རི་གསེབ་ཀྱི་ཕྱུག་བསྒྱུར་སྣེ་ཁྲིད་མཁན།
2022.01.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

“སྨིན་ཐག་ཆོད་པའི་ནས་ནག་གི་ཁ་དོག་སྨུག་ནག་དང་དབྱིབས་ཟླུམ་པོ་ཡིན་ལ། དེ་ནི‘རྩམ་པ’འཐག་བྱེད་དང‘ནས་ཆང’བསྙལ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་ཞིང་། བསྙལ་ཐིག(酿皮)སོགས་ཁྱད་ལྡན་ཟས་རིགས་སྣ་ཚོགས་ཀྱི་རྒྱུ་གཙོ་བོ་ཡང་ཡིན།” ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ཉག་སྟོད་སྡེ་བ་རུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་སྐྱབས་ཀྱིས་གསར་འགོད་པར་ནས་ནག་གི་སྤྱོད་སྒོ་ངོ་སྤྲོད་བྱེད་བཞིན་འདུག

དགུན་དུས་ཀྱི་ཡུས་ཧྲུའུ་གྲང་ངར་ཆེ་ནའང་། ཉག་སྟོད་སྡེ་བས་ལོ་གཅིག་རིང་དཀའ་ངལ་ཁྱད་བསད་ཀྱིས་ངལ་རྩོལ་བྱས་པ་དང་། ཧྲུའུ་ཅི་རྡོ་སྐྱབས་ཀྱིས་སྣེ་ཁྲིད་བྱས་འོག དྲོ་སྐྱིད་ལྡན་པའི་དགུན་ཁ་ཞིག་བསུས་ཡོང་།

ཉག་ལ་ཡུལ་ཚོ་ནི་ནང་ཆེན་རྫོང་ཤར་ལྷོའི་མཚམས་ཀྱི་རྫ་ཆུའི་ལུང་གཞུང་དུ་ཆགས་ལ། དམིགས་བསལ་གྱི་ས་གཤིས་དང་དཔལ་འབྱོར་གྱི་རྨང་གཞི་ཞན་པ། དབུལ་པོ་དབུལ་ནག་ཡིན་པ་བཅས་ཀྱི་དབང་གིས། རྒྱང་རིང་ཡུལ་དུ་ཞོར་ལས་ལ་འགྲོ་རྒྱུ་ནི་སྡེ་དམངས་ཀྱི་གདམ་ཀ་ཉག་གཅིག་རེད། ལོ་ཧྲིལ་པོར་ཁོམ་ལོང་མེད་ལ། གང་སར་འདུར་རྒྱུག་བྱས་ཀྱང་གསོག་དངུལ་ཅི་ཡང་ལྷག་མེད་པའི་སྡེ་དམངས་མཐོང་དུས། ལོ་ངོ་བཅུ་ཕྲག་འགར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་པའི་རྡོ་སྐྱབས་ཤིན་ཏུ་འཚབས་ཏེ། སྡེ་དམངས་ཀྱི་དབུལ་ཐར་ལ་ཡང་བསྐྱར་བསམ་གཞིག་བཏང་།

ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པ་བཞིན། 2017ལོར། རྡོ་སྐྱབས་ཀྱིས་ལག་རྩལ་ལ་བརྟེན་ནས་སྡེ་དམངས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པའི་ཞིང་པ་གསར་པ་ཞིག་བྱ་རྒྱུའི་སེམས་ཐག་བཅད། ཉག་སྟོད་སྡེ་བའི“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་རོགས་རམ་བྱས་པ་བརྒྱུད། ཁོས་སྡེ་དམངས་ཀྱི་སྣེ་ཁྲིད་དེ་ས་རྒོད་སློག་པ་དང་ཞིང་ར་བསྐོར་བ། བགོ་བཤའ་རྒྱག་པ། ས་བོན་འདེབས་པ་བཅས་བྱས་ཏེ་ནས་ནག་འདེབས་འཛུགས་རྟེན་གཞི་བཙུགས་ཏེ་ཡུན་རིང་བའི་ལས་སྐྲུན་གྱི་མགོ་བརྩམས།

བྱ་བ་གང་ཡིན་ཡང་མགོ་རྩོམ་དཀའ་ལ། དང་ཐོག་ནས་ནག་མུའུ་བརྒྱ་ཕྲག་ཙམ་བཏབ་པ་དང་། ལོ་རེའི་ཐོན་འབབ་ཀྱང་སྤྱི་རྒྱ་སྟོང་ལྔ་མི་ལོངས་ལ། བྲོ་བ་མེད་པ་དང་ཐོན་འབབ་ཉུང་སྟབས། གཏོང་མང་ཡོང་ཉུང་གི་བདག་གཉེར་གནས་ཚུལ་གྱིས་སྡེ་དམངས་མང་ཆེ་བ་ཕྱི་བཤོལ་བྱས་ཁར། མཐོ་སྒང་གི་གནམ་གཤིས་ནི་སྟོན་མགོ་ཚུགས་པ་ནས་བཟུང་། དྲོད་གྲང་ལ་ཁྱད་པར་མངོན་གསལ་ལྡན་སྟབས། ནས་ནག་རུལ་བ་མིན་ན་སྐྱེ་ཚུལ་མི་ལེགས་ལ། ཕྱིར་བཙོངས་ཚད་ནི་དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་རེད།

འདིས་སྡེ་དམངས་སྣེ་ཁྲིད་དེ་འདེབས་འཛུགས་ཀྱི་མགོ་བརྩམས་པའི་རྡོ་སྐྱབས་ལ་བསམ་ཡུལ་ལས་འདས་པའི་ཕམ་ཉེས་ཤིག་ཐེབས། ཡིན་ཡང་ཁོས་ཕྱི་བཤོལ་མ་བྱས་པར། ཞིང་ཁར་སོང་སྟེ་རིམ་གྱིས་ཉམས་མྱོང་འཚོལ་ཞིབ་བྱས་ནས། ལས་མི་ཤེས་ན་མི་ལ་འདྲི་བ་དང་། མི་རྟོགས་པ་ཡོད་ན་ཡུལ་གཞན་ལ་སློབ་སྦྱོང་དུ་སོང་། དེ་དང་ཆབས་ཅིག ཡུལ་ཚོ་ཏང་ཨུའི་རོགས་སྐྱོར་འོག ཁོར་ཞིང་ཕྱུགས་ཅུའུ་ཡི་ཆེད་དམིགས་རྒྱབ་སྐྱོར་ཐོབ། ཞིང་ཕྱུགས་ཅུའུ་ཡི་ཆེད་ལས་མི་སྣས་རོགས་རམ་བྱས་པ་བརྒྱུད། ནས་ནག་འདེབས་པ་ནས་ལུད་འཇོག་པ་དང་། བརྔ་ཚུལ་བསྡུ་སྟངས་བཅས་ལ་ཆེད་ལས་ལག་རྩལ་གྱི་གསོ་སྦྱོང་ཐོབ།

དེའི་གཞུག་ནས་རྡོ་སྐྱབས་ཀྱིས་འགོ་ཁྲིད་དེ་རྫོང་ཐོག་ནས་ཉིང་སྟོད་སྡེ་བའི་ཆེད་ལས་མཉམ་ལས་ཁང་གི་སྒོ་བསྟེན་ཚོང་ཁང་བཙུགས་པ་དང་། “འདེབས་འཛུགས་དང་ཕྱིར་འཚོང”གཞི་གཅིག་ཅན་གྱི་བྱ་བ་གཉེར། ཉང་སྟོད་སྡེ་བའི་སྡེ་དམངས་དགུ་བརྒྱ་ཉེར་གསུམ་གྱིས་མ་དངུལ་དང་ས་ཞིང་མ་རྐང་དུ་འཇོག་པའི་ཐབས་སྤྱད་དེ་ཆེད་ལས་མཉམ་ལས་ཁང་དུ་ཞུགས། ནས་ནག་འདེབས་རྒྱ་སྤྱི་ཆིང་བརྒྱ་དང་བརྒྱད་ཅུ་ལ་རྒྱ་བསྐྱེད་དེ། ནས་ནག་ལས་གཞན་ད་དུང་ནས་དཀར་དང་ཡུག་པོ་བཅས་ཀྱི་ཞིང་ལས་ལོ་ཏོག་བཏབ་ནས། སྡེ་དམངས་རྣམས་ཀྱིས་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་བྱེད་པ་དང་ཡོང་སྒོ་འཚོལ་ཆོག་པར་གྱུར།

ནས་ནག་གི་སྤུས་ཀར་ཁག་ཐེག་བྱེད་ཆེད། རྡོ་སྐྱབས་ཀྱིས་སོན་འདེབས་མྱུག་གསོ་དང་། ས་རྒྱུ་ལེགས་བཅོས། ལོ་ཏོག་མི་འགྱེལ་བ་དང་། ནད་དང་འབུའི་གནོད་པ་འགོག་བཅོས་དང་། ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པ། ཚོང་ར་རྒྱ་བསྐྱེད་པ་བཅས་ཀྱི་གནད་འགག་ཐུག་ས་རེ་རེའི་དཀའ་ཁག་བསལ་ནས། ལོ་ཏོག་གི་གནོད་མེད་རང་བཞིན་མངོན་འགྱུར་བྱས་པར་མ་ཟད། འབྲུ་རྡོག་ཆེ་ལ་ཁ་དོག་དང་དབྱིབས་ཀྱང་ལེགས་པ་རེད། “ཟས་ན་ཞིམ་མིན་ཤིན་ཏུ་གལ་ཆེ། ནས་རྡོག་རེ་རེ་ནི་ང་ཚོའི་སྡེ་བའི་སྡེ་དམངས་ཀྱི་སེམས་ཤུགས་ལས་བྱུང་ལ། ཕྱིར་བཙོངས་ནའང་སེམས་ལྷག་ཏུ་བདེ།” འདེབས་འཛུགས་ཀྱི་སྐོར་གླེང་བའི་ཚེ་རྡོ་སྐྱབས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱིས་སྡེ་དམངས་ཕྱུག་པོར་བཏང་རུང་། རྡོ་སྐྱབས་ཀྱི་ཡིད་སྔར་བཞིན་ཚིམ་གྱིན་མེད། ཏག་ཏག་ད་ལོར་རྡོ་སྐྱབས་ཀྱིས་སྡེ་བའི་ས་དབྱིབས་ལ་གཞིར་བཟུང་ནས་སྡེ་འདབས་ཀྱི་ཆུ་ཁར་རང་འཐག་ཁང་ཞིག་ལས་ཏེ། སྡེ་དམངས་ཀྱིས་ལོ་ཏོག་ལས་སྣོན་བྱེད་པའི་རེ་བ་བསྐངས་པའི་དུས་མཚུངས་སུ། ལས་སྣོན་བྱས་པའི་ནས་ནག་རྫོང་གི་མཉམ་ལས་ཁང་དུ་བསྐྱལ་ནས་ཕྱིར་བཙོང་བར་ཡང་སྟབས་བདེ་བསྐྲུན་པས། འཚོང་ལམ་རེ་རེ་ཕྱེ་ནས། ཕྱུག་བསྒྱུར་གྱི་བགྲོད་ལམ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིངས།

ནས་ཀྱི་དྲི་ཞིམ་ལས་མི་ལ་ཁམས་དྭངས་ཀྱི་ཚོར་བ་སྦྱིན་ཐུབ་ལ། ས་ཕྱོགས་ཤིག་གི་མང་ཚོགས་ཀྱི་འཚོ་བ་ཡང་ཇེ་བཟང་དུ་བཏང་།“ཧྲུའུ་ཅིས་སྣེ་ཁྲིད་མེད་ཚེ། ངས་རྒྱང་རིང་ཡུལ་ན་སྔར་བཞིན་ཞོར་ལས་བྱེད་བཞིན་ཡོད། ད་ལྟ་ང་ཚོས་བཟའ་བཏུང་ལ་སེམས་ཁྲལ་བྱེད་མི་དགོས་པར་མ་ཟད་ཁེ་སྤོགས་ཀྱང་བགོ་རྒྱུ་ཡོད་ལ། རྫོང་ཐོག་གི་མཉམ་ལས་ཁང་དུ་ལས་ཀ་ལས་ཏེ་སྒོར་མོ་ཡང་བཙལ་ཆོག་སྟབས། འཚོ་བ་སྔོན་ཆད་ལས་ཇེ་བཟང་དུ་སོང་ཡོད།”ད་ལྟའི་འཚོ་བ་གླེང་ཚེ། ཀརྨ་པད་འབྱུང་གི་ཡིད་ཤིན་ཏུ་ཚིམ་ལ། ཁོས་ཁེ་ལས་དོ་དམ་སྦྱངས་པའི་ཤེས་བྱ་ཡོད་ཚད་སྡེ་བར་ལེགས་སྐྱེས་འབུལ་རྒྱུའི་འཆར་འགོད་ཀྱང་བཟོས་འདུག

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ད་ལོར་ཉིང་སྟོད་སྡེ་བའི་ལོ་ཏོག་གི་ཐོན་ཚད་སྔོན་དཔག་བྱས་ན་སྤྱི་རྒྱ་ཁྲི་གཉིས་དང་སྟོང་ལྔ་ཡས་མས་ལ་སླེབས་པ་དང་། ཡོང་འབབ་སྒོར་འབུམ་གསུམ་ལྷག་ལོན་ཐུབ་པ་དེས་གྲོང་གསེབ་དར་སྤེལ་ཐད་གསོན་ཤུགས་གསར་པ་བསྩལ།

ནས་ནག་བཏབ་པའི་ལོ་འདི་འགར་རྡོ་སྐྱབས་ཀྱི་ལུས་པོ་རིད་པར་གྱུར་ནའང་། སྡེ་དམངས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་ལམ་དུ་བསྐྱོད་པའི་སེམས་ཤུགས་དེ་སྔར་བཞིན་ཉམས་མེད། “གཞུག་ཕྱོགས་ང་ཚོས་ལོ་ཏོག་རྟེན་གཞིའི་འདེབས་འཛུགས་ཀྱི་སྤུས་ཀ་ཇེ་མཐོར་བཏང་སྟེ། ཉིང་སྟོད་སྡེ་བའི་ཡུལ་ལྗོངས་སྤྱད་དེ་གུང་སེང་སྤྲོ་སྐྱིད་སྡེ་བ་བསྐྲུན་ནས། སྔར་ལས་མང་བའི་སྡེ་དམངས་ནང་དུ་ཞུགས་སུ་འཇུག་པ་དང་། རི་ནང་ནས་ཕྱུག་བསྒྱུར་ཐུབ་པ་བྱེད་རྒྱུ་ཡིན”ཞེས་རྡོ་སྐྱབས་ལ་རེ་བས་ཁེངས་ཏེ་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།