རྒན་པོ་པུ་རྒྱལ་གྱི་ལྗང་མདོག་གི་ཕུགས་འདུན།
2021.11.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

པུ་རྒྱལ་ནི་བོད་རིགས་རྒན་པོ་ཞིག་ཡིན་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ར་ཡུལ་ཚོ་ལོ་བ་ཞོལ་མ་སྡེ་བའི་ཡིན། གསར་འགོད་པས་ཁོ་རང་མཐོང་དུས་ཁོ་ནི་ལོ76ལ་སོན་ཡོད་པ་དང་། ངོ་གདོང་ནག་ཅིང་གདོང་ཡོངས་གཉེར་མས་ཁེངས་ཡོད། ལོ20ཡི་སྔོན་དུ། ཁོའི་ལུས་སྟོབས་རྒྱས་ཤིང་གཟུགས་གཞི་བདེ་ཐང་ཡིན།ཁོས་རང་ཉིད་ཀྱི་ཁྱིམ་མི་དང་མུ་གེ་ཐང་། རྗེས་རབས་པ་རྣམས་ལ་ཕན་པའི་དོན་བཟང་ཞིག་བསྒྲུབ་ཡོད་པ་ལས།རང་ཉིད་ཀྱིས་གླེན་རྟགས་ཕུད་པ་མིན་པར་སེམས་ན་གསལ་ལྷང་ངེར་ཡིན།

ལོ20ཡི་སྔོན་གྱི་དཔྱིད་ཀ་ཞིག་ལ། པུ་རྒྱལ་གྱིས་རྣམ་ཀུན་དང་འདྲ་བར་བུ་འབྲིང་བ་གུ་རུ་སྐྱབས་དང་མཉམ་དུ་ལུག་དེད་ནས་རི་འགོར་སོང་། ཁོས་ཆུང་ངུའི་དུས་ནས་བཟུང་མུ་གེ་ཐང་དུ་ལུག་འཚོས་མྱོང་པས། རྩྭ་ཐང་དང་ནོར་ལུག སྤྲིན་དཀར་བཅས་ནི་ཁོའི་ཚེ་སྲོག་དང་ཡོད་ཚད་དུ་གྱུར་ཡོད། ད་ལྟ་རྒས་གཉེར་མངོན་པའི་ཁོ་ལ་བུ་རབས་ཚ་རྒྱུད་ཀྱིས་བསྐོར་འདུག བུ་ཆེ་བས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་བྱ་བ་སྒྲུབ་ཀྱིན་ཡོད་ལ། བུ་ཆུང་བས་ཐག་རིང་ན་ཁྱིམ་ཐབ་གཉེར་ཡོད། ལུག་འཚོ་བའི་འགན་འཁུར་དེ་གུ་རུ་སྐྱབས་ལ་སྤྲད་ཡོད་པས། ཁོས་སེམས་ཁྲལ་དེ་འདྲ་བྱེད་མི་དགོས། ཡིད་དུ་འོང་བའི་མུ་གེ་ཐང་གིས་སྔར་བཞིན་ཁོའི་ནང་སེམས་ཀྱི་རྦ་རླབས་ཆལ་ཆིལ་དུ་གཡོ་བར་བྱས།

གུ་རུ་སྐྱབས་ཀྱིས་ལུག་དེད་ནས་ཐག་རིང་ཞིག་ལ་བུད་སོང་། པུ་རྒྱལ་རྩྭ་ཐང་གི་ཉི་འོད་དྲོ་ས་ཞིག་ཏུ་བསྡད་ནས་ངལ་གསོ་བཞིན་ཡོད་ལ།ཁོར་ཡོད་པ་ནི་དཔྱིད་ཀྱི་ཉི་ཟེར་དྲོན་པོར་རོལ་བའི་ཁོམ་སྐལ་དེ་ཡིན། ཡིན་ཡང་སྐབས་དེར། ཁོས་རང་ཁྱིམ་གྱི་རྩྭ་སའི་ཐག་ཉེ་ས་ན་བྱེ་རྒྱུད་ཅིག་ཁོའི་ཕྱོགས་སུ་དལ་བུར་བཅར་བཞིན་པ་གློ་བུར་དུ་རྟོགས་ཤིང་། སྐབས་དེར་དབང་མེད་དུ་ཁོ་རང་དངངས་འཚབ་ཅིག་སྐྱེས་ཏེ་ཡར་ལངས། ལོ་འགའི་སྔོན་དུ་བྱེ་སྣ་དེ་རང་ཉིད་ཀྱི་རྩྭ་སར་འབྲེལ་བ་མི་འདུག་སྙམ་ཡང་། དེ་རིང་ཅི་ཞིག་བྱུང་བ་ཡིན་ནམ།ཁ་ཕྱིར་འཁོར་ནས་ལྟ་དུས་རྒྱང་ཐག་རིང་བའི་གནམ་སའི་མཚམས་ཀྱི་བྱེ་རི་ནི་དུས་ནམ་ཞིག་ལ་བྱུང་བ་དང་། དེ་ཤར་ཕྱོགས་ཀྱི་བྱེ་རྒྱུད་དང་བསྣོལ་ལ་ཉེ་བ་མཐོང་དུས། ལུས་ཡོངས་ནས་རྔུལ་ནག་ཐོན་ཞིང་། ལོ་འགའི་རྗེས་སུ་རྔམ་ཁ་རྒོད་པའི་བྱེ་སྒང་འདིས་མུ་གེ་ཐང་ཡོངས“ཁྱུར་མིད”དུ་གཏོང་སྲིད་དམ་སྙམ་པའི་དོགས་གཞི་ཞིག་དང་བཅས་ཏེ་དངངས་སྐྲག་སྐྱེས།

ལོ་དང་པོར། ཁོ་ཚོར་སྡོང་ཕྲུག་འཛུགས་པའི་ཉམས་མྱོང་མེད་པས། སྤྲོ་སེམས་དང་སྟོབས་ཤུགས་ཤིག་གིས་སྡོང་ཕྲུག་ཁྲི3སྐྱ་ཐང་ཐང་གྱི་བྱེ་སྒང་དུ་བཙུགས། དགའ་འོས་པ་ཞིག་ལ་མུ་གེ་ཐང་གི་འདབས་རོལ་ནི་རྨ་ཆུའི་ཆུ་ལག་མང་ཆུ་ཡིན་པ་དང་། ལི་སྨི50ནས60བར་དུ་ས་དོང་བརྐོས་ཚེ། བྱེ་མའི་འོག་ནི་བརླན་ས་ཡིན་པར་མ་ཟད་ཆུ་ཡང་མཐོང་ཐུབ། གལ་ཏེ་ཆུ་གཏོང་ཐུབ་ན་དེ་བས་ཀྱང་བཟང་མོད། ཡིན་ཡང་ཡུར་ཆུ་འདྲེན་པ་ནི་བཟོ་སྐྲུན་ཆེན་པོ་ཞིག་ཡིན་པ་དང་། པུ་རྒྱལ་ནི་རོང་པ་དཀྱུས་མ་ཞིག་ཡིན་པས་ནུས་སྟོབས་དེ་འདྲ་ཞིག་གང་ན་མཆིས། དེ་བས་གནམ་རྒན་མ་དང་ལས་འཕྲོར་བརྟེན་ནས་སྡོང་ཕྲུག་གི་རྩ་བ་ཚུགས་པར་རེ་བ་འཛིན་རྒྱུ་ལས་འོས་མེད།

ཟླ་ངོ་གཅིག་གི་རྗེས་སུ། པུ་རྒྱལ་གྱིས་ཐེངས་དང་པོར་སྟར་ཕྲེང་བསྒྲིགས་པའི་རྒྱ་ཚེར་དང་སྦྱར་བ། རྒྱ་ལྕང་བཅས་སྐྱ་མདོག་གི་བྱེ་སྒང་སྟེང་མངོན་ཏེ། ལྗང་མདོག་གི་ལོ་མས་ཡལ་ག་ཁེབས་ཡོད་པ་མཐོང་སྐབས་ཁོ་རང་དགའ་བ་འབུམ་གྱིས་མྱོས། དཀའ་སྤྱད་འབད་བརྩོན་བྱས་ཚེ། སྡོང་ཕྲུག་འཛུགས་རྒྱུ་ནི་བྱ་དཀའ་བའི་ལས་ཤིག་མ་རེད་སྙམ་ཞོར་ཁོས་དགའ་སྤྲོའི་ངང་རེ་སྨོན་བྱེད་ཀྱིན་འདུག ཡིན་ཡང་བསམ་ཚུལ་དེ་ནི་བྱིས་བློ་ཙམ་དུ་ཟད་དེ། ཟླ5པའི་མཚན་མོ་ཞིག་གི་དྲག་རླུང་ནི་དེ་འདྲའི་རྩུབ་ཅིང་རྒོད་པས་ཁོས་བཙུགས་པའི་སྡོང་ཕྲུག་མང་པོ་རླུང་གིས་བསྣུབས་འགྲོ་བ་ག་ལ་རྟོགས་ཨང་། པུ་རྒྱལ་གྱིས་ཧང་སངས་ནས་ལྟ་ཞོར་དུ་ཁ་སང་ཁོར་དགའ་སྣང་སྦྱིན་མྱོང་བའི་སྡོང་ཕྲུག་དེ་དག་དེ་རིང་ཅིའི་ཕྱིར་ནད་པ་ཇི་བཞིན་དབུགས་ཆད་ལ་ཁད་དུ་གྱུར་བ་ཡིན་ནམ།  དེ་ལྟར་པུ་རྒྱལ་གྱིས་ངར་སྐད་སྒྲོག་པའི་བྱེ་རླུང་སྟུག་པོའི་ཁྲོད་ཅི་བྱ་གཏོལ་མེད་ཀྱིས་དབུགས་རིང་འབྱིན་བཞིན་ལུས་ཤིང་། ཁོའི་ཁྱིམ་མི་གང་པོ་ཡང་ཧོན་ཐོར་བ་བཞིན་ཡུན་རིང་ཞིག་ལ་ཁུ་སིམ་མེར་བསྡད་འདུག

ད་དུང་འཛུགས་དགོས། ངས་ད་དུང་སྡོང་པོ་འཛུགས་དགོས། ཁྱོད་ཚོ་སུས་ཀྱང་ང་ལ་ཁ་ཡ་བྱེད་མི་དགོས། སྡོང་པོ་འགའ་གསོན་དུ་འཇུག་པར་ང་རང་ཡིད་ཆེས་ཡོད།

པུ་རྒྱལ་རི་མགོ་ནས་མར་བབས་ཏེ་མལ་སྟན་སྦྲ་གུར་དུ་བཞག་པ་དང་། ཞང་པོ་ཆུང་བ་རིག་བཟང་དང་བུ་འབྲིང་བ་གུ་རུ་སྐྱབས་གཉིས་དང་མཉམ་དུ་བསྡད་དེ། སྡོང་ཕྲུག་དེ་དག་ཡང་བསྐྱར་འཛུགས་པའི་ལས་ལ་གཞོལ། ཆུང་མས་ཅི་ཡང་མ་བཤད་ལ། རིག་བཟང་དང་གུ་རུ་སྐྱབས་གཉིས་ཀྱང་ཁུ་སིམ་མེར་བསྡད། པུ་རྒྱལ་གྱིས་བྱེ་འགོག་ནགས་ཟེར་བ་ཅི་ཡིན་མི་ཤེས་ལ། བྱེ་མ་ནི་སའི་གོ་ལའི་འབྲས་སྐྲན་དང་འཛམ་གླིང་ཡོངས་ཀྱིས་བསལ་དཀའ་བའི་དཀའ་གནད་ཅིག་ཡིན་པ་དེ་བས་ཀྱང་མི་ཤེས། ཡིན་ཡང་ཁོས་བྱེ་མས་རྩྭ་ས་དང་རང་ཉིད་འཚོ་སའི་མུ་གེ་ཐང་ཁྱུར་མིད་མི་གཏོང་བའི་ཆེད་དུ། བློ་གཅིག་སེམས་གཅིག་གིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ལས་ལ་བརྩོན་དགོས་པ་གསལ་པོར་རྟོགས་ཡོད། ཉིན30ཡི་རིང་ལ་འབད་པ་བྱས་མཐར། ཡང་བསྐྱར་སྡོང་ཕྲུག་རེ་རེ་བྱེ་མའི་ནང་དུ་བཙུགས།   ཐེངས་དེར་པུ་རྒྱལ་གྱིས་རྣམ་གཡེང་བྱེད་མི་ཕོད་པར།  རིག་བཟང་དང་གུ་རུ་སྐྱབས་གཉིས་ཁྲིད་དེ་ཉིན་མཚན་དབྱེར་མེད་དུ་སྡོང་ཕྲུག་དེ་དག་ལ་ལྟ་སྲུང་བྱེད་ཀྱིན་འདུག

དབྱར་ཟླ་རིང་པོ་ཞིག་འདས་སོང་། དྲག་རླུང་དང་ཚ་ཟེར་གྱི་འཇིགས་སྣང་ཁྲོད་དུ་སྡོང་ཕྲུག་རེ་རེ་དངོས་གནས་སྐྱེ་སྟོབས་ཀྱིས་ཁེངས་ཤིང་རྩ་བ་ཚུགས། ཨ་ཕའི་རྔུལ་ཁྲག་དོན་མེད་དུ་མི་བཞུར་བའི་ཆེད་དུ། གུ་རུ་སྐྱབས་ཀྱིས་དགུན་དུས་སུ་གྲང་རླུང་ལ་གཡོལ་ཐུབ་པའི་བྱེ་ཁུག་ཅིག་ཏུ་ས་ཁུང་ཞིག་བརྐོས་ཏེ་གནས་བཅས་པ་རེད།

2003ལོའི་དཔྱིད་ཀར། པུ་རྒྱལ་གྱིས་རི་འགོར་སྦྲ་གུར་ཞིག་ཕུབ་པ་དང་། ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་ཞིག་དང་མི་འགའ་གླས་ཏེ་རང་ཁྱིམ་གྱི་བཟའ་མི་གང་པོ་དང་མཉམ་དུ་སྡོང་ཕྲུག་འཛུགས་མགོ་བརྩམས། ཉིན་རེའི་ཞོགས་པར། ཁོ་ཚོ་སྡོང་ཕྲུག་གང་དྲུད་པའི་འདྲུད་འཐེན་འཕྲུལ་འཁོར་ལ་བསྡད་དེ། ཀོས་ནན་རྫོང་མཁར་ནས་མགོ་མང་དང་། དེ་ནས་རིམ་བཞིན་རུ་ཁག་དྲུག་པ་དང་བདུན་པ། བརྒྱད་པ་བཅས་བརྒྱུད་ནས་སྤྱི་ལེ300ཡོད་པའི་རི་མགོར་སོང་། འདྲུད་འཐེན་འཕྲུལ་འཁོར་འགྲོ་མི་ཐུབ་སར་སླེབས་དུས། པུ་རྒྱལ་གྱིས་མི་རེས་སྡོང་ཕྲུག50རེ་ཁུར་ནས་སྡོང་ཕྲུག་འཛུགས་སར་འགྲོ་རུ་བཅུག ལམ་ཐག་རིང་ཞིང་ཁུར་བོ་ཇེ་ལྕི་རུ་སོང་བ་དང་བསྟུན་ནས་མི་ལ་ལས་བཟོད་མ་ཐུབ་པར་སྡོང་ཕྲུག་འགའ་ཤས་ཁ་རོག་གེར་ལམ་འགྲམ་དུ་གཡུག པུ་རྒྱལ་གྱིས་སྤྱོད་ངན་དེ་རྟོགས་ནས་ཡང་བསྐྱར་རྩིས་གྲངས་བླངས་ཏེ། མི་རེས་ཉིན་རེར་སྡོང་ཕྲུག50རེ་འཛུགས་པར་འགན་སྲུང་བྱས། པུ་རྒྱལ་དང་གུ་རུ་སྐྱབས་གཉིས་སྡོང་ཕྲུག་འདྲུད་དུ་འགྲོ་དུས། སྐབས་རེར་ལམ་བུར་དུ་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་ལ་ཆག་སྐྱོན་བྱུང་སྟེ། ཁོ་གཉིས་ཁྱིམ་དུ་ལོག་ཐབས་མེད་ལ་རི་མགོར་ཡང་འགྲོ་ཐབས་མེད་པར་གྱུར་ནས་ལམ་འགྲམ་དུ་མཚན་མི་བརྒལ་ཐབས་མེད་བྱུང་བཞིན་ཡོད།

ལོ་རེ་ནས་ལོ་རེར། པུ་རྒྱལ་གྱིས་བཙུགས་པའི་སྡོང་ཕྲུག་ཇེ་མང་ནས་ཇེ་མང་དང་ཇེ་ཡག་ནས་ཇེ་ཡག་ཏུ་གྱུར་ཅིང་། སྡེ་བ་དང་ཡུལ་ཚོ། རྫོང་དང་རྒྱལ་ཁབ་ནགས་ལས་ཅུའུ་བཅས་ཀྱིས་ལོ་བ་ཞོལ་མ་སྡེ་བར་བྱེ་འགོག་སྡོང་འཛུགས་ཀྱི་བོད་རིགས་རྒན་པོ་ཞིག་ཡོད་པ་ཤེས་ལ། ཁོའི་སྡོང་ཕྲུག་བཙུགས་པའི་ས་དེར་ཡང་བྱེ་རྩར་འབོད་པ་ཀུན་གྱིས་ཤེས་ཡོད། 2004ལོར། པུ་རྒྱལ་ཀོས་ནན་རྫོང་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྒེར་ལ་བདམས་པ་དང་། ལོ་དེའི་ཟླ6པར། ཁོར་ཞིང་ཆེན་ཡོངས་ཀྱི་ནགས་ལས་ཁོང་གཏོགས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་གཟི་བརྗིད་མཚན་སྙན་ཐོབ། ཟླ9པར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྔོན་ཐོན་མི་སྒེར་ལ་བདམས། 2006ལོའི་ཟླ3པར། མཚོ་སྔོན་ཞིང་ཆེན་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གིས་པུ་རྒྱལ་ལ“ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་གཟེངས་རྟགས”གནང་། 2007ལོའི་ཟླ5པར། པུ་རྒྱལ་ལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཡོངས་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ནགས་ལས་ཅུའུ་བཅས་ཀྱིས་མཉམ་དུ་གནང་བའི“རྒྱལ་ཡོངས་བྱེ་བཅོས་བྱེ་འགོག་གི་མིག་དཔེ”ཡི་གཟི་བརྗིད་མཚན་སྙན་ཐོབ། བྱས་རྗེས་སྒྲོག་གཏོང་བྱས་པ་བརྒྱུད། པུ་རྒྱལ་ལ་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་ལྗང་བསྒྱུར་མ་དངུལ་ཐད་ནས་རྒྱབ་སྐྱོར་གང་ལེགས་གནང་།

2021ལོའི་དཔྱིད་མགོར། གསར་འགོད་པ་ལོ་བ་ཞོལ་མ་སྡེ་བར་སོང་ནས་རྒན་པོ་པུ་རྒྱལ་མཐོང་བ་དང་། ཁོས་གསར་འགོད་པ་ཁྲིད་དེ་རི་མགོར་འགོས་ནས་ཁོས་བཙུགས་པའི་ནགས་ཚལ་དེར་ལྟ་རུ་སོང་། རླངས་འཁོར་ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་ཧ་ཅང་ཟབ་པའི་གྲོག་རོང་ཞིག་ཏུ་སོང་བ་དང་། ཕལ་ཆེར་དུས་ཚོད་ཕྱེད་ཀའི་རྗེས་སུ། སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་དཀར་གྱི་འདབ་མའི་འོག་གི་དགུན་ས་དེ་གསར་འགོད་པའི་མིག་ལམ་དུ་མངོན་ཡོང་། རྩྭ་ནི་སེར་པོར་གྱུར་ལ། སྤྲིན་དཀར་ལང་ལོང་རྒྱུ། ལུག་ཁྱུའི་ཚོགས་ཀྱིས་སོས་དལ་བག་ཡངས་ངང་རྩྭ་ཟ་བཞིན་འདུག རླངས་འཁོར་ཤར་ཕྱོགས་སུ་བསྐྱོད་པ་དང་། སབ་སོབ་ཀྱི་བྱེ་འགྲམ་ཞིག་ཏུ། གསར་འགོད་པ་རླངས་འཁོར་ལས་བབས་ཏེ་རྒན་པོ་པུ་རྒྱལ་དང་མཉམ་དུ་གོམ་པ་ཁྱར་ཁྱོར་ངང་བྱེ་སྒང་སྟེང་དཀའ་ཚེགས་ཀྱིས་སོང་མཐར། གསར་འགོད་པས་རིམ་གྱིས་ཁོའི་གཟི་བརྗིད་དུ་གྱུར་པའི་ནགས་ཚལ་དེ་ས་གཤིས་ཞན་པའི་མཐོ་སྒང་གི་བྱེ་ཐང་དུ་ཉི་མའི་ཕྱོགས་སུ་ཡལ་འདབ་ཚང་ཚིང་རྒྱས་པའི་མཚར་ཉམས་དངོས་སུ་མཐོང་བ་དང་། ཟུར་མི་འདྲ་བ་ནས་བལྟས་ཚེ། རྒྱང་བཅད་པའི་བར་སྟོང་གི་དྲས་བརྙན་དང་པར་རིས་ཤིག་དང་གཉིས་སུ་མེད་པས་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

རྒན་པོ་པུ་རྒྱལ་དབུགས་ཧལ་ཧལ་ངང་རྒྱ་ལྕང་ཞིག་གི་འོག་ཏུ་ཙོག་པུར་བསྡད་པ་དང་། མིག་མདངས་སུ་ཁེངས་སེམས་དང་ཡིད་ཚིམ་པའི་ཉམས་ཤིག་ཤར་འདུག ཁོ་དགའ་སྤྲོའི་ངང་གསར་འགོད་པར་ཤར་མོ་གང་དག་སྦྱར་བ་དང་སྡོང་ཕྲུག་གང་དག་རྒྱ་ལྕང་ཡིན་པ། ཕྱོགས་གང་དག་གླ་ཚེར་དང་རྒྱ་ཚེར་ཡིན་པ་བཅས་མཛུབ་མོས་བསྟན་བྱུང་།   ཁོས་གསར་འགོད་པར་དབྱར་ཁར་མུ་གེ་ཐང་ཆེས་མཛེས་པའི་དུས་སུ་ཡང་བསྐྱར་ཐེངས་གཅིག་ཡོང་བའི་རེ་བའང་ཞུས་བྱུང་།

2021ལོར། པུ་རྒྱལ་གྱིས་བཙུགས་པའི་སྡོང་ཕྲུག་ས་མུའུ་ཁྲི1ལ་སླེབས་པ་དང་། གསོན་ཚད90%ཡི་ཡན་ལ་སླེབས་ཡོད། མཐའ་ཡས་པ་ཞིག་མིན་ཀྱང་། མུ་འབྲེལ་གྱི་བྱེ་སྒང་ལ་མཛེས་རྒྱན་སྤྲས་ཏེ། བྱེའུ་ཆུང་ཚང་ལ་འཕུར་དུ་བཅུག་པར་མ་ཟད། བྱེ་མ་ཤར་བགྲོད་ཀྱི་གོམ་འགྲོས་ཀྱང་ཇེ་དལ་དུ་བཏང་བ་རེད།

ཟླ8པའི་ཉིན་མོ་ཞིག་ལ། གནམ་གཤིས་ཧ་ཅང་བཟང་བ་དང་། ཉིན་སྔོན་མར་ཆར་པ་བབས་པས་མཁའ་དབུགས་ཁྲོད་བསིལ་རླུང་འཇམ་པོ་ཞིག་ལྡང་བཞིན་འདུག གསར་འགོད་པ་སྔོན་གྱི་དུས་ཆད་བཞིན་དུ་སྔ་མོ་ནས་ལམ་ལ་ཆས་ཏེ་རྒན་པོ་པུ་རྒྱལ་ལ་ལྟ་རུ་སོང་།

ལོ་བ་ཞོལ་མ་སྡེ་བར་ཐོན་དུས། རྒན་པོ་པུ་རྒྱལ་གྱིས་ཐེངས་སྔོན་མ་དང་འདྲ་བར་སྡེ་འདབས་ནས་གསར་འགོད་པར་སྒུག་འདུག དེ་ནས་ཁ་བརྡ་མང་པོ་མ་བྱས་པར་རྒན་པོ་པུ་རྒྱལ་དང་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མུ་གེ་ཐང་གི་ཕྱོགས་སུ་ལམ་ལ་ཆས།  ལམ་ནི་སྔར་བཞིན་ཀྱག་ཀྱོག་ཆེ་ལ་གྲོག་རོང་སྔར་བཞིན་ཟབ། སྐར་མ30ཡི་རྗེས་སུ། མཐོ་སྒང་གི་ཕྱུགས་ར་དེ་རི་མོ་མཁན་གྱི་པིར་རྩེ་ལས་ཐོན་པའི་སྣུམ་ཚོན་རི་མོ་ཇི་བཞིན། མཚར་སྡུག་ལྡན་ཞིང་ལྷིང་འཇགས་ངང་གསར་འགོད་པའི་མིག་མདུན་དུ་མངོན་བྱུང་། ལྷིང་འཇགས་ཀྱི་རྩྭ་ཐང་ནི་སྔོ་བསངས་ཀྱི་ནམ་མཁའི་འོག་ཏུ་མུ་མཐའ་བྲལ་བ་ཞིག་རེད། ལམ་ཁྲིད་པ་འབྲུག་ལྷ་རྒྱལ་གྱིས་སྔ་མོ་ནས་མདུན་ཕྱོགས་སུ་གསར་འགོད་པར་སྒུག་འདུག ཐེངས་དེར་ཁོ་ཚོ་མུ་གེ་ཐང་གི་ནུབ་ཕྱོགས་སུ་སོང་བ་རེད།

རླངས་འཁོར་སྐྱོད་མཚམས་བཞག་བྱུང་།ཁོ་ཚོ་རླངས་འཁོར་ལས་མར་བབས་པ་དང་། ཁ་ཐུར་དེད་དེ་མུ་མཐུད་དུ་སོང་བ་ན། ཕལ་ཆེར་མུ་གེ་ཐང་གི་མཐའ་ལ་སླེབས་པ་འདྲ་ཞིང་། རྒྱང་ཐག་རིང་བའི་གངས་འདབས་ནས་བཞུར་ཡོང་བའི་མཐིང་མདོག་གི་རྨ་ཆུ་དེ་གསར་འགོད་པའི་མིག་ལ་གསལ་ལེར་སྣང་བྱུང་།

དེ་ནས་ཅུང་མ་འགོར་བར། གསར་འགོད་པ་ཁང་པ་ཆུང་ཆུང་ཞིག་གི་མདུན་དུ་སླེབས། བསམ་ཡུལ་ལས་འདས་པ་ཞིག་ལ་ཁང་པ་དེ་ནི་གུ་རུ་སྐྱབས་ཀྱིས་གསར་དུ་ལས་པ་རེད། ཁང་པ་གྱན་གཅིག་མ་གཏོགས་མེད་མོད། འོན་ཀྱང་སོ་ཕག་གིས་བརྩིགས་པའི་ཁང་པ་ཡིན་པས་ས་ཁང་དང་བསྡུར་ན་ཧ་ཅང་ལེགས་པོར་འདུག  དེ་རིང་ནི་ཁོ་ཚོ་སྡོད་ཁང་གསར་པར་གནས་སྤར་བའི་བཀྲ་ཤིས་ཉིན་བཟང་རེད། ལོ་གཅིག་གི་དུས་ཚིགས་བཞི་པོར་རི་མགོར་བསྡད་དེ་ནགས་ཚལ་ལ་ལྟ་སྲུང་བྱེད་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། ནགས་ས་མུའུ་ཁྲི་གཅིག་དང་རྨིད་ཆིག་ཁྲི་ལྔ་སྟོང་ཡོད་པའི་ལྕགས་རར་འཕྲུལ་རྟར་ཞོན་ནས་སྐོར་བ་གཅིག་རྒྱག་པར་ཡང་དུས་ཚོད་གཉིས་ཙམ་དགོས།

རྒན་པོ་པུ་རྒྱལ་གྱིས་དབུགས་འཚང་ཞོར་དུ་བཤད་རྒྱུར། ངས་རྒྱུན་དུ་སྡེ་མི་རྣམས་ལ་ངས་བཙུགས་པའི་སྡོང་ཕྲུག་ནི་ང་རང་གི་མིན་ལ་གཞན་གྱི་ཡང་མིན། རྗེས་རབས་པ་དང་མུ་གེ་ཐང་ལ་བསྐྱུར་བ་ཡིན། ང་ཚོས་སྡོང་ཕྲུག་མང་པོ་བཙུགས་ཚེ་བྱེ་འགོག་བྱེ་བཅོས་ཀྱི་ཕན་འབྲས་ཀྱང་ཇེ་བཟང་དུ་འགྱུར་ངེས། ད་ལྟ་རྨ་ཆུ་ང་ཚོའི་ཉེ་འགྲམ་དུ་བཞུར་བཞིན་ཡོད་ཀྱང་གལ་ཏེ་མུ་གེ་ཐང་བྱེ་མར་གྱུར་ཚེ། རྗེས་ཕྱོགས་སུ་རྨ་ཆུ་སྔོན་མོ་ཟེར་བ་ཞིག་ཀྱང་ཡོད་སྲིད་ནི་མ་རེད་ཅེས་བཤད་བཞིན་ཡོད་ཟེར།

སྤང་རི་ལྗང་ཞིང་ནེམ་ལ་ཀྱག་ཀྱོག་གི་རི་ལམ་སྦྲུལ་ལྟར་འཁྱིལ་འདུག ཕྱིར་ལོག་པའི་ལམ་བར་དུ། རྒན་པོ་པུ་རྒྱལ་བསམ་གཞིག་ཡང་ཡང་བྱེད་བཞིན “ནགས་ཚལ་འདིའི་དོན་དུ་ངས་དཀའ་སྡུག་དང་རྔུལ་ཆུ་བཞུར་མྱོང་ལ། བློ་ཡིད་ཀྱང་ཕམ་མྱོང་། ཡིན་ནའང་ངས་གཏན་ནས་བློས་གཏོང་མི་འདོད”ཅེས་གསར་འགོད་པར་བཤད་བྱུང་།

                                                       ཡིག་སྒྱུར་བ། གཡང་འབུམ་རྒྱལ།