ལག་ཤེས་སྒྱུ་རྩལ་ལ་བརྒྱུས་པའི་ཀུན་སྤྱོད་ཀྱི་སྟོབས་ཤུགས།
2021.11.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 61

--རྒྱལ་ཡོངས་ཀྱི་སྐབས་བརྒྱད་པའི་ཀུན་སྤྱོད་དཔེ་ལེགས་ཀྱི་མཚན་སྙན་ཐོབ་མཁན་བན་དེ་རྒྱ་མཚོའི་གནས་ཚུལ།

བན་དེ་རྒྱ་མཚོ། ཕོ། ཧོར་རིགས། 1983ལོའི་ཟླ7པར་སྐྱེས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་སྒྱུ་རྩལ་པ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་བཟོ་རྩལ་པའང་ཡིན།

ཟླ11པའི་ཚེས6ཉིན། སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་བཞུགས་མོལ་ཚོགས་འདུ་དང་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིན་དུ་འཚོགས། མཚོ་སྔོན་ཞིང་ཆེན་གྱིས་འོས་སྦྱོར་བྱས་པའི་འདེམས་སྒུག་པ་བན་དེ་རྒྱ་མཚོ་ལ་སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཀྱི་མཚན་སྙན་ཐོབ།

ཀུན་སྤྱོད་དཔེ་ལེགས་ནི་ཀུན་སྤྱོད་ལག་ལེན་གྱི་མིག་དཔེ་ཡིན་པ་དང་། གསོན་ཉམས་ལྡན་པའི་རིན་ཐང་ལྟ་བ་དང་དངོས་ཡོད་ཀྱི་དྲང་ནུས་ཡིན།

མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གཟི་བརྗིད་མཚན་སྙན་དེ་དང་ལེན་བྱེད་སྐབས། ངའི་སེམས་པ་ཡུན་རིང་ལྷོད་ལ་འབབ་མ་ཐུབ་ལ།  གཟི་བརྗིད་མཚན་སྙན་དེ་ནི་རང་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་ཞིག་རེད།   རྗེས་ཕྱོགས་སུ་ངས་གཟི་བརྗིད་ལ་གཅེས་སྤྲས་དང་སྤྱོད་བཟང་ལ་བརྩི་མཐོང་བྱས་ནས།  ཉེ་འགྲམ་གྱི་མི་རྣམས་དང་མཉམ་དུ་འབད་འཐབ་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་ཀྱིས་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བན་དེ་རྒྱ་མཚོས་དེ་ལྟར་བཤད།  ཟླ11ཚེས6ཉིན་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་གཞན་ཕན་སྒྲུབ་རྒྱུར་དགའ་བའི་དཔེ་ལེགས་པའི་མཚན་སྙན་ཐོབ་མཁན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་སྒྱུ་རྩལ་པ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་བཟོ་རྩལ་པ་བན་དེ་རྒྱ་མཚོ་ཡིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་མི་སྣར་གཟེངས་བསྟོད་བྱེད་པའི་མཛད་སྒོར་ཞུགས་པའི་མྱོང་ཚོར་མཉམ་སྤྱོད་བྱས།

ད་ལོ་ལོ38ལ་སླེབས་པའི་བན་དེ་རྒྱ་མཚོས་རེབ་གོང་སྒྱུ་རྩལ་ལ་དུངས་པའི་རྐྱེན་གྱིས། ཁོ་རང་ཡུལ་གྲུ་འདིའི་སྟེང་འཚོ་བ་རོལ་བཞིན་པའི་མང་ཚོགས་ལ་སེམས་གཏིང་ནས་དགའ་བ་སྐྱེས་ཡོད་ལ། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ཀྱང་ལེགས་སྐྱེས་སུ་འབུལ་བཞིན་ཡོད།   2010ལོའི་ཚུན་ལ། ཁོས་རང་གི་གསོག་དངུལ་ལས་ལོ་རེར་སྒོར་ས་ཡ་གཉིས་བླངས་ནས། དབུལ་ཕོངས་སློབ་མ་བརྒྱ་དང་བདུན་ཅུར་རིན་མེད་སྒོས་སློབ་སྦྱོང་དང་ཟ་མ། སྡོད་ས་བཅས་ཀྱི་ཁ་གསབ་ཏུ་སྟེར་བ་དང་། 2014ལོ་ནས་བཟུང་། བན་དེ་རྒྱ་མཚོས་བསྟུད་མར་ལོ་མང་པོར་ཐུན་རིན་གྲོང་ཁྱེར་གྱི་བདག་མེད་ལོ་ལོན་དང་། ཁྱིམ་ཚང་དབུལ་པོ།  གྲོང་གསེབ་འཛུགས་སྐྲུན་སོགས་ལ་ཞལ་འདེབས་ཕུལ་བ་དང་། རང་འགུལ་ངང་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་གནད་དོན་ཐག་གཅོད་རོགས་བྱས་པས། ས་གནས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ། ཉེ་བའི་ལོ་ཤས་རིང་ཁོ་ལ་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་དང་ཡུལ་སྐོར་འཇོན་ཐང་ཅན།  རྒྱལ་ཡོངས་ཀྱི“ སྣེ་ཁྲིད་ཟུང་”གི་ཞིང་སྡེའི་ཕྱུག་འགྱུར་ན་གཞོན་སྔོན་ཐོན་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་གང་མང་ཐོབ་མྱོང་།

བན་དེ་རྒྱ་མཚོ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་སེང་གེ་གཤོང་སྡེ་བར་སྐྱེས་ཤིང་། སྡེ་བ་དེར་རེབ་གོང་སྒྱུ་རྩལ་གྱི་ཕ་ས་ཞེས་བརྗོད་ཀྱི་ཡོད་ལ། སེང་གེ་གཤོང་གི་ལྷ་རིས་སྒྱུ་རྩལ་པ་ཚང་མས་རི་མོ་འབྲི་རྒྱུ་ནི་མི་ཚེ་འདིའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཁྱིམ་མིའི་ཤུགས་རྐྱེན་ཐེབས་འོག་ བན་དེ་རྒྱ་མཚོ་ཆུང་དུས་ནས་བཟུང་རི་མོ་འབྲི་རྒྱུར་ཧ་ཅང་དགའ། དེ་ལྟར་ལོ་དུ་མར་རི་མོ་འབྲི་སྦྱོང་ལ་འབད་པ་བྱས་མཐར།   ལོ་ཉེར་བདུན་གྱི་སྐབས་སུ་རིམ་བཞིན་ཐང་གའི་སྒྱུ་རྩལ་པ་གྲགས་ཅན་ཞིག་ཏུ་གྱུར་ཏེ།  ཐུན་རིན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་རི་མོ་དགེ་རྒན་གྱི་འགན་འཁུར་བ་དང་ཆབས་ཅིག  རང་ཁྱིམ་གྱི་བདག་གཉེར་ལས་ཀའི་ཕྱོགས་ལའང་འབད་པ་བྱས།

ཐང་ག་འབྲི་བཞེངས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་ན། ཐོག་མར་ཁྱིམ་ཚང་དབུལ་པོར་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་བརྒྱུད་ཁྲིད་བྱེད་དགོས།            ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི་ཇུས་འགོད་དང་། ལས་སྣོན། ཐོན་སྐྱེད།  གསོ་སྦྱོང་།  ཕྱིར་འཚོང་། འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་དམངས་གཉེར་ཁེ་ལས་ཤིག་ཡིན་ལ།  གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྒྱུ་རྩལ་ཤེས་ལྡན་པ་སྐྱེད་སྲིང་བྱེད་པའི་རྟེན་གཞི་ཞིག་ཡིན་པ་དང་ཆབས་ཅིག རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡི་གཟུགས་འདས་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་གྲྭ་དང་པོའང་ཡིན་པ་རེད།

ཉེ་བའི་ལོ་འགའི་རིང་། བན་དེ་རྒྱ་མཚོས་སྔ་རྗེས་སུ་མཛུབ་སྟོན་དང་གསོ་སྐྱོང་གནང་བའི་རེབ་གོང་ལྷ་རིས་སྒྱུ་རྩལ་པ་མི528ལ་སླེབས་ཡོད།  2010ལོའི་ཚུན་ལ། ཁོས་རང་གི་གསོག་དངུལ་ལས་ལོ་རེར་སྒོར་ས་ཡ་གཉིས་བཏང་ནས། དབུལ་ཕོངས་སློབ་མར་རིན་མེད་སྒོས་སློབ་སྦྱོང་དང་ཟ་མ། སྡོད་ས་བཅས་ཀྱི་ཁ་གསབ་བྱས་ལ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

2020ལོར་པྲོག་གསར་གློ་ཚད་རིམས་ནད་མཆེད་པའི་སྐབས་སུ་སློབ་མ་མང་པོ་ཞིག་སྒྱུ་རྩལ་གླིང་དུ་སློབ་སྦྱོང་བྱེད་པར་ཡོང་མ་ཐུབ་པར་བརྟེན། བན་དེ་རྒྱ་མཚོས་སློབ་མའི་ཁྱིམ་དུ་སོང་ནས་ཁོ་ཚོར་རི་མོ་འབྲི་བཞེངས་ཀྱི་ལག་རྩལ་སློབ་ཁྲིད་བྱས།  སློབ་མ་ཚོ་སྒྱུ་རྩལ་གླིང་དུ་ཡོང་མ་ཐུབ་ནའང་ང་ཚོས་ཁོ་ཚོར་ཁ་གསབ་རོགས་དངུལ་བྱིན་ནས་ཁོ་ཚོ་དཀའ་ཁག་ལས་ཐར་བར་རོགས་རམ་ཅི་ཐུབ་བྱས་པ་ཡིན་ཞེས་དེ་ལྟར་བཤད།

རེབ་གོང་སྒྱུ་རྩལ་གླིང་གི་དབུལ་སྐྱོར་འཁོར་ཁང་དུ་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་སྦྱོང་བཞིན་པའི་ལོ23ཡིན་པའི་སློབ་མ་སངས་རྒྱས་མཚོས་ལག་ཏུ་རི་མོ་འབྲི་བའི་སྨྱུ་གུ་བཟུང་ནས་སེམས་ཞིབ་མོས་རི་མོ་འབྲི་བཞིན་ཡོད།   མོས་བཤད་རྒྱུར།   ཆུང་དུས་ནས་ཐང་ག་འབྲི་བའི་ལག་རྩལ་ལ་སློབ་སྦྱོང་བྱས་པ་ཡིན་ལ།  རྗེས་ཕྱོགས་རང་ཉིད་ཀྱི་ལག་རྩལ་སྣ་གཅིག་ལ་བརྟེན་ནས་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཆབས་ཅིག  རེབ་གོང་སྒྱུ་རྩལ་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་རྒྱུའི་རེ་བ་བཅངས་ཡོད་ཟེར།

     བན་དེ་རྒྱ་མཚོས་སློབ་མ་རྣམས་ལ་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་ཁྲིད་བཞིན་པ། 

ས་གནས་ཀྱི་མི་མང་པོ་ཞིག་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་སློབ་ཏུ་ཡོང་བ་ལས་གཞན། ས་གཞན་གྱི་མི་མི་ཉུང་བ་ཞིག་ཀྱང་དེར་ལག་རྩལ་སློབ་ཏུ་ཡོང་བ་རེད། ཧྲན་ཏུང་ཡན་ཐའེ་ནས་ཡིན་པའི་ཧྥན་ཆིན་ཅི་ཡིས་ལོ5ཡི་རིང་ལ་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་བསླབ་ནས།   ལོའི་ཡོང་འབབ་སྒོར་ཁྲི8ཙམ་ལ་སླེབས་ཡོད།

དེ་དང་ཆབས་ཅིག་སྒྱུ་རྩལ་གླིང་གིས་ད་དུང་དབང་པོ་སྐྱོན་ཅན་ལ་ལས་གནས་མཁོ་འདོན་བྱས་ཤིང་། སློབ་མ་ཚོས་རང་ཉིད་ཀྱི་གསར་གཏོད་ཇུས་འགོད་དང་ལས་སྣོན་བྱས་པ་བརྒྱུད། ཐང་ག་དེ་ས་གནས་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སུ་གྱུར་བར་ཟད། ཁོ་ཚོའི་ཁྱིམ་ཚང་གི་ཡོང་འབབ་ཀྱང་ཇེ་མང་དུ་བཏང་ཡོད། མིག་སྔར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་སློབ་མས་ལོ་རེར་ཐང་ག་སྤུས་དག་མང་པོ་འབྲི་བཞེངས་བྱེད་བཞིན་ཡོད་པ་དང་།  སྤྱིར་བཏང་གི་སློབ་མ་ཞིག་གི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་བཞི་ནས་ལྔ་ཙམ་ཡིན་པ་དང་།  སློབ་མ་ལ་ལའི་ལོ་རེའིའི་ཡོང་འབབ་སྒོར་འབུམ་གཅིག་ཁྲི་ལྔ་ཡན་ཟིན་ཡོད།

ཁོའི་གཞན་ཕན་གྱི་ལྷག་བསམ་དེ་སློབ་མ་ཚོའི་སེམས་སུ་བརྟན་པོར་ངེས་ཡོད། “དགེ་རྒན་ནི་ང་ཚོའི་སློབ་སྦྱོང་གི་མིག་དཔེ་ཡིན་པས་ང་ཚོར་བླ་ན་མེད་པའི་ཀུན་སྤྱོད་ལག་ལེན་པ་ཞིག་བྱ་རྒྱུའི་སྐུལ་མ་གཏོང་གི་ཡོད། ངས་སྔ་མོ་ནས་ལག་རྩལ་ཁོང་དུ་ཆུད་པར་བྱས་ནས་གཞན་ཕན་གྱི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་སློབ་མ་རྡོ་རྗེ་དོན་གྲུབ་ཀྱིས་དེ་ལྟར་བཤད།

2008ལོར། དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་འོག་ཐང་གའི་བརྩམས་ཆོས་ཕྱིར་འཚོང་ལ་བཀག་འགོག་ཐེབས་པས་ཁྱིམ་ཚང་ཁ་ཤས་ལ་ཡོང་འབབ་གཅིག་ཀྱང་མེད་པར་གྱུར། བན་དེ་རྒྱ་མཚོས་དེ་མཐོང་མ་ཐག་སེམས་ལ་བྲེལ་འཚུབ་སྐྱེས་ནས། མྱུར་ཏུ་ཁྱིམ་མི་དང་མཉམ་དུ་སྒོར་འབུམ་ལྔ་བཏོན་ནས་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་བྱས། མུ་མཐུད་དུ་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་ཆེད། ཁོ་རང་པེ་ཅིན་དང་ཧྲང་ཧའེ། ཧྲིན་ཀྲིན་སོགས་ས་ཁུལ་ལ་ལས་སྒོ་འབྲེལ་གཏུག་བྱས་ཏེ། ཐང་གའི་བརྩམས་ཆོས1300ལྷག་ཕྱིར་འཚོང་བྱེད་པར་རམ་འདེགས་བྱས་ནས་ཚང་མའི་དཀའ་ཁག་སེལ། དེའི་རྗེས་སུ། བན་དེ་རྒྱ་མཚོས་ཧུར་ཐག་གིས་བརྩོན་ལེན་བྱས་པ་བརྒྱུད། ས་གནས་ལྷ་རིས་སྒྱུ་རྩལ་པ་དང་རིག་གནས་ཁེ་ལས་བར་ཉོ་ཚོང་གི་གན་རྒྱ་བཞག་པ་དང་། ས་གནས་ཀྱི་མང་ཚོགས་སྐོར་ཞིག་རེབ་གོང་སྒྱུ་རྩལ་ཐོན་ལས་སུ་ཞུགས་པར་སྐུལ་ཁྲིད་བྱས་ཤིང་། ཆ་སྙོམས་ཀྱིས་ཁྱིམ་ཚང་རེར་ལོ་རེར་ཡོང་སྒོ་སྒོར་ཁྲི་ལྔ་ནས་འབུམ་གཅིག་བར་བསྐྲུན་ཡོད།

ཇི་ལྟར་ཐང་ག་ཕྱིར་ཚོང་བྱས་ནས་ཐང་གའི་སྒྱུ་རྩལ་དེ་དབུལ་ཕོངས་ཁྱིམ་ཚང་གི་ཁྱད་ལྡན་ཐོན་ལས་ཞིག་ཏུ་འགྱུར་བར་བྱ་རྒྱུ་ནི།  རིག་གནས་དབུལ་སྐྱོར་གྱི་ནང་དོན་གལ་ཆེན་ཞིག་རེད།  བན་དེ་རྒྱ་མཚོས་ཐང་ག་འབྲི་སྟངས་དང་ཐང་ག་འབྲི་བའི་ནང་དོན་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་ཐང་གའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། རྒྱ་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ལྡན་པའི་ཐང་ག་འབྲི་བཞེངས་དང་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་ཇེ་ཆེར་བཏང་ནས། ས་གནས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་བར་མ་ཟད། ཉེ་འཁོར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་།  རེབ་གོང་གི་ཐང་ག་ཐོན་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས།   རེབ་གོང་སྒྱུ་རྩལ་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།

ནད་པ་དྲག་རྗེས་སྨན་པ་བརྗེད་མི་རུང་བ་དང་ཆུ་བོ་བརྒལ་རྗེས་ཟམ་པ་བརྗེད་མི་རུང་ཞེས་བན་ཏེ་རྒྱ་མཚོས་ནམ་ཡང་དེ་ལྟར་བཤད་ཀྱིན་ཡོད།  ཉེ་བའི་ལོ་ཤས་རིང་།  ཁོས་ནམ་ཡང་དབུལ་ཕོངས་དང་སྤྱི་ཕན་ལས་དོན་སེམས་སུ་ཉར་ནས། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་དང་ཐོན་ལས་སྲིད་ཇུས་འབྲེལ་མཐུད་ལེགས་པོ་བྱས་ནས། རིག་གནས་དབུལ་སྐྱོར་བྱས་པ་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལ་སྐུལ་ཁྲིད་བྱས་པས། ས་གནས་ཀྱི་དབུལ་སྐྱོར་དཀའ་སེལ་གྱི་མིག་དཔེར་གྱུར་ཡོད།

སྒྱུ་རྩལ་ལ་རྒྱལ་མཚམས་མེད་མོད་སྒྱུ་རྩལ་པའི་སེམས་སུ་ནམ་ཡང་མེས་རྒྱལ་ཡོད།   2020ལོའི་ཟླ8ཚེས20ཉིན། བན་དེ་རྒྱ་མཚོས་ཏང་ནང་ཞུགས་རྒྱུའི་རེ་འདོད་ཡི་གེ་ཕུལ་ནས་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་ཞིག་ཏུ་གྱུར་ཡོད། རྗེས་ཕྱོགས་བན་དེ་རྒྱ་མཚོས་མུ་མཐུད་དུ་རེབ་གོང་རིག་གནས་དར་སྤེལ་དང་རྒྱུན་འཛིན་ལེགས་པོ་བྱས་ནས། ནུས་ཤུགས་ཡོད་རྒུས་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྩིས་ཡོད་པ་རེད། ཁོས་བཤད་རྒྱུར།   མི་ཚེའི་འདིའི་ཕུགས་འདུན་ཆེ་ཤོས་ནི་སློབ་མ་ཚོ་དྲིན་ཚོར་ཤེས་པའི་རིག་གནས་རྒྱུན་འཛིན་བྱེད་མཁན་ཞིག་ཏུ་གསོ་སྐྱོང་བྱས་ནས། ཁོ་ཚོས་ཐང་གའི་རིག་གནས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་གཞན་ཕན་སྒྲུབ་པར་དགའ་བའི་སྙིང་སྟོབས་བརྒྱུད་སྤྲོད་བྱེད་དུ་འཇུག་རྒྱུ་དེ་ཡིན་ཟེར།

                                                                                                                               ཡིག་སྒྱུར་པ། སྒྲོལ་མ་སྐྱིད།