ནགས་རའི་བདག་སྐྱོང་པ་སེང་གདོང་སྐྱབས་ཀྱི་གཏམ་རྒྱུད།
2021.12.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

ཧང་ཆུ་ནི་རྨ་ཆུའི་ཡན་ལག་ཆེན་པོ་ཞིག་ཡིན་པ་དང་། འགྲམ་གཉིས་མཚོ་འཕང་ཅུང་དམའ་བའི་རོང་ས་ཡིན་ལ། སྔོན་ཆད་ཞིན་ཧེ་རྫོང་གི་ཞིང་ལས་ས་ཁུལ་གཙོ་བོ་ཞིག་ཀྱང་ཡིན། ཡིན་ན་ཡང་གནས་འདིའི་རི་བོ་ཕལ་ཆེ་བ་བྱེ་རྡོ་ཐར་ཐོར་སྤུངས་ཏེ་གྲུབ་པ་ཡིན་ལ། རི་བོ་བརྟན་བརླིང་ངང་ཆགས་ཐུབ་པའི་གནད་འགག་ནི་རི་ངོས་ཀྱི་སྔོ་ཁེབས་ལ་ཐུག་ཡོད། དུས་ཡུན་རིང་པོར་ཕྱུགས་ཟོག་ཚད་ལས་བརྒལ་ནས་འཚོས་སྟབས། རི་སྟེང་གི་རྩྭ་རྩི་ཤིང་ལ་གནོད་འཚེ་ཚབས་ཆེན་ཐེབས་པས། སྔོ་ཁེབས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཞིང་། གནོད་འཚེ་ཇེ་ཆེ་ནས་ཇེ་ཆེར་གྱུར།

གནས་འདི་ནས་འཚར་ལོངས་བྱུང་བའི་སེང་གདོང་སྐྱབས་ནི་ད་ལོ་ལོ་ན་ལྔ་བཅུ་ལྷག་ལ་སླེབས་ཡོད། སྔོན་ཆད་ལོ་ལོན་ཚོས་བཤད་པ་ལྟར་ན། འདི་རུ་གདོད་མའི་ནགས་ཚལ་ཡོད་ལ། བྱ་བྱེའུ་ཡི་གསུང་སྐད་སྙན་ཟེར། ཡིན་ཡང་རྗེས་སུ་ཡུལ་འདི་གྲམ་ཐང་དུ་གྱུར་ཏེ། རྩྭ་དང་ལྗོན་ཤིང་ཧ་ལམ་མི་མཐོང་བར་གྱུར།

“ཕྱུགས་ཟོག་ཚད་ལས་བརྒལ་ནས་འཚོས་པའི་ཁར། མི་དམངས་ཀྱིས་འབུད་ཤིང་གི་ཆེད་དུ། ཐ་ན་ཚེར་ནག་གི་རྩད་པའང་སློགས། ཆར་བ་ཐེངས་གཅིག་བབས་ཚེ། ཆུ་རི་ལྡེབས་ཀྱི་ཕྱེད་ཀ་ཡན་ལ་རྒྱས།”སེང་གདོང་སྐྱབས་ཀྱིས་ཚོར་སྣང་ཟབ་མོའི་ངང་དེ་ལྟར་བརྗོད།

1998ལོའི་ཆུ་ལོག་རྒྱུག་ཐེངས་ཆེན་པོ་ཞིག་གིས་སྡེ་དམངས་རྣམས་སྡུག་ལ་གཏད། དེ་རིང་ཕྱིར་འདང་བརྒྱབ་ན་སེང་གདོང་སྐྱབས་ཀྱི་སེམས་ཀྱི་འཇིགས་སྐྲག་དེ་སྔར་བཞིན་ཡལ་མེད།

རྗེས་ནས་སྡེ་དམངས་ཚང་མ་ཧང་ཆུ་དང་ཁ་བྲལ་ནས་རྫོང་ཐོག་ཏུ་གནས་སྤར་ནས་སྡེ་གསར་ཆགས། ཡིན་ནའང་ས་དེར་བརྩེ་བ་དམིགས་བསལ་ཡོད་པའི་སེང་གདོང་སྐྱབས་ཀྱིས་རྒྱུན་དུ། དུས་ནམ་ཞིག་ལ་ཕ་ཡུལ་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཏེ། རང་ཉིད་ཕྱིར་ཕ་ཡུལ་གྱི་པང་དུ་ལོག་ནས་ཚེ་མཇུག་གི་འཚོ་བ་རོལ་རྒྱུ་དེ་དྲན་བཞིན་ཡོད།

“ཧང་ཆུ་ཡོད་ས་འདི་མཚོ་འཕང་དམའ་བས། མཁའ་དབུགས་རྫོང་མཁར་ལས་བཟང་ལ། ང་རང་གནས་འདིར་ཤིན་ཏུ་དགའ། ཁྱད་པར་ཕ་ཡུལ་གྱི་འཕེལ་རྒྱས་ཆེད་དུ་ལས་ཀ་ཆུང་ཆུང་ཞིག་ཀྱང་བསྒྲུབ་ན་འདོད”ཞེས་སེང་གདོང་སྐྱབས་ཀྱིས་དེ་ལྟར་བཤད།

2018ལོར། ཞིན་ཧེ་རྫོང་གིས་ཧང་ཆུ་བཅོས་སྐྱོང་གི་ལས་གཞི་མགོ་བརྩམས། ས་མུའུ་འབུམ་གཉིས་ལ་རི་བཀག་ནགས་གསོ་བྱས་ཤིང་། ནགས་སྐྲུན་ཚད་ས་མུའུ་སྟོང་གཅིག་དང་ལྔ་བརྒྱ་དྲུག་ཅུར་སླེབས་པ་དང་། དུས་མཚུངས་སུ་རྡོ་རགས་དང་། བྱེ་རགས། འགོག་གྱང་བཅས་སྒྲིག་བཀོད་བྱས་ཏེ། ས་ཆུ་སྲུང་འཛིན་བཅོས་སྐྱོང་བྱས།

ནགས་རའི་བདག་སྐྱོང་པར་གྱུར་པའི་སེང་གདོང་སྐྱབས་ཀྱིས་རི་དང་ནགས་ཚལ་ལེགས་པོར་བསྲུང་རྒྱུའི་དམ་བཅའ་སྙིང་ལ་བརྐོས།

ལས་གནས་སུ་ཞུགས་རྗེས། དམག་མི་བྱས་མྱོང་བའི་སེང་གདོང་སྐྱབས་ཀྱིས་ནམ་རྒྱུན་ནགས་ལས་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལ་སློབ་སྦྱོང་བྱེད་མཚམས་བཞག་མ་མྱོང་། ཁྲིམས་སྲོལ་དང་སྲིད་ཇུས་སྣ་ཚོགས་ཀྱི་གསོ་སྦྱོང་དང་མེ་འགོག་སྦྱོང་བརྡར་བཅས་ལ་ཁོ་རང་ཧུར་ཐག་སྒོས་ཞུགས་ཤིང་། དེ་མིན་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་སྲིད་ཇུས་དང་ཤེས་བྱ་སྡེ་དམངས་རྣམས་ལ་བསྒྲགས།

ཉིན་རེའི་ཞོགས་པར། སེང་གདོང་སྐྱབས་སྔ་མོ་ནས་ཡར་ལངས་ཏེ་སྐོར་སྲུང་བྱེད་མགོ་བརྩམས་བཞིན་ཡོད། ཉིན་རེར་ཉུང་མཐར་ཡང་ཆུ་ཚོད་གསུམ་བཞི་ལ་སྐོར་སྲུང་བྱེད་བཞིན་ཡོད་ལ། སྐབས་རེར་ཆུ་ཚོད་དྲུག་བདུན་ལ་སྐོར་སྲུང་དང་། ཐ་ན་ཉིན་གང་པོར་སྐོར་སྲུང་བྱས་པའང་ཡོད། ལྟོགས་ཚེ། བྲོ་ཁ་ཉུང་ཙམ་ཟོས་ཤིང་། སྐོམ་ཚེ། རང་གིས་ཁྱེར་བའི་ཆུ་བཏུང་། འགྲོ་ས་མང་སྟབས། དགོང་མོར་རྒྱུན་དུ་རྐང་པ་སྐྲངས་བཞིན་ཡོད།

སེང་གདོང་སྐྱབས་ཡོད་སའི་སེང་ལྡེང་སྡེ་བར་ནགས་རའི་བདག་སྐྱོང་པ་བཞི་ཡོད་ལ། ཁོ་ནི་འགན་ཁུར་པ་ཡིན། ནགས་རའི་བདག་སྐྱོང་པ་གཞན་རྣམས་ལ་དོན་དག་ཡོད་ཚེ། ཁོ་རང་དེ་ཚོའི་ཚབ་ཏུ་ནགས་རར་ལྟ་རྟོག་ལ་འགྲོ་བཞིན་ཡོད། སྐབས་རེར་ཉིན་མཚན་རེས་མོས་སུ་འགྲོ་དགོས་པས་ཚེགས་ཤིན་ཏུ་ལྕི། ཡིན་ནའང་། མི་ལ་ལས་ལྐོག་ཏུ་ཕྱུགས་འཚོ་བ་དང་རྩྭ་སྨན་འཐུ་མཚམས་འཇོག་བཞིན་མེད།

“བཀག་འགོག་བྱས་པའི་རྩྭ་སའི་སྟེང་ཕྱུགས་འཚོ་མཚམས་འཇོག་པ་དང་། ས་བརྐོ་མ་བྱས་ན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དགེ་མཚན་ནི་ང་ཚོའི་མིག་མདུན་དུ་མངོན་ཡོད་པས། ཁོ་ཚོས་ཅིའི་ཕྱིར་མི་མཐོང་བ་ཡིན། འབྲོག་ཁྱིམ་དང་རྩྭ་ཐང་བདག་སྐྱོང་པ་ཚང་མས་ཕྱུགས་མི་འཚོ་བའི་འགན་ཁུར་ཡི་གེར་མིང་རྟགས་བཀོད་ཡོད་ཀྱང་། ཅིའི་ཕྱིར་ལག་བསྟར་མི་བྱེད་པ་ཡིན་ནམ”ཞེས་སེང་གདོང་སྐྱབས་མཚམས་ལན་རེར་ཐབས་ཟད་འུ་ཐུག་ཏུའང་གྱུར་འགྲོ

སེང་གདོང་སྐྱབས་དགའ་འོས་པ་ཞིག་ནི། ལོ་ངོ་གསུམ་བཞིའི་རིང་ལ་སྐྱེ་ཁམས་སྲུང་སྐྱོབ་བྱས་པ་དེས་ཧང་ཆུའི་འགྲམ་གཉིས་ལ་འཕོ་འགྱུར་བྱུང་ནས། སྡོང་ཕྲུག་རྣམས་རྩ་བ་ཚུགས་ཤིང་། ཉིན་རེར་ཡལ་འདབ་རྒྱས་པ་དང་། རི་ལྡེབས་ཀྱི་རྩྭ་རྣམས་རིམ་གྱིས་སླར་སོས་ཤིང་། སྡོང་ཕྲན་རྣམས་ཀྱང་ཡུན་གྱིས་ཇེ་མང་དུ་གྱུར་ལ། བྱ་བྱེའུ་ཡང་འཕུར་ཡོང་།

“ང་ཚོ་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བའི་མཇུག་འབྲས་མི་ལེགས་པ་ཉམས་སུ་མྱངས་ཡོད་པས། སྲིད་གཞུང་གིས་ཧང་ཆུ་བཅོས་སྐྱོང་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུ་འདོད། ད་དུང་བསྟུད་མར་ལོ་ངོ་འགའ་ལ་སླར་གསོ་བྱས་ན། གནས་འདིའི་རྩྭ་སྐྱེས་པ་སྔར་ལས་སྟུག་ཅིང་། སྡོང་པོའང་སྔར་ལས་མཐོ་བ། ས་བརྟན་བྱེ་འགོག་གི་ནུས་པ་དེ་བས་ཇེ་ཆེར་འགྱུར་ངེས་རེད།”རིམ་གྱིས་སླར་གསོ་འབྱུང་བཞིན་པའི་སྔོ་ལྗང་གི་རི་ཆུ་ལ་ལྟ་བཞིན། སེང་གདོང་སྐྱབས་ཀྱི་སེམས་པ་དགའ་སྤྲོས་ཁེངས་འདུག

སེང་གདོང་སྐྱབས་ཀྱིས་ང་རང་རྒས་པར་གྱུར་ཀྱང་། གནས་འདིའི་རི་དང་ནགས་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར། གལ་ཏེ་ལུས་པོས་ལྕོགས་ཚེ། ངས་གནས་འདི་རང་ཉིད་རྒས་ཤིང་འཁོགས་པའི་བར་བསྲུང་འདོད་ཅེས་བཤད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།