ཏང་གི་གསུང་སྐད་བརྒྱུད་སྒྲོག་བྱེད་པའི་དམིགས་བསལ་དགེ་རྒན།
2021.08.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

ཞིན་ཧེ་རྩྭ་ཐང་དུ་ཏང་གི་གསུང་སྐད་དྲིལ་སྒྲོག་བྱས་ཏེ་ཡུལ་མི་ཀུན་གྱིས་ངོ་ཤེས་པར་གྱུར་པའི་དགེ་རྒན་གཡང་ཕྱུག་ཚེ་རིང་གི་གནས་ཚུལ་འབྲི་མགོ་རྩོམ་སྐབས། ཁོའི་འོད་སྟོང་འབར་བའི་གྲུབ་འབྲས་དེ་དག་བརྗེད་ག་ལ་རུང་། ཁོ་ནི2011ལོའི“མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་ན་གཞོན་བཅུ”ཡི་གྲས་དང་། སྐབས་བཅོ་ལྔ་པའི“མཚོ་སྔོན་གྱི་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཐོབ་མཁན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི2020ལོའི“གཞི་རིམ་གཞུང་ལུགས་སྒྲོག་བཤད”ཀྱི་སྔོན་ཐོན་མི་སྒེར་བཅས་རེད།

གཡང་ཕྱུག་ཚེ་རིང་གི་གཏམ་རྒྱུད་ནི་ཁོ་རང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བྱས་པ་ནས་གླེང་དགོས། ཡུལ་དེར་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཞིན་ཧེ་པ་ཞིག་ཡིན་པའི་ཆ་ནས། གཡང་ཕྱུག་ཚེ་རིང་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ཅིང་། བོད་སྐད་ཡིག་དང་ཆབ་སྲིད་ཀྱི་རིག་ཚན་བསླབ་བྱ་གཉིས་སློབ་ཁྲིད་བྱེད་པའི་ལས་སུ་ཞུགས།

2014ལོར། གཡང་ཕྱུག་ཚེ་རིང་རྫོང་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ་ལས་གནས་སྤར་ལ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་དགོས་མཁོ་དང་ཏང་གི་སྲིད་ཇུས་སྒྲོག་བཤད་བྱེད་པའི་དགོས་མཁོར་དམིགས་ཏེ། སྤྱི་བདེ་དང་ཞིབ་བཤེར། ཁྲིམས་ཁང་། ཁྲིམས་འཛིན་བཅས་ཀྱི་ལས་བྱེད་པ་དང་། ཏང་གི་སློབ་གྲྭའི་དགེ་རྒན། ལས་གནས་དགོངས་ཞུ་བྱས་པའི་ལས་བྱེད་པ་རྒན་པ། ཏང་ཡོན་རྒན་པ་དང་མང་ཚོགས་ཕལ་པ་སོགས་ཀྱིས་གྲུབ་པའི“མང་ཚོགས་སྒྲོག་བཤད་ཚོགས་པ”ཡང་ལོ་དེར་བཙུགས་ཤིང་། གཡང་ཕྱུག་ཚེ་རིང་གིས་སྐབས་དེའི་ཚོགས་གཙོ་གཞོན་པའི་འགན་འཁུར།

“མང་ཚོགས་སྒྲོག་བཤད་ཚོགས་པའི་ནང་ཞུགས་པ་ནི་རང་ཉིད་ཀྱི་འདོད་མོས་ཁོ་ན་ཡིན།”གཡང་ཕྱུག་ཚེ་རིང་གི་བསམ་ཚུལ་ལྟར་ན། དགེ་རྒན་བྱས་མྱོང་པའི་རྐྱེན་གྱིས་རང་ཉིད་ཀྱི་བསམ་ཚུལ་དེ་མི་གཞན་ལ་བཤད་རྒྱུར་དགའ་བ་དང་། ལྷག་པར་དུ་རྩོམ་ཡིག་ཅིག་ཀློག་རྐྱང་བྱེད་པ་དང་ངོ་གདོང་ཞིག་གནག་རྐྱང་བྱས་ནས། གོ་དོན་དང་གཞུང་ལུགས་སྟོང་པ་བཤད་པའི་འགྱུར་མེད་སྤྱི་འགྲོས་ལ་གདོང་གཏད་ཚེ། གཡང་ཕྱུག་ཚེ་རིང་ནི་ཕ་སྐད་ཀྱི་ལམ་ནས་གཞི་རིམ་མང་ཚོགས་དང་བརྗེ་རེས་བྱེད་རྒྱུར་བླ་ལྷག་ཏུ་དགའ་པོ་ཡོད།

“ཁྱོད་རང་ལྟོགས་དུས། ངས་ཁྱོད་ལ་ཉ་གཅིག་བྱིན་ན་དགའ་འམ་ཡང་ན་ཉ་འཛིན་པའི་རྩལ་ཁྲིད་ན་དགའ། དབུལ་ཐར་བྱེད་འདོད་ན་རང་ཉིད་ལ་བརྟེན་ནས་ལག་རྩལ་ཞིག་སྦྱོང་དགོས།”གཡང་ཕྱུག་ཚེ་རིང་གིས་སྟབས་བདེ་ལ་འགྱུར་ཁུགས་ལྡན་པའི་སྐད་ཆ་དང་གསོན་ཉམས་ལྡན་པའི་དཔེ་གཞི་ཡིས། སྒྲོག་བཤད་བྱེད་ཐེངས་རེར་རོང་འབྲོག་མང་ཚོགས་ལ་དགའ་སྤྲོའི་ཁྲོད་ནས་ཤེས་བྱ་སློབ་ཏུ་བཅུག་པ་དང་། “ཁྲིད་སྟེགས་སྟེང་གི་བཤད་མཁན་ཐང་ཆད་པ་དང་སྟེགས་འོག་གི་ཉན་མཁན་གཉིད་འབབ་པ”ཡི་སྣང་ཚུལ་དེ་མཇུག་རྫོགས་སུ་བཅུག་པར་མ་ཟད། སྒྲོག་བཤད་ཀྱི་ལག་ལེན་རེ་རེའི་ཁྲོད་དུ། མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བ་དང་གོ་བདེ་ཞིང་འཛིན་སླ་བ། གྲུབ་འབྲས་མངོན་གསལ་དོད་པོའི་གཞུང་ལུགས་སྒྲོག་བཤད་ཀྱི་དཔེ་དབྱིབས་གསར་པ་ཞིག་འཚོལ་ཞིབ་བྱས།

“སྒྲོག་བཤད་ཚོགས་པ་བདམས་པ་ནི་བདེ་བ་དོར་བ་དང་གཉིས་སུ་མེད། རོང་འབྲོག་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་བཟུང་བ་ན། དཀའ་ཁག་ཅི་ཡིས་ཀྱང་འགོག་མི་ཐུབ།”གཡང་ཕྱུག་ཚེ་རིང་གིས་གཞུང་ལུགས་དང་སྲིད་ཇུས། ཁྲིམས་སྲོལ་བཅས་སྒྲོག་བཤད་བྱེད་པར་ཟུང་འབྲེལ་བྱས་ཏེ། རྩད་གཅོད་ཞིབ་འཇུག་གཏིང་ཟབ་བྱས་ནས། རང་ནུས་ཅི་ལྕོགས་སྒོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་བྱུང་བའི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱས། 2018ལོར“མང་ཚོགས་སྒྲོག་བཤད་ཚོགས་པ”ཡི་ཚོགས་གཙོ་རུ་བདམས་པ་ནས་བཟུང་། མང་ཚོགས་ཀྱིས་ཁོ་རང་མཐོང་ཚེ་མཛའ་བརྩེའི་ངང“དགེ་རྒན་ཆེན་མོ་གཡང་ཕྱུག་ཚེ་རིང”ཞེས་འབོད་ཀྱིན་འདུག་ལ། ཁོས་སྒྲོག་བཤད་བྱས་པའི་ཞབས་རྗེས་ཞིན་ཧེ་རྫོང་གི་ཡུལ་ཚོ་དང་སྡེ་བ་ཆེ་ཆུང་ཀུན་ཏུ་ཁྱབ་ཅིང་། སྒྲོག་བཤད་བརྗེ་རེས་བྱ་འགུལ་སྤེལ་ཐེངས་བཞི་བརྒྱ་ཉི་ཤུ་ལས་བརྒལ་འདུག

དེར་མ་ཟད། གཞི་རིམ་གྱི་སྒྲོག་བཤད་རྒྱུ་ཆ་དཀོན་པ་དང་རོང་འབྲོག་མང་ཚོགས་ཀྱི་རིག་གནས་ཆུ་ཚད་དམའ་བའི་གནས་ཚུལ་དངོས་ལ་ཁ་གཏད་དེ། གཡང་ཕྱུག་ཚེ་རིང་གིས་རང་སྟེང་གི་སྐད་གཉིས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། 《ཞིན་ཧེ་རྫོང་གི་སྡེ་བ་དང་གཞིས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བརྟན་སྲུང་བྱ་བའི་ས་ཚིགས་ཀྱི་བྱ་བའི་འགན་འཁྲི་དང་བྱ་བའི་ལམ་ལུགས》《ཡོ་བསྲང་དངོས་སྤྱོད་ཀློག་དེབ》《མི་རིགས་མཐུན་སྒྲིལ་གྱི་སྒྲོག་བཤད་གོ་བདེ་ཀློག་དེབ》《མི་རིགས་ཆོས་ལུགས་སྲིད་ཇུས་ཁྲིམས་སྲོལ་ཀློག་དེབ》《རོང་འབྲོག་ཁུལ་གྱི་ཉེར་སྤྱོད་ཁྲིམས་སྲོལ་དྲིས་ལན་བརྒྱ་པ》སོགས་ཀྱི་སྒྲོག་བཤད་རྒྱུ་ཆ་རབ་དང་རིམ་པ་སྒྲིག་རྩོམ་དང་ཡིག་བསྒྱུར་བྱས།

གཡང་ཕྱུག་ཚེ་རིང་གིས་ཐེངས་རེ་རེའི་སྒྲོག་བཤད་མ་བྱས་པའི་སྔོན་དུ། ཁོས་ནམ་ཡང་སྒྲོག་བཤད་ཀྱི་ནང་དོན་གཟབ་ནན་གྱིས་སློབ་སྦྱོང་བྱེད་པ་དང་། འབྲེལ་ཡོད་ཀྱི་ཆ་འཕྲིན་རྒྱུ་ཆ་རྒྱ་ཆེར་འཚོལ་བསྡུ་བྱེད་པ། སྒྲོག་བཤད་ནང་དོན་གྱི་དོན་དངོས་ཉིང་བཅུད་ལ་ཧུར་ཐག་གིས་གོ་བ་བླངས་རྗེས། ཚན་རིག་དང་ལུགས་མཐུན་སྒོས་སྒྲོག་བཤད་ནང་དོན་ཇུས་འགོད་བྱེད་ལ། དེར་མ་ཟད་ཞིབ་ཕྲའི་ནང་དོན་དག་ཁྱོན་ཡོངས་དང་ཡང་དག་པ། གནད་དུ་འཁེལ་བའི་ཚད་ལ་སླེབས་པར་ཡང་དང་བསྐྱར་དུ་བསམ་གཞིག་བཏང་བ་རེད། དེ་མིན་ད་དུང་ཁོས་རྒྱུན་དུ་སྒྲོག་བཤད་ཀྱི་དཀའ་གནད་དང་བྱེད་ཐབས་ལས་གྲོགས་ཚོ་དང་མཉམ་དུ་བགྲོ་གླེང་དང་ཞིབ་འཇུག་བྱེད་པ་དང་། ཉམས་མྱོང་ཡོད་པའི་ལས་གྲོགས་ལ་གནད་དོན་འདྲི་བ་དང་གཞོན་སྐྱེས་ལས་གྲོགས་ལ་མན་ངག་བརྒྱུད་སྤྲོད་བྱས་ཏེ། སྒྲོག་བཤད་བྱ་བ་ལེགས་པོར་སྒྲུབ་པར་བརྩོན་ལེན་བྱས།

ཐེངས་རེ་རེའི་སྒྲོག་བཤད་མཇུག་བསྒྲིལ་རྗེས། གཡང་ཕྱུག་ཚེ་རིང་ནམ་ཡང་ཉན་མཁན་མང་ཚོགས་དང་མཉམ་དུ་བསྡད་དེ་དྲིས་ལན་འདེབས་པའི་མཉམ་སྒུལ་རྣམ་པའི་སྒྲོག་བཤད་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་། ཚང་མས་སེམས་ཁུར་དང་དོ་སྣང་བྱེད་པའི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྐྱོར་དབུལ་ཐར། སྨན་བཅོས་འཕྲོད་བསྟེན། ཏང་གི་འཛུགས་སྐྲུན་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གོ་བདེ་ཞིང་འཛིན་སླ་བའི་སྐད་ཆ་དང་ཉེ་འགྲམ་གྱི་དཔེ་གཞི་ཡིས“གཅིག་གཅིག་གཉིས་གཉིས་དང་ཁ་ཐུག་ངོ་ཐུག”གིས་དོགས་གཞི་སེལ་བ་དང་། སེམས་དང་སེམས་པ་བརླན་ནས་བརྗེ་རེས་བྱེད་པ། ཨ་ལན་སློག་པར་དོ་ཁུར་བྱེད་པ། གནས་ལུགས་ཞིབ་གསལ་བྱེད་པ་བཅས་ལ་བརྟེན་ནས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་གལ་ཆེན་དང་ཏང་གི་དམངས་ཕན་དང་དམངས་ཕྱུག དམངས་ཀྱི་ཆེད་དུ་ཡིན་པའི་སྲིད་ཇུས་སྣ་ཚོགས་ཡུལ་མི་ཀུན་གྱིས་ཤེས་ཤིང་སེམས་ལ་འཇགས་སུ་བཅུག

ད་ལྟ། གཡང་ཕྱུག་ཚེ་རིང་གི་སྣེ་ཁྲིད་འོག ཞིན་ཧེ་རྫོང་གི“མང་ཚོགས་སྒྲོག་བཤད་ཚོགས་པ”ཡིས་ཏང་གི་སྲིད་ཇུས་གཞུང་ལུགས་སྒྲོག་བཤད་བྱས་པའི་གྲུབ་འབྲས་དེ་མང་ཚོགས་ཀྱི་དགོས་མཁོར་བསྒྱུར་ཅི་ཐུབ་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཤུགས་འདོན་འཕྲུལ་ཆས་སུ་བསྒྱུར་ཅི་ཐུབ་བྱས་ཏེ། ལག་ལེན་དངོས་ཀྱིས“གཞུང་ལུགས་ཀྱིས་སྤྱོད་གོ་ཆོད་པར་མ་ཟད་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དམ་དུ་འབྲེལ་བ”ལ་དྲིས་ལན་གསལ་པོ་ཞིག་བཏབ།

དཔུང་སྡེ་དེ་ནི་མཐོ་སྒང་གི་པང་ན་འཕྱོ་ཞིང་ལྡིང་བའི་གཞི་རིམ་དུ་གཞུང་ལུགས་ཁྱབ་གདལ་གཏོང་བའི“མཇུག་མཐའི་སྤྱི་ལེ་གཅིག”གི་ཉམས་པ་མེད་པའི་དྲིལ་སྒྲོག་བྱང་བུར་གྱུར་ཡོད་ལ། གཡང་ཕྱུག་ཚེ་རིང་ཡང་ཞིན་ཧེ་རྩྭ་ཐང་དུ་ཏང་གི་གསུང་སྐད་བརྒྱུད་སྒྲོག་བྱེད་པའི“དམིགས་བསལ་དགེ་རྒན”ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།