དགེ་རྒན་བུ་མོ་མཚོ་ཡི་གནས་ཚུལ་བཀོད་པ།
2021.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ད་ལོ་ནི་བུ་མོ་མཚོ་སློབ་སྔོན་སློབ་གསོ་བྱ་བའི་ལས་རྐང་དུ་ཞུགས་ནས་ལོ་བཅུ་འགོར་བའི་ལོ་རེད།  ཁོ་མོའི་མིག་ལམ་དུ་བུ་བཅོལ་ཁང་གི་ཁོར་ཡུག་ནི་ཚོན་མདང་རྣམ་པར་བཀྲ་བར་མ་ཟད། གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཡང་ཡོད་པ་རེད།

2011ལོར་བུ་མོ་མཚོས་སློབ་སྔོན་སློབ་གསོའི་འབྲིང་རིམ་ཆེད་སྦྱོང་རིམ་པའི་བསླབ་གནས་བླངས་རྗེས་།  ཕྱིར་ཁོ་མོའི་ཕ་ཡུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ལོག་ནས་བུ་བཅོལ་ཁང་གི་དགེ་རྒན་གྱི་ལས་ཀ་གཉེར།

“ལོ་བཅུའི་ཡར་སྔོན་དུ་ང་རང་མུ་རི་གྲོང་རྡལ་ཇ་སག་སྡེ་བའི་བུ་བཅོལ་ཁང་དུ་འོངས་པ་དང་།  སྐབས་དེར་བུ་བཅོལ་ཁང་དུ་བྱིས་པ་བཅུ་དང་དགེ་རྒན་གཉིས།  ཁང་ལེབ་ཁ་ཤས་བཅས་མ་གཏོགས་མི་འདུག དགུན་ཁ་ཐོན་དུས་སུ་དགེ་རྒན་རྣམས་སྔ་མོར་ལངས་ཡོང་ནས་ལྕགས་ཐབ་ཀྱི་ནང་དུ་མེ་ཁ་གསོ་དགོས། ”ཞེས་བུ་མོ་མཚོས་སྔོན་ཆད་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད། སྐབས་དེར་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་དེ་འདྲ་ཞན་ནའང་། བུ་མོ་མཚོས་རང་གི་སློབ་མ་རྣམས་ཀྱི་མིག་འོད་དྭངས་མོ་དེ་དག་མཐོང་ཐེངས་རེ་ལ་རང་ཉིད་ཀྱི་བྱ་བ་དེ་ནི་གཟི་བརྗིད་ལྡན་པའི་ལས་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

རྗེས་སུ་བུ་མོ་མཚོས་རྒྱུགས་བླངས་ནས་རྫོང་མཁར་གྱི་བུ་བཅོལ་ཁང་དུ་ལས་གནས་སྤར། “རྫོང་མཁར་གྱི་བུ་བཅོལ་ཁང་གི་ཆ་རྐྱེན་དེ་སྔོན་ཆད་ཀྱི་སྡེ་བའི་བུ་བཅོལ་ཁང་གི་ཆ་རྐྱེན་ལས་བཟང་མོད། ཡིན་ནའང་ཁྱིམ་བདག་རྣམས་ཀྱིས་སློབ་སྔོན་སློབ་གསོའི་ཐད་དེ་འདྲ་དོ་ཁུར་མི་བྱེད་པ་དང་བྱིས་པ་སློབ་གྲྭར་སྐྱེལ་མཁན་ཡང་མང་པོ་ཞིག་མི་འདུག  ”ཟེར།

ཞིང་ཆེན་ཡོངས་ཀྱིས་སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་བཏོན་པ་དེས་སློབ་སྔོན་སློབ་གསོའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ།  “བུ་བཅོལ་ཁང་གི་སྒྲིག་ཆས་སྐོར་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་ཆེད་ལས་རང་བཞིན་གྱི་དགེ་རྒན་ཡང་ཇེ་མང་དུ་སོང་བ་དང་བསྟུན་ནས་ཁྱིམ་བདག་གི་འདུ་ཤེས་ཐད་ལའང་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་སོང”ཟེར། ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་བར་བུ་མོ་མཚོས་རྒྱུགས་སྤྲད་དེ་གསར་དུ་འཛུགས་སྐྲུན་བྱས་པའི་མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་བུ་བཅོལ་ཁང་དུ་ཡོང་བ་རེད།

ཁྱོད་ཀྱིས་ལྟོས་དང་།ང་ཚོའི་བུ་བཅོལ་ཁང་དེ་ཞིང་ཆེན་རིམ་པའི་བུ་བཅོལ་ཁང་དང་མི་འདྲ་ས་ཆེར་ཡོད་དམ།”  ད་ལྟའི་བུ་བཅོལ་ཁང་གི་གནས་ཚུལ་སྐོར་གླེང་སྐབས་བུ་མོ་མཚོའི་སེམས་སུ་གདེང་ཚོད་དང་ཡིད་ཆེས་ཀྱིས་ཁེངས་འདུག

སློབ་སྔོན་སློབ་གསོའི་འཕེལ་རྒྱས་དེ་བུ་མོ་མཚོས་བལྟས་ན་གཙོ་བོ་སྲིད་གཞུང་གིས་མཐོང་ཆེན་དང་མ་དངུལ་མང་པོ་བཏང་པ་ལས་བྱུང་བར་འདོད། “རྫོང་རིམ་པས་སློབ་སྔོན་སློབ་གསོའི་སྐོར་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། ཐོག་ཁང་འདི་འདྲ་ཡག་པོ་ཞིག་འཛུགས་སྐྲུན་བྱས་པར་མ་ཟད། རོལ་རྩེད་སྐོར་གྱི་སློབ་ཁྲིད་བྱེད་ཐབས་ཀྱང་ལག་ལེན་དུ་བསྟར་བཞིན་ཡོད་པས་བྱིས་པ་རྣམས་སྤྲོ་སྐྱིད་ལྡན་ལ་དགེ་རྒན་ཚོས་ཀྱང་འགན་ཆེན་པོ་ཁུར་བཞིན་ཡོད ”ཟེར།

སློབ་གསོ་དང་སློབ་ཁྲིད་ཀྱི་ཁོར་ཡུག་འདི་འདྲ་ཡག་པོ་ཞིག་ཡོད་པས་འབྲིང་རིམ་ཆེད་ལས་ནས་ཐོན་པའི་བུ་མོ་མཚོས་རང་གི་བསླབ་གནས་མཐོ་རུ་བཏང་སྟེ་སློབ་སྔོན་སློབ་གསོའི་ཐད་ལ་སྔར་ལས་རང་ནུས་འདོན་པའི་ཕྱོགས་ལ་བསམ་བློ་གཏོང་བཞིན་འདུག

“སྔོན་ཆད་བསླབ་གནས་ཇེ་མཐོར་གཏང་རྒྱུའི་བྱ་བ་ནི་དེ་འདྲ་སླ་མོ་ཞིག་མིན་མོད། ད་ལྟ་མཚོ་སྔོན་ཞིང་ཆེན་གྱིས་འབྲིང་རིམ་དང་མཐོ་རིམ་ལས་རིགས་ལག་རྩལ་གྱི་ལམ་བུ་དེ་སྔར་ལས་ཡངས་བོར་ཕྱེས་ཡོད་པས། གལ་ཏེ་ཁྱོད་ཀྱིས་སློབ་སྦྱོང་བྱེད་ཐུབ་ཚེ་བསླབ་གནས་ཇེ་མཐོར་གཏང་རྒྱུར་གནད་དོན་ཅི་ཡང་མེད”ཟེར།  2017ལོར་བུ་མོ་མཚོས་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་བསླབ་གནས་བླངས་པ་རེད།  ད་ལྟ་བུ་མོ་མཚོས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་སྔོན་སློབ་གསོའི་ཆེད་ལས་ཀྱི་དངོས་གཞིའི་བསླབ་གནས་བླངས་ཡོད་དང་། ཁོ་མོ་ནི་བུ་བཅོལ་ཁང་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

བུ་མོ་མཚོའི་སེམས་སུ་ནམ་ཡང་དྲན་བཞིན་པ་ནི་ཁྱིམ་བདག་སྔར་ལས་མང་པོ་ཞིག་གིས་སློབ་སྔོན་སློབ་གསོའི་གལ་ཆེན་རང་བཞིན་ཤེས་རྟོགས་འབྱུང་ཐུབ་པ་བྱེད་རྒྱུ་དེ་རེད།

སྔོན་ཆད་བུ་བཅོལ་ཁང་གི་དགེ་རྒན་རྣམས་སློབ་མ་བསྡུ་རུབ་བྱེད་དུ་འགྲོ་དགོས་ཤིང་ད་ལྟ་ཁྱིམ་བདག་རྣམས་ཀྱིས་རང་འགུལ་ངང་སློབ་མ་སློབ་གྲྭར་བསྐྱལ་ནས་མིང་ཐོ་འགོད་བཞིན་ཡོད་པ་རེད།

ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྔོན་དུ་བུ་བཅོལ་ཁང་གིས་བརྗོད་དོན་གཙོ་བོའི་བྱ་འགུལ་རྩ་འཛུགས་བྱས་པ་དང་། བྱིས་པ་རྣམས་ཀྱིས་གཟབ་མཆོར་ལེགས་པོར་སྤྲས་ཤིང་དགེ་རྒན་ཚོས་ཀྱང་ལེ་ཚན་སྣ་ཚོགས་ཤིག་བཀོད་སྒྲིག་བྱས་ཡོད་པ་རེད།

《ང་དང་ང་ཡི་མེས་རྒྱལ》ཞེས་པའི་གླུ་གཞས་དེས་དགེ་རྒན་ཚོའི་བསམ་འདུན་མཚོན་པར་བྱས། “དར་དམར་འོག་ཏུ་འཚར་ལོངས་བྱུང་བའི་ང་ཚོས་ད་ལྟའི་འཚོ་བའི་བདེ་སྐྱིད་ཚོར་ཡོད། མདོ་ལ་རྫོང་གི་བུ་བཅོལ་ཁང་དུ་དགེ་རྒན་ཚང་མའི་ལས་ཀ་འདྲ་མཉམ་ཡིན་ལ་ཐོབ་ཆ་གཅིག་མཚུངས་ཡིན་པའི་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད།  ཟླ་རེར་སྤྲོད་དགོས་པའི་འགན་སྲུང་དངུལ་འཐེན་རྗེས་དགེ་རྒན་རེ་རེའི་ལག་དུ་སྒོར་མོ་སྟོང་བདུན་ཡས་མས་རེ་འབབ་ཀྱི་ཡོད།  སློབ་གྲྭའི་ནང་དུ་ང་ཚོའི་འགན་ཁུར་གཙོ་བོ་ནི་བྱིས་པ་རྣམས་ལ་བདག་སྐྱོང་ལེགས་པོ་བྱེད་རྒྱུ་དེ་ཡིན”བུ་མོ་མཚོས་དེ་ལྟར་བཤད་བཞིན་རང་གི་གླ་ཕོགས་ཀྱི་ཤོག་བྱང་སྟོན་ཞོར་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག

“མེས་རྒྱལ་གྱི་གཟི་འོད་ལྡན་པའི་འོད་སྟོང་ཁྲོད་ང་ཚོར་ད་གཟོད་འདི་འདྲའི་བརྟན་འཇགས་ཀྱི་འཚོ་བ་ཞིག་ཡོད་པ་དང་། བྱིས་པ་རྣམས་ཀྱི་གདོང་ལས་ཀྱང་འདི་འདྲའི་བདེ་སྐྱིད་ཀྱི་འཛམ་མདངས་མཐོང་ཐུབ ”ཅེས་བུ་མོ་མཚོ་ཡིས་བཤད།

                                                                               ཡིག་སྒྱུར་བ། གཡང་འབུམ་རྒྱལ།