མང་ཚོགས་ཀྱི་སེམས་ཁོང་དུ་འཚེར་བའི་སྐར་མ་འོད་ཆེན།
2021.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

—ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་བཀྲ་ཤིས་མཚོ་མོའི་གནས་ཚུལ།

བཀྲ་ཤིས་མཚོ་མོས(གཡོན་གྱི་དང་པོ)དོ་བདག་དང་གླེང་མོལ་བྱེད་བཞིན་པ།

བཀྲ་ཤིས་མཚོ་མོས་གཟབ་གཟབ་ངང་རྒྱལ་རྟགས་བསྡུ་ཉར་བྱས་རྗེས་ཡུལ་མི་ཚོར་ལག་གཡུག་བྱེད་བཞིན་གནས་འདི་དང་ཁ་གྱེས་སོང་བ་དང་།དེའི་རྗེས་རིམ་བཞིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་འདྲི་གཅོད་རླངས་འཁོར་དེ་རིམ་བཞིན་ཐག་ཇེ་རིང་དུ་ཕྱིན་ནས་གཅན་ཚ་རྫོང་མར་ཁུ་ཐང་སྡེ་བའི་སྡེ་མི་ཤ་བོ་དོན་གྲུབ་ཀྱི་མིག་ལམ་དུ་མཐོང་རྒྱུ་མེད་པར་གྱུར། འོན་ཀྱང་ཁོ་རང་སྔར་བཞིན་ཁུ་སིམ་མེར་དེ་གར་ལངས་ནས་མིག་མཐར་མཆི་མ་འཁོར་བཞིན་ཡུན་རིང་ལངས་ནས་བྲལ་འདོད་མེད།

མང་ཚོགས་ཀྱི་བྱ་བ་དོན་ཆུང་མིན། ཞུ་འབུད་ཕྱོགས་གཉིས་ཀ་ཞིང་པ་ཡིན་ལ། ཁོ་ཚོར་གསལ་བཤད་བཟང་བོ་ཞིག་བྱ་ཆེད། རྨ་ལྷོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་བཀྲ་ཤིས་མཚོ་མོ་དང་ཁོ་མོའི་སྐད་གཉིས་ཀྱི་འདྲི་གཅོད་ཚོགས་པའི་ཁོངས་མིས་རྩོད་གླེང་གི་ས་ཆའི་བར་དུ་གོམ་པ་བརྒྱབ་ནས་བརྟག་དཔྱད་བྱས་པ་སོགས་གཟབ་ནན་དང་ཞིབ་ཚགས་པའི་སྤྱོད་ཚུལ་དེ་ལས་ཞུ་སྦྱོར་སྔ་མ་ཤ་བོ་དོན་གྲུབ་དང་ཞུ་སྦྱོར་ཕྱི་མར་སེམས་འགུལ་ཆེན་པོ་ཐེབས། མཇུག་མཐར། སྡེ་བའི་ནང་གི་སྟབས་བདེའི་སྐོར་སྐྱོད་ཁྲིམས་རའི་མདུན་དུ་ཕྱོགས་གཉིས་ཀ་འགྲིག་མཐུན་བྱུང་།

དམངས་ཀྱི་ཆེད་དུ་ཁྲིམས་འཛིན་གྱི་བྱ་བ་གཉེར་ནས་ལོ་སོ་གཅིག་འགོར་བ་དང་། བཀྲ་ཤིས་མཚོ་མོས“དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱ་རྒྱུ་ནི་ཁྲིམས་དཔོན་རེ་རེའི་འགན་འཁྲི་ཡིན་ལ། གྱོད་གཞི་རེ་རེ་དྲང་གཞག་འདྲི་གཅོད་བྱ་རྒྱུ་ནི་ཁྲིམས་སྐྱོང་གི་དྲིལ་བསྒྲགས་ཤོག་བྱང་ཞིག་རེད།”མང་ཚོགས་ཀྱིས་དྲིལ་བསྒྲགས་ཤོག་བྱང་དེ་དག་བརྒྱུད་ནས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་མཐོང་ཐུབ་པ་དང་། ཁྲིམས་སྐྱོང་ལ་ཡིད་ཆེས་བྱས་ནས་དྲང་གཞག་དྲང་བདེན་དེ་ཁྲིམས་སྐྱོང་ཀྲུང་གོའི་མངོན་གསལ་དོད་པའི་ནང་དོན་དུ་འགྱུར་བ་བྱེད་ཀྱིན་ཡོད་ཟེར།

ལོ་ངོ་མང་པོའི་རིང་། བཀྲ་ཤིས་མཚོ་མོས་ཁྲིམས་དཔོན་གྱི་ལས་གནས་ཐོག་ལས་བཀུར་ཟོལ་མེད་བྱས་ནས་སྔ་རྗེས་སུ་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་དང་། 2017ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་མཐུན་རྒྱལ་ཁབ“གཟི་བརྗིད་ཀྱི་རྒྱ་མའི་གཟེངས་རྟགས”གནང་པ་དང་། 2021ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་གྱི་མཚན་སྙན་གནང་ལ། རྨ་ལྷོ་ཁུལ་གྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་དང་ཕུལ་བྱུང་གཞུང་ཞབས་པ། ཕུལ་བྱུང་གི་ཏང་གི་བྱ་བ་སྒྲུབ་མཁན་སོགས་ཀྱི་མཚན་སྙན་ཐེངས་མང་ཐོབ་པས། མི་དམངས་ཁྲིམས་དཔོན་གྱི་དུས་རབས་ཀྱི་ཉམས་འགྱུར་བཟང་པོ་ཞིག་མངོན་ཡོད།

ཁྲིམས་དཔོན་ཡོད་ན་དེ་ནི་མི་དམངས་ཀྱི་གཟི་བརྗིད་ཡིན་ལ། ཏང་ཡོན་ཡོད་ན་དེ་ནི་ཏང་ཡོན་གྱི་དཔེ་བཟང་ཞིག་ཀྱང་རེད།

མཚོ་སྔོན་མི་རིགས་སློབ་གླིང་ཁྲིམས་ལུགས་སྡེ་ཁག་ནས་མཐར་ཕྱིན་པའི་བཀྲ་ཤིས་མཚོ་མོ་ཡིས་རེབ་གོང་ནས་ལོ་སོ་གཅིག་གི་རིང་ལ་བྱ་བ་སྒྲུབ་པ་དང་། སྔ་རྗེས་སུ་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན། ཡོན་ཀྲང་གཞོན་པ། ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཀྱི་འགན་ཁུར་ཡོད་ལ། ད་ལྟ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གཞོན་པ། ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ཡོད། ལས་གྲོགས་ཚོའི་མིག་ནང་གི་རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་ཤེས་བྱའི་ཤེས་བྱ་ཀུན་བཏུས་ཤིག་རེད།

ཁོ་མོ་ནི་གཞན་གྱི་རྒྱུ་ནོར་ལེན་པར་མི་དགའ་བའི་བུ་མོ་མཛངས་མ་ཞིག་ཡིན་པ་དང་། རོང་འབྲོག་མང་ཚོགས་ལ་སེམས་པ་སྦྲེལ་བའི་བུད་མེད་སེམས་བཟང་ཞིག་ཀྱང་ཡིན། ཁྲིམས་རྩོད་པའི་མིག་ལམ་དུ་ཁོ་མོ་ནི“ལེགས་ཉེས་དབྱེ་འབྱེད་དང་རྒྱལ་ཕམ་གང་ཡིན་རུང་ཁས་ལེན་པའི་ཁྲིམས་དཔོན་བཟང་པོ”ཞིག་ཡིན།

ཐེངས་དང་པོར་ཁོ་མོར་འཕྲད་སྐབས་ནི་རྨ་ལྷོ་ཁུལ་ཞིབ་དཔྱོད་ཁང་གི་ཐོག་བརྩེགས་གསུམ་པའི་མགྲོན་གཏུག་ཁང་དུ་ཆུ་ཚོད་ཕྱེད་ཀ་ཙམ་སྒུག་ནས་ཚོགས་འདུ་མཇུག་འགྲིལ་རྗེས་བཀྲ་ཤིས་མཚོ་མོ་གཞི་ནས་བྲེལ་འཚུབ་ངང་འདིར་ཡོང་བ་རེད། སྐབས་དེ་དུས་ཁོ་མོས་ཁུལ་ཞིབ་དཔྱོད་ཁང་དུ་ལས་གནས་འཁུར་ནས་ལོ་གཅིག་ཙམ་འགོར་ཡོད་མོད། འོན་ཀྱང་དོན་དངོས་སུ། ང་ཚོ་ཐོག་དང་པོར་ངོ་ཤེས་པའི་དུས་ནི་ལོ་གཉིས་ཀྱི་སྔོན་ལ་རྨ་ལྷོ་ཁུལ་དུ་ཁྱབ་རྒྱ་ཆེ་བའི“ཁྲིམས་ཁང་གི་གཏམ་རྒྱུད་ཡག་པོ་ཞིབ་ཏུ་བཤད་པ”ཞེས་པའི་གློག་བརྙན་ཐུང་གྲས《གཅེས་སེམས་ཁྱིམ་དུ་ལོག་ཏུ་འཇུག་པ》ཞེས་པ་བསྟན་མ་ཐག་བཀྲ་ཤིས་མཚོ་མོ་ནི་གཏམ་རྒྱུད་དེའི་ནང་གི་བུད་མེད་ཁྲིམས་དཔོན་གྱི་མ་དཔེ་ཞིག་རེད།

《གཅེས་སེམས་ཁྱིམ་དུ་ལོག་ཏུ་འཇུག་པ》ཞེས་པའི་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་སན་མུའུ(མིང་ཚབ)ནི་ཐུན་རིན་གྲོང་ཁྱེར་ཁ་རྒྱ་སྡེ་བའི་སྤྱིར་བཏང་གི་ཞིང་པ་ཞིག་ཡིན་ཞིང་། ཁྱིམ་ཚང་གི་འཚོ་བ་དཀའ་ཁག་ཆེ་ལ་རང་ཉིད་དབང་བོ་སྐྱོན་ཅན་ཡིན་པས། གཉེན་སྒྲིག་བྱས་ནས་ལོ་གཅིག་འགོར་རྗེས་ཆུང་མ་ཁོ་དང་བྲལ་བ་དང་། ལོ་ན་ཆུང་བའི་བྱིས་པ་དང་མཉམ་དུ་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་བཞིན་ཡོད། ཡིད་སྐྱོ་བ་ཞིག་ལ2018ལོའི་དཔྱིད་ཀར། ཁོའི་ཞིང་ས་སྡེ་བའི་མི་གཞན་གྱིས་བཟུང་ནས་ཐེངས་མང་བླངས་ཀྱང་འབྲས་བུ་མ་ཐོན་པར་ཤོག་ལེབ་གཅིག་ཡོད་པའི་གྱོད་གཏུག་སྙན་ཞུ་ཅིག་ཕུལ། འོན་ཀྱང་། ཁོས་ས་ཞིང་བདག་ཏུ་བཟུང་བའི་འབྲེལ་ཡོད་རྒྱུ་ཆ་མཁོ་འདོན་བྱེད་མ་ཐུབ་པར་འདྲི་གཅོད་དང་པོའི་དཔྱད་མཚམས་མགྱོགས་མྱུར་ཕམ་པར་གྱུར།

བྱིས་པ་འཕྲུལ་རྟའི་འཕོང་དུ་བཟུང་ནས་སན་མུའུ་སླར་ཡང་གཏུག་བཤེར་གྱི་ལམ་བུའི་སྟེང་བསྐྱོད་པ་དང་། མིག་ཆུ་བཞུར་ཞོར་རང་ཉིད་ཀྱི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་དཔང་ཡིག་དང་མ་མཐའི་འཚོ་བའི་འགན་སྲུང་གི་དཔང་ཡིག་ཁྲིམས་ཁང་གི་ཞབས་ཞུའི་ལས་གནས་སུ་བྱིན།

གྱོད་གཞི་དེ་འབྱོར་རྗེས་འདྲི་ཞིབ་བྱེད་མཁན་ཁྲིམས་དཔོན་བཀྲ་ཤིས་མཚོ་མོས་མཉམ་གྲོས་ཁྲིམས་རར་གང་འདྲ་བྱས་ཏེ་ཁྲིམས་མཐུན་ངང་དཔང་རྟགས་ལེན་དགོས་པའི་ཐད་ཚང་མར་གྲོས་བསྡུར་བྱས་པ་དང་། སན་མུའུ་ཡི་གཏུག་བཤེར་གྲོན་དངུལ་ཇི་ལྟར་བྱས་ནས་མེད་པར་བཟོ་བ་དང་། ས་ཆ་སྤྱོད་དབང་ལག་ཁྱེར་གྱི་གཏོགས་ཁོངས་དང་ཐོ་འགོད་བྱས་པའི་ནང་དོན་ཇི་ལྟར་ངོས་འཛིན་བྱ་དགོས་པ་སོགས་ཀྱི་ཐད་ཁོ་མོ་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་ཅུའུ་ཡི་ནང་ཐེངས་མང་བསྐྱོད་དེ། སན་མུའུ་ཚང་གི་གཏོར་སྐྱོན་ཐེབས་པའི་ལྕགས་ར་དང་སིལ་ཏོག་རྭ་བར་ཡང་ཡང་ལྟ་ཞིབ་བྱས་པ་རེད།

སན་མུའུ་ཡི་ཁྱིམ་ཚང་ཐག་རིང་ལུང་ཁུག་ཏུ་གནས་པ་དང་ཁོ་ནི་བོད་རིགས་ཡིན་པས་རྒྱ་སྐད་བཤད་པའི་ཐད་དཀའ་ངལ་ཡོད་པ་ཤེས་ནས། བཀྲ་ཤིས་མཚོ་མོས་ཁ་རྒྱ་སྡེ་བར་སྐོར་སྐྱོད་ཁྲིམས་ར་བཙུགས་ནས་ས་ཆ་དེ་རུ་ཁྲིམས་རའི་འདྲི་གཅོད་དང་དབང་ཆར་བཙན་གནོད་ཀྱི་ཁྲིམས་དོན་གྲོས་གཞི་ཐག་གཅོད་བྱ་རྒྱུ་བྱས་པ་མ་ཟད་སྐད་གཉིས་ཀྱི་གཏུག་བཤེར་བྱེད་སྟངས་ལག་བསྟར་བྱ་རྒྱུའི་ཐག་བཅད་པ་རེད།

བཀྲ་ཤིས་མཚོ་མོས་ང་ཚོར་ལོ་དེའི་དབྱར་ཁར་ཁྲིམས་ཀྱི་འདྲི་གཅོད་བྱ་ཡུལ་དུ་ཁྲིམས་ཀྱི་དབྱུག་པ་སྡེ་མི་ཡོངས་ཀྱི་སེམས་སུ་འབབ་ཏུ་བཅུག་སྟེ། མཐའ་མའི་དཔྱད་མཚམས་སུ་སན་མུའུ་རྒྱལ་བ་རེད་ཟེར།

དཔྱད་མཚམས་ཀྱི་ནུས་པ་ཐོན་ནས་གཟའ་འཁོར་གཅིག་འགོར་རྗེས། བཀྲ་ཤིས་མཚོ་མོས་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚོ་ཁྲིད་དེ་སན་མུའུ་ཚང་ལ་སླར་ཡང་བཅར་འདྲི་བྱས་ནས་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། དུས་རྒྱུན་དུ་ཁོ་ལ་འཚོ་བའི་ཐད་རོགས་སྐྱོར་བྱས་པ་རེད། དུས་རྒྱུན་ཁོ་ཚང་ལ་འཚམས་འདྲི་བྱེད་དུ་འགྲོ་བཞིན་ཡོད་པས། ཁྲིམས་དཔོན་མཐོང་ཚེ་སན་མུའུ་ཡི་བུ་ཚེ་རིང་བཀྲ་ཤིས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཡོད། འོན་ཀྱང་སན་མུའུ་ཡིས་མིག་མཐར་འཆི་མ་འཁོར་བཞིན་བཀྲ་ཤིས་མཚོ་མོར་བཤད་རྒྱུར། དུས་ཆེན་ཞིག་ཐོན་ཐེངས་རེར་བྱིས་པས་སྒོའི་ཕྱི་རོལ་དུ་བལྟས་ནས་ཁྱེད་ཚོ་ཡོང་རྒྱུར་རེ་བ་བྱེད་ཀྱིན་ཡོད་ཅེས་བཤད།

ཁྲིམས་སྐྱོང་དད་སེམས་ཀྱི་ཐོག་མའི་བསམ་འདུན་དང་དམངས་ཀྱི་ཆེད་ཁྲིམས་འཛིན་པའི་བརྩེ་སེམས་ཡོད་ཚེ། ངེས་པར་དུ་འགན་འཁྲིའི་བསམ་པ་དང་འགན་འཁྲི་འཁུར་སེམས་ཆེན་པོ་ལྡན་ངེས་རེད།

“དཔྱིད་ནི་དྲི་ཞིམ་ལ་བརྟེན་ནས་མཛེས་སྡུག་ལྡན། དཔོན་ནི་སྤྱོད་པ་གཙང་བར་བརྟེན་ནས་མཆོག་ཏུ་འགྱུར།” དེ་ནི་བཀྲ་ཤིས་མཚོ་མོས་མགྲོན་གཏུག་ཁང་དུ་བཅར་འདྲི་དང་ལེན་བྱེད་སྐབས་ཁོ་མོའི་མགོ་ཐོག་གི་གྱང་ངོར་བཀལ་བའི་ཚིག་ཞིག་རེད། དེའི་སྐོར་གླེང་སྐབས་བུད་མེད་ཁྲིམས་དཔོན་དེས་འཛུམ་དམུལ་དམུལ་ངང“ངའི་བསམ་པར་ཁོར་ཡུག་བཟང་པོས་མི་ལ་བྱ་སྤྱོད་བཟང་བོ་ཤུགས་རྐྱེན་ཐེབས་སུ་འཇུག་ཐུབ་པར་སྙམ་པ་དེ་ཡིན”ཅེས་བཤད།

ཁོ་མོའི་མྱོང་ཚོར་ཟིན་བྲིས་ལ་ལྟ་སྐབས། བཀྲ་ཤིས་མཚོ་མོས་རང་ཉིད་ཀྱི་ལོ་སོ་གཅིག་རིང་གི་ཁྲིམས་འཛིན་ལས་རིགས་ལོ་རྒྱུས་ལ་དེ་ལྟར་དཔྱད་གཏམ་སྤེལ་བ་སྟེ། ཡོངས་ཁྱབ་ཀྱི་སེམས་ནི་ཁྲིམས་སྐྱོང་གི་རྨང་གཞི་དང་། ཡོངས་ཁྱབ་ཀྱི་ཀུན་སྤྱོད་ནི་སྤྱི་ཚོགས་ཀྱི་རྨང་གཞི་རེད། ཏང་ལ་བློ་དཀར་སེམས་དཀར་དང་བཅའ་ཁྲིམས་ལ་ཡིད་ཆེས་པ། བྱ་བར་དགའ་བ། རང་ལ་ཡིད་ཆེས་པ། གཞུང་སེམས་དྲང་པོ་བཅས་བྱེད་མཁན་གྱི་ཁྲིམས་དཔོན་ནི་གཞི་ནས་ཚད་ལྡན་གྱི་ཁྲིམས་དཔོན་ཞིག་རེད།

ན་ཚ་བྱུང་རུང་ད་དུང་དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་སྒྲུབ་བཞིན་ཡོད་པ་དང་། མོ་ནི་ཁྲིམས་ཁང་ཡོངས་ཀྱི་གྱོད་དོན་ཞིབ་གཅོད་བྱེད་ཐེངས་ཆེས་མང་པོའི་ཁྲིམས་དཔོན་ཞིག་རེད། ཁོ་མོས་གཉེན་ཉེ་ལྟར་མང་ཚོགས་ལ་བྱམས་སྐྱོང་བྱས་ནས། དོ་བདག་པར་ཁྲིམས་སྐྱོང་གི་དད་སེམས་ལྡན་དུ་བཅུག་པ་དང་། ཁོ་མོར་དུས་ཚོད་ཞིག་ཡོད་ཚེ་འདྲི་གཅོད་སྔོན་གྱི་བརྗོད་གཞིར་ཞིབ་འཇུག་བྱེད་པ་དང་། རྩེར་སོན་གྱི་ལས་སྒོའི་ཐོག་ནས་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱས་པ་རེད།

ཁྲིམས་དཔོན་ཞིག་ཡིན་པའི་ཆ་ནས་བཀྲ་ཤིས་མཚོ་མོས་འདྲི་གཅོད་དབང་ཆ་འཛིན་པའི་དོན་སྙིང་གསལ་པོ་ཤེས་ཀྱིན་ཡོད། ཉེས་ཅན་གྱིས་ཐེངས་མང་པོར་འཇིགས་སྐུལ་བྱས་རུང་ཁོ་མོ་སྤྱོད་བཟང་བརྗིད་ཉམས་ལྡན་པ་ཞིག་རེད། གཉེན་ཉེའི་བྱིས་པའི་ལས་ཞུགས་ལ་དཀའ་ཁག་ཆེ་བ་མཐོང་བས་མི་ཞིག་གིས་རང་འགུལ་གྱིས་བྱ་བ་འདོན་སྤྲོད་བྱས་མོད། ཁོ་མོས་ཚིག་བཙན་པོས་དང་ལེན་མ་བྱས།

ཉེ་འགྲམ་གྱི་ན་གཞོན་ཁྲིམས་དཔོན་རྣམས་ཀྱིས་ད་ལྟའང་ཁོ་མོའི་བཀའ་སློབ་ཡིད་ལ་བརྟན་པོར་བཅངས་ཡོད། “ཁྲིམས་དཔོན་ཡང་སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པས། དབང་ཆར་ཐེ་ཇུས་དང་དངུལ་གྱི་བསླུ་བྲིད། གཉེན་ཉེའི་བརྩེ་འདང་གི་བཀག་སྐྱིལ་བཅས་བྱེད་སྲིད་མོད། འོན་ཀྱང‘ཁྲིམས་དཔོན་གྱི་གོང་རིམ་ན་བཅའ་ཁྲིམས་ཁོ་ན་ལས་མེད་པ’རྒྱུན་འཁྱོངས་བྱས་ཚེ། ང་ཚོས་གནོན་ཤུགས་ཐེག་ཐུབ་པ་དང་གྱོད་གཞི་ཚང་མ་དཔྱད་ཁྲ་རྩོད་མེད་ཅིག་སྒྲུབ་ཐུབ།

ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་དམངས་དོན་དང་ཉེས་དོན་འདྲི་གཅོད་ཀྱི་བྱ་བའི་ཉམས་མྱོང་ལས། ཁོ་མོས་འདྲི་གཅོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པ་དང་། དེ་ནི་བདེན་དཔང་ཚང་མར་ཞིབ་བཤེར་ནན་ཏན་བྱེད་དགོས་པ་དང་། ཁྲིམས་གཅོད་ཡིག་ཆ་ཚང་མར་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པ། དོ་བདག་ཚང་མར་ལྟ་སྟངས་ཟོལ་མེད་འཛིན་པ་བཅས་བྱེད་དགོས་པ་དེ་རེད།

གཞི་གྲངས་འདི་འདྲ་ཞིག་ཡོད་དེ། འདྲི་གཅོད་གཙོ་བོའི་ཁྲིམས་དཔོན་གྱི་འགན་འཁུར་བ་ནས་བཟུང་། བཀྲ་ཤིས་མཚོ་མོས་གྱོད་གཞི་དོན་བཞི་ཞིབ་གཅོད་བྱས་པ་དང་། མཉམ་གྲོས་ཁྲིམས་རར་ཞུགས་ནས་འདྲི་གཅོད་པ་ཆེན་མོ་དང་དེ་མིན་ཆ་འཕྲིན་ཅན་གྱི་ཁུ་སིམ་རྣམ་པའི་དོ་དམ་བྱས་པའི་དམངས་དོན་ཚོང་དོན་གྱོད་གཞི་སུམ་བརྒྱ་སོ་དགུ་དང་། སྲིད་འཛིན་གྱོད་གཞི་ལྔ། ཉེས་དོན་གྱོད་གཞི་བཅོ་ལྔ་བཅས་ཞིབ་གཅོད་བྱས་ཚད་བརྒྱ་ཆའི་གོ་བརྒྱད་ཡན་ཟིན་ཡོད་པ་དང་། དམངས་དོན་གྱོད་གཞི་དང་ཚོང་དོན་གཞན་སྒྱུར་དང་འདུམ་འགྲིག་བྱས་ཚད་བརྒྱ་ཆའི་དྲུག་ཅུའི་ཡན་ཟིན་ཡོད་ལ། གྱོད་གཞིའི་སྤུས་ཚད་དང་ལས་ཕྱོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

བོད་རིགས་ཁྲིམས་དཔོན་ཞིག་ཡིན་པའི་ཆ་ནས། བོད་རྒྱ་སྐད་གཉིས་ཀྱི་ལེགས་ཆ་ལས་ཁོ་མོ་གཞི་རིམ་མང་ཚོགས་དང་འབྲེལ་འདྲིས་བྱེད་བདེ་ལ། ཁུལ་ཁོངས་ཀྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་ཁྲི་གསུམ་དང་སྟོང་གཉིས་ཟིན་པའི་ཞབས་ཞུའི་ས་ཁོངས་ལ་དམིགས་ནས། ཟླ་རེར་ཁོ་མོས་ལས་སྒོའི་ཐད་འཇོན་པའི་ཁྲིམས་དཔོན་སྐོང་འཐེན་བྱས་ཏེ་སྐོར་སྐྱོད་ཁྲིམས་ར་བཙུགས་ནས། རས་གུར་དང་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་འགལ་བ་འདུམ་འགྲིག་བྱས་པས། གཞི་རིམ་རོང་འབྲོག་མང་ཚོགས་ཀྱི་གཏུག་བཤེར་མ་རྩ་ཧ་ཅང་ཇེ་དམའ་རུ་བཏང་ཡོད།

ལས་བྱེད་པས་ལས་ཀ་ལས་རྒྱུ་ཨང་དང་པོར་འཛིན་དགོས། དཀའ་ངལ་སྟོང་ལ་འཕྲད་ཀྱང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་འབད་བརྩོན་བྱས་ན་དཀའ་བ་མེད།

“སྤྱིར་བཏང་གི་བྱ་སྤྱོད་ལས་མི་སེམས་འགུལ་བར་བྱེད་ཐུབ། ཉེ་འགྲམ་གྱི་དཔེ་མཚོན་གྱིས་འབད་འཐབ་ཀྱི་སྟོབས་ཤུགས་འཕེལ་ཐུབ་ངེས་རེད། བཀྲ་ཤིས་མཚོ་མོ་ནི་མེ་ལོང་ཞིག་དང་འདྲ་བར་རྨ་ལྷོ་ཁུལ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་སེམས་པ་རྣམ་དག་གི་ལམ་དུ་ཁྲིད་ཡོད”ཅེས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན། གློ་སྐྲན་ཕོག་ཡོད་རུང་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་མཁན་ལུའུ་ཀྲུང་ཆིན་གྱིས་རང་ཉིད་ཀྱི་མིག་དཔེར་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད།

རྨ་ལྷོ་ཁྲིམས་ཁང་གིས“སྐོར་སྐྱོད་འདྲི་གཅོད”དང“སྐད་གཉིས་གཏུག་བཤེར”གྱི་མིང་བྱང་གཉིས་བསྐྲུན་ཆེད། བཀྲ་ཤིས་མཚོ་མོས་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད། ཁོ་མོས་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་སྐད་གཉིས་ཀྱི་ཁྲིམས་རའི་འདྲི་གཅོད་དང་བོད་ཡིག་ཁྲིམས་གཅོད་ཀྱི་གཏུག་བཤེར་ཡིག་ཆ་སྔོན་ལ་ཚད་ལྡན་དུ་བཏང་བ་རེད། རྨ་ལྷོ་ཁུལ་རིམ་པ་གཉིས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།《བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རའི་འདྲི་གཅོད་བཀོལ་སྤྱོད་ཚད་གཞི》གཏན་འབེབ་བྱས་ནས། རྨ་ལྷོ་ས་ཁུལ་གྱི་རིམ་པ་གཉིས་པའི་ཁྲིམས་ཁང་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཁྲིམས་རའི་འདྲི་གཅོད་བྱེད་པའི་གོ་རིམ་གཅིག་གྱུར་བྱས་པ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འོག་རིམ་ལ་བྱིན་པའི་ཁྲིམས་གཅོད་ཡིག་ཆའི་རྣམ་པར་གཞིགས་ནས། ཁོ་མོས་རྒྱུན་སྤྱོད་ཀྱི་ཁྲིམས་གཅོད་ཡིག་རིགས156ཡིག་སྒྱུར་བྱས་པ་དང་། 《རྨ་ལྷོ་ཁུལ་ཁྲིམས་ཁང་གི་བོད་ཡིག་ཁྲིམས་གཅོད་ཡིག་ཆ་དང་དེ་མིན་ཁྲིམས་རའི་འདྲི་གཅོད་གནད་བསྡུས་དཔེ་གཞི》པར་འགྲེམས་བྱས་པ་མ་ཟད་གཅིག་གྱུར་གྱིས་ལག་བསྟར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་སུ་ཁྱབ་གདལ་དུ་བཏང་ནས་ལག་བསྟར་བྱེད་དུ་བཅུག

ཞིབ་བཤེར་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་གཙོ་གཉེར་ཡོན་ཀྲང་ཡིན་པའི་ཆ་ནས། ཁོ་མོས“རྨ་ལྷོའི་ཉམས་མྱོང”ཁྱབ་གདལ་དུ་གཏོང་བ་དང“གྱོད་གཞི་ཞིབ་ཚགས་ཅན་གྱི་དོ་དམ་བྱ་ཐབས”ལག་ལེན་བསྟར་ཆེད་རང་འགན་གཙང་སྒྲུབ་བྱེད་ཀྱིན་ཡོད། རྨ་ལྷོའི་ཁྲིམས་ཁང་གི་འདྲི་གཅོད་བྱ་བར་ཤུགས་སྣོན་བྱས་པ་མ་ཟད། ཞིང་ཆེན་ཡོངས་སུ“གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་ལྟེ་བར་འཛིན་པ་དང་། དོ་དམ་ཉུང་གཏོང་དང་འགན་འཁྲི་བདའ་འདེད་མཉམ་འགུལ་བྱེད་པ། རྟགས་ཅན་དམར་པོ་དང་སེར་པོའི་འགན་འཁྲི་རྩད་གཅོད་པ། 234མཛུབ་ཁྲིད་སོགས་འགག་རྩའི་ལམ་སྲོལ་མཉམ་དུ་ཤུགས་རྒྱག་པ”བཅས་ཀྱི“1+3”གྱི་རྨ་ལྷོའི་ཉམས་མྱོང་ཁྱབ་གདལ་བཏང་བ་མ་ཟད། གནད་འཁེལ་འཐུས་ཚང་དང་གཏན་འཁེལ་གྱི་ལམ་ལུགས་མ་ལག་ཅིག་ཏུ་གྱུར་ནས་འདྲི་གཅོད་ལྟ་སྐུལ་དོ་དམ་དེང་རབས་ཅན་དུ་གྱུར་ཡོད།

སྤྱིར་བཏང་གི་རྨ་ལྷོའི་མཚན་མོ་ཞིག་ལ། གློག་འོད་རོང་བོ་གྲོང་རྡལ་གྱི་ཁྲོམ་ལམ་ཆེ་ཆུང་གང་སར་ཁྲ་ཆིལ་ལེ་གནས་པ་དང་། བཀྲ་ཤིས་མཚོ་མོའི་གཞུང་ལས་ཁང་གི་གློག་འོད་སྔར་བཞིན་ཐོག་ཁང་གི་གཞོགས་གཅིག་ཏུ་འཕྲོ་བཞིན་ཡོད་པས། ང་ཚོས་ཁོ་མོས་བཤད་པའི་སྐད་ཆ་དེ་དྲན་བྱུང་།“གལ་ཏེ། བདག་གིས་ཉིན་རྒྱུན་མཚམས་སྤྲིན་གདོང་གིས་བསུས་ཏེ་ཕྱིར་ཡུལ་དུ་ལོག་ཐུབ་ཚེ། ལོ་ཟླ་ནི་གླུ་གཞས་སྙན་མོ་བཞིན་ནམ་ཡང་གསལ་ལྷང་ངེར་གྲགས་འོང”ཞེས་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།