མེད་ཐེབས་བཞིན་སྐད་ཆ་ཡང་བཤད་མི་ཐུབ་པར་གྱུར།
སྡེ་ཉིན་དགེ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་བའི་ནང་གི་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དམིགས་ནས། ཡུས་ཧྲུའུ་གྲོང་ཁྱེར་ལས་ཞུགས་ཅུའུ་དང་ཡུས་ཧྲུའུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ལ་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད། 2016ལོ་ནས་2020ལོའི་བར། “སྦྲང་ཆར་འཆར་གཞི”བརྒྱུད་ནས་མི་བཞི་བཅུ་ལྷག་ཙམ་ལས་ཞུགས་བྱེད་དུ་བཅུག དེའི་ཁྲོད་ནས་མི་སུམ་ཅུ་ལྷག་ཙམ་གྱིས་ལས་ཞུགས་གསོ་སྦྱོང་བྱས་པ་བརྒྱུད་སེན་མོ་མཛེས་བཟོ་བྱེད་མཁན་དང་ཐང་ག་བཞེངས་མཁན། བདེ་སྲུང་སོགས་ལས་ཞུགས་ལས་གནས་ཐོག་བསྐྱོད་པ་དང་། མི་བཅུ་ལྷག་ཙམ་རྩྭ་ཐང་སྲུང་སྐྱོབ་པ་དང་ནགས་སྲུང་བ་སོགས་སྲིད་གཞུང་གི་སྤྱི་ཕན་རང་བཞིན་གྱི་བྱ་བའི་སྟེང་ཞུགས།
བསམ་གྲུབ་སྒྲོལ་མ་ནི“སྦྲང་ཆར་འཆར་གཞིའི”ཁྲོད་རྩྭ་སྲུང་བར་བདམས་པ་དང་། ད་ལྟ་ཁོ་མོའི་ཟླ་རེའི་གླ་ཕོགས་སྒོར་སྟོང་གཉིས་དང་ལྔ་བརྒྱ་ལེན་བཞིན་ཡོད། རྩྭ་ཐང་སྲུང་སྐྱོབ་པའི་ལས་ཀའི་སྐོར་གླེང་སྐབས་བསམ་གྲུབ་སྒྲོལ་མ་ཧ་ཅང་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད། ཉིན་རེའི་ཞོགས་པའི་དུས་ཚོད་དགུའི་སྟེང་ལས་བཟོ་བའི་གོན་པ་གོན་ནས་ཁུག་མ་དང་ཕྱགས་མ་བཟུང་ནས་ལས་གནས་སུ་ཞུགས་བཞིན་ཡོད། དཔལ་ཐང་རྒྱལ་ཁབ་བརླན་སའི་སྤྱི་གླིང་བརྒྱུད་ནས་གད་སྙིགས་གཙང་སེལ་དང་ས་ཞིང་གང་བྱུང་དུ་སྔོག་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་ཀྱིན་ཡོད། ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་སློབ་འབྲིང་གཉིས་པའི་བར་གྱི་ལམ་བུ་དེ་ནི་ཁོ་མོའི་སྤྱི་ལེ་གཉིས་ཀྱི་བདག་སྐྱོང་ས་ཁུལ་ཡིན་པ་དང་། ཉིན་རེར་ཕར་འགྲོ་ཚུར་འོང་བྱེད་པའི་ལམ་ཐག་སྤྱི་ལེ་བཞི་ཡིན་པ་དང་། ལམ་དེའི་མཛེས་ལྗོངས་ལྟ་ན་སྡུག་པ་མ་ཟད་ལུས་པོར་སྦྱོང་བརྡར་ཡང་བྱེད་ཐུབ།
ད་ལྟ། བསམ་གྲུབ་སྒྲོལ་མར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་ཐུབ་པ་མ་ཟད་བརྟན་འཇགས་ཀྱི་ལས་ཀ་ཡོད་པར་གྱུར་། དེ་སྔོན་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གཅིག་མ་གཏོགས་མེད་པའི་མ་མཐའི་འཚོ་བ་འགན་སྲུང་གི་ཁྱིམ་ཚང་དེར་ད་ལྟ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་བཞི་ཙམ་ཡོད་པ་དང་། ཁྱིམ་ཚང་གི་ཡོང་འབབ་དེ་སྔའི་ལྡབ་བཞི་ཡིན་པས། ཁོ་མོར་བལྟས་ན་དེ་སྔོན་ལས་སྙིང་སྟོབས་ཧ་ཅང་ཆེན་པོ་ལྡན་པར་གྱུར་ཡོད།
དབྱར་ཁའི་གུང་གསེང་སྐབས། བསམ་གྲུབ་སྒྲོལ་མས་ལེའོ་ཉིང་ཧྲིན་དབྱང་དུ་ཆེད་ཚན་སློབ་གྲྭ་ཆེན་མོ་འགྲིམ་བཞིན་པའི་བུ་ཆེ་བ་དང་། ཟི་ལིང་གཙང་གསུམ་མི་རིགས་སློབ་འབྲིང་དུ་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་པའི་བུ་གཉིས་པ་ཚང་མ་ཁྱིམ་དུ་ལོག་པ་དང་། གཟའ་མཇུག་ཏུ་ཁོ་མོས་བུ་གཉིས་འཁྲིད་དེ་ཡུས་ཧྲུའུ་རྩྭ་ཐང་དུ“གུང་སེང་གཏོང་བའི”བྱ་འགུལ་སྤེལ་ནས། ཁྱིམ་མཚེས་ཚོ་དང་མཉམ་དུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པར་འགྲོ་རྩིས་ཡོད། ཁོ་མོས་བཤད་རྒྱུར། “སྡེ་བའི་ནང་གི་དཔལ་འབྱོར་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། སྲིད་གཞུང་གིས་ང་ལ་ལས་ཀ་ཡག་པོ་ཞིག་བཙལ་བས། ངའི་སེམས་པ་ཧ་ཅང་སྐྱིད་ལ། ངས་ངེས་པར་དུ་འབད་བརྩོན་ཡག་པོ་བྱེད་ངེས་ཡིན”ཟེར།
ད་ལྟ། སྡེ་ཉིན་དགེ་སྡེ་བའི་སྡེ་མི་ཚང་མ་དབུལ་ཐར་བྱས་ནས་འབྱོར་འབྲིང་གི་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་བཞིན་ཡོད། སྡེ་ཉིན་དགེ་སྡེ་བའི་ད་ལྟའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་མཐུ་སྟོབས་ཀྱིས“དེ་སྔོན་ཚང་མ་སྨི་གྲུ་མ་སུམ་ཅུ་བཞི་བཅུ་ཡོད་པའི་ས་ཁང་དུ་སྡོད་པ་དང་། ད་ལྟ་ཐོག་ཁང་དུ་འདུག་བཞིན་ཡོད་ལ། ཁྱིམ་ཚང་ཚང་མས་རླངས་འཁོར་ཉོས་ནས་ཡུས་ཧྲུའུ་གྲོང་ཁྱེར་དུ་ལས་ཀ་ལས་པ་དང་ཚོང་རྒྱག་གིན་ཡོད། སྔོན་ཆད་ཀྱི་འཚོ་བ་དང་བསྡུར་ཚེ་དངོས་གནས་གནམ་སའི་ཁྱད་པར་ཡོད”ཅེས་བཤད།
ལོ་འགའ་འགོར་རྗེས། བསམ་གྲུབ་སྒྲོལ་མ་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཡིག་ངོ་མི་ཟིན་པའི་ཁོ་མོའི་ཡང“ལས་འཁྱུར་ངལ་གསོའི་འཚོ་བ”རོལ་ཐུབ་རྒྱུ་རེད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།