ཚེ་རིང་བཟང་པོས་བརྩེ་བ་གངས་ལྗོངས་ས་གཞིའི་ཆེན་མོར་ཕུལ།
2022.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ནད་པའི་སྡུག་བསྔལ་འབད་པས་སེལ། སྨན་པའི་སྙིང་རྗེ་ཀུན་ལས་ལྷག ཚེ་རིང་བཟང་པོས་སྨན་པའི་ཀུན་སྤྱོད་དེ་ཚེ་སྲོག་ལས་ཀྱང་ལྷག་པར་ལྟ་བ་དང་། སྤྱིའི་ཁེ་ཕན་དང་དམངས་ཀྱི་ཆེད་དུ་སྲིད་ལ་བརྩོན་པས་ཁོས་གུང་ཁྲན་ཏང་ཡོན་ཞིག་གི་མིང་བཏགས་ལ་ངོ་གནོང་མི་དགོས་པར་བྱས་ཡོད། ཚེ་རིང་བཟང་པོ་ནི་གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་སེམས་གཏིང་ནས་ནམ་ཡང་བརྗེད་ཐབས་མེད་པའི་དྲན་ཐོ་ཞིག་ཡིན་པ་དང་། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་སྙིང་སྟོབས་ཀྱི་ནུབ་པ་མེད་པའི་རྡོ་རིང་ཞིག་རེད།

1963ལོར། ཚེ་རིང་བཟང་པོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་སྐྱེས་པ་དང་། 1984ལོར། ཚེ་རིང་བཟང་པོ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ་ནས་མཐར་ཕྱིན་ཏེ་རྫ་སྟོད་རྫོང་ཨ་སྟོད་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་ཏུ་གྱུར།

1991ལོར། ཚེ་རིང་བཟང་པོས་ཡུས་ཧྲུའུ་རྫོང་རག་ཤེད་ཡུལ་ཚོ་ལྟེ་གནས་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གི་འགན་ཁུར། ཁོའི་སྣེ་ཁྲིད་འོག རག་ཤེད་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣས་སྨན་བཅོས་སྒྲིག་ཆས་མི་འདང་བ་དང་། སྨན་རྫས་དཀོན་པ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ། སྨན་བཅོས་རུ་ཁག་སྒོ་ཁར་སོང་ནས་འོས་འགན་སྨན་བཅོས་རུ་ཁག་ཅིག་གྲུབ་པར་བྱས་པ་དང་། ལོ་བཞིའི་རིང་ལ་སྨན་པ་གཞི་རིམ་དུ་འགྲོ་བ་དང་སྨན་རྫས་གཞི་རིམ་དུ་བསྐྱལ་ཏེ། འབྲོག་པ་ཁྲི་ལྷག་ལ་ཁེ་ཕན་ཐོབ་པར་བྱས།

1995ལོར། ཚེ་རིང་བཟང་པོ་ཡུས་ཧྲུའུ་རྫོང་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཕྱོགས་བསྡུས་སྨན་ཁང་གི་ཡོན་ཀྲང་གཞོན་པར་བརྐོས་པ་དང་། རྗེས་སུ་ཡོན་ཀྲང་དང་རྫོང་འཕྲོད་བསྟེན་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར། ཚེ་རིང་བཟང་པོ་དང་ལས་གྲོགས་ཚོས་མཉམ་དུ་འབད་བརྩོན་བྱས་འོག དུས་ཡུན་ཐུང་ཐུང་ལོ་ངོ་བཅུའི་རིང་ལ། ཡུས་ཧྲུའུ་རྫོང་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཕྱོགས་བསྡུས་སྨན་ཁང་དེ་སྨན་ཁང་ཆུང་ཆུང་ཞིག་ནས་ལས་བཟོ་པ་བརྒྱ་དང་དྲུག་ཡོད་པ་དང་། བརྟན་འཇགས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་ཡོད་པར་གྱུར་པས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་རིམ་པ་གཉིས་པའི་ཚད་གཞི་དང་པོའི་སྨན་ཁང་གཅིག་པུ་རུ་བདམས།

རྫོང་སྨན་ཁང་གི་ཡོན་ཀྲང་གི་འགན་འཁུར་རྗེས། སྨན་ཁང་ལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབང་བོ་སྐྱོན་ཅན་གྱི་རིམ་པ་གསལ་འབྱེད་བྱེད་པའི་ཐོབ་ཐང་ཐོབ་པ་དང་། མི་ལ་ལས་ཚེ་རིང་བཟང་པོ་ལ་ངོ་དགའ་བཤད་དེ་གསལ་འབྱེད་ཀྱི་ཚད་གཞི་ལྷོད་དགོས་པར་བཤད། དབང་བོ་སྐྱོན་ཅན་གྱི་ནད་པ་ཚུར་ཡོང་བར་སྟབས་མི་བདེ་ན། ང་ཚོ་ཁྱིམ་དུ་སོང་ནས་གསལ་འབྱེད་བྱས་ཀྱང་ཆོག ཡིན་ནའང་། གསལ་འབྱེད་བྱ་བ་དེ་ངེས་པར་དུ་གཟབ་ནན་གྱི་གཏན་འཁེལ་ལྟར་ལག་བསྟར་བྱེད་དགོས་པ་དང་། གསལ་འབྱེད་མཇུག་འབྲས་ཡང་དག་པའི་སྟེང་མིང་ཐོ་འགོད་དགོས་ཞེས་ཚེ་རིང་བཟང་པོའི་སྐད་ཆས་ཞུ་བ་བྱེད་པར་ཡོང་བའི་མི་རྣམས་ལ་རེ་བ་ཞུ་ས་མེད་པར་བྱས།

ཁོས་རྒྱུན་དུ་སྨན་བཅོས་མི་སྣར་འདི་ལྟར་སློབ་གསོ་གཏོང་བ་སྟེ། རྒྱལ་ཁབ་ཕྱུག་པོ་མིན་ཡང་། སྨན་བཅོས་ཐད་ལ་མ་དངུལ་མང་པོ་བཏང་ནས་སྒྲིག་ཆས་མང་པོ་སྒྲིག་སྦྱོར་བྱས་པ་དང་། འབྲོག་པ་མང་པོ་ཕྱུག་པོ་མིན་ཡང་། ནད་ལ་ལྟ་སྤྱད་ཀྱི་སྒོར་མོ་ཚང་མ་གྲོན་ཆུང་བྱས་ནས་བསགས་ཡོང་བ་ཞིག་ཡིན། སྨན་བཅོས་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་བྱ་བ་ནི་ངེས་པར་དུ་མང་ཚོགས་ལ་འགན་ཁུར་རྒྱུ་དེ་ཡིན་ཟེར།

ཡུས་ཧྲུའུ་ས་ཡོམ་བྱུང་བའི་ཉིན་དེར། ཚེ་རིང་བཟང་པོ་ལས་རེས་ཡིན་པ་དང་། ཉིན་མགོ་མའི་དགོང་མོར་ནད་ཁང་ལ་ཞིབ་བཤེར་བྱས་རྗེས། ཁོས་བྲང་ཁ་མི་བདེ་བའི་ཚོར་བ་སྐྱེས་པ་དང་། ལས་གྲོགས་ཀྱིས་ཁོའི་ངོ་གདོང་སྔོན་པོར་གྱུར་བ་མཐོང་སྟེ། མྱུར་མོར་ཁོར་སྨན་བྱིན་པ་དང་། སྨན་ཁབ་བརྒྱབ་ནས་ཚར་རྗེས་ཞོགས་པའི་དུས་ཚོད་གསུམ་ལྷག་ལ་སླེབས་འདུག ངལ་གསོ་ཅུང་ཙམ་བྱས་པའི་མཚམས་ལ་གློ་བུར་དུ་ས་ཡོམ་བརྒྱབ་བྱུང་།

གནོད་འགོག་རྒུད་སྐྱོབ་ཀྱི་ཉིན་དེ་དག་ལ། མི་རྣམས་ཀྱིས་ཚེ་རིང་བཟང་པོས་ས་རྡུལ་གྱིས་ཁེངས་པའི་སྨན་པའི་ལྭ་བ་གྱོན་ནས་རྨས་མ་རྣམས་ཀྱི་རྨ་ཁ་དཀྲིས་ནས་ཉམ་ཆུང་གི་ཚེ་སྲོག་བསྐྱབས་པ་དང་། ཞིག་རོའི་འོག་ཏུ་མནན་ཡོད་པའི་རང་གི་ནུ་བོ་དང་ལོ་ན་རྒས་པའི་ཨ་མ་མྱུར་སྐྱོབ་བྱེད་ཁོམ་མེད་ཅིང་། རང་ཉིད་ཡུལ་དངོས་ནས་ཐེངས་མང་པོར་དྲན་མེད་དུ་འགྱེལ་བ་ལའང་ཁ་ཡ་བྱེད་ཁོམ་མེད་པར་གྱུར།

ས་ཡོམ་ཆུང་བ་ཐེངས་མང་པོར་རྒྱུགས་པ་དང་། ཁོས་སྨན་ཁང་གི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཉེན་ཁང་ནང་ནས་སྒོར་མོ་ས་ཡ་བདུན་ལྷག་གི་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་མྱུར་སྐྱོབ་བྱས་པས། དུས་ལྟར་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་གནོད་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བཀོད་སྒྲིག་ལྟར། ཉེན་སེལ་རྒུད་སྐྱོབ་ཀྱི་བྲེལ་མྱུར་སྨན་བཅོས་རོགས་སྐྱོར་རུ་ཁག་བཙུགས་ཏེ། སྐྱེ་དགུ་གྲོང་རྡལ་གྱི་གནོད་འཚེ་ཐེབས་པ་ཚབས་ཆེ་བའི་ས་ཁུལ་དུ་སྨན་བཅོས་རོགས་སྐྱོར་གཏིང་ཟབ་སྒོས་སྤེལ་བ་དང་། དུས་ཚོད་དང་པོའི་ནང་ཡུས་ཧྲུའུ་རྫོང་གི་ཆ་ཚང་སློབ་ཆུང་གཉིས་པའི་རྩལ་སྦྱང་ར་བ་ཆུང་ངུའི་ནང་སྦྲ་གུར་སྨན་ཁང་ཕུབ་པ་དང་། བྲེལ་མྱུར་ནད་པ་སྟོང་བཞི་དང་སུམ་བརྒྱ་ལྷག་ལ་སྨན་བཅོས་བྱས།

གནོད་འགོག་རྒུད་སྐྱོབ་བྱེད་པའི་སྐབས་སུ། ཁོ་རང་ཐང་ཆད་དྲགས་པའི་དབང་གིས་མྱུར་བའི་རང་བཞིན་གྱི་སྙིང་ནང་གི་སྐྱི་ལྤགས་འོག་གི་སྙིང་རྩ་འགག་པའི་ནད་རྟགས་ཐོན་ཏེ། ཁྲག་ཧྭགས་བརྟན་འཇགས་མིན་པར་གྱུར། གལ་ཏེ་ནད་ཀྱི་གནས་ཚུལ་མུ་མཐུད་དུ་འདི་ལྟར་སོང་ཚེ། ཚབས་ཆེ་བའི་སྙིང་རྩ་འགག་པའི་ནད་རུ་འགྱུར་ཉེན་ཆེ་བ་རེད། ཁྱིམ་མི་དང་ལས་གྲོགས་ཚོས་ཁོར་མྱུར་མོར་ཞིང་ཆེན་རིམ་པའི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་པའི་ཁ་ཏ་བྱས་ཀྱང་། ཁོས་རྒྱུན་དུ་ང་ནི་སྨན་པ་ཞིག་ཡིན་པས། ངས་རང་གི་ནད་ཀྱི་གནས་ཚུལ་ཤེས་ཡོད་ཟེར། སྟབས་བདེ་སྨན་ཁང་བརྟན་སྲུང་བྱེད་སྐབས། ཚེ་རིང་བཟང་པོས་ཕྱོགས་གཅིག་ནས་དབྱང་དབུགས་རྔུབ་པ་དང་ཕྱོགས་གཞན་ཞིག་ནས་གནམ་ཁབ་རྒྱག་བཞིན་ཡོད་ལ། ཁོའི་ལས་རེས་ཁང་བའི་གློག་སྒྲོན་ནམ་ཡང་བཀར་ཡོད།

ཟླ་གཉིས་ལྷག་གི་རྗེས་སུ། ཚེ་རིང་བཟང་པོའི་ལུས་པོའི་གཞོགས་གཅིག་སྦྲིད་པ་དང་། ན་བ། ཚོར་བ་མེད་པ་སོགས་ཀྱི་ནད་རྟགས་ཐོན་པ་དང་། མཐའ་མར་བྱ་བའི་ལས་རྐང་ནས་དྲན་མེད་དུ་འགྱེལ། ཐེངས་མང་པོར་བརྟག་དཔྱད་བྱས་པ་བརྒྱུད། ཀླད་རྩ་འགག་པའི་ནད་རུ་གཏན་འཁེལ་བྱས་པ་དང་། ཉིན་ཉི་ཤུ་ལྷག་གི་རིང་ལ་རྒུད་སྐྱོབ་བྱས་པ་བརྒྱུད། ནད་ཀྱི་གནས་ཚུལ་ཇེ་དགར་སོང་ཡང་། རྐང་པ་གཡས་པ་ཚེ་གང་བོར་ནད་པར་གྱུར། ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཁོ་རང་མྱུར་མོར་ངལ་གསོ་བྱེད་དགོས་པར་སྐུལ་ཡང་། ཁོས་ཚིག་འཇམ་པོས་ཕྱིར་ལན་སློག  ཁོས་ཅི་ལའང་མི་འཛེམ་པར་ཡང་བསྐྱར་ལས་རྐང་དུ་ལོག ཁོས་བཤད་པའི་གནས་ལུགས་ནི་མིའི་ཚེ་སྲོག་གི་འགག་སྒོ་སྐབས་སུ་ཡོན་ཀྲང་ཞིག་ཡིན་པའི་ཆ་ནས་ང་རང་འཐབ་ར་ནས་ཕྱིར་འཐེན་བྱེད་པའི་གནས་ལུགས་གང་ཡང་མི་འདུག་ཟེར།

གནོད་འཚེའི་རྗེས་སུ་བསྐྱར་འཛུགས་ཀྱི་མ་དཔེ་བཟོ་སྐྲུན་ཡིན་པའི་ཆ་ནས་ཡུས་ཧྲུའུ་རྫོང་བརྒྱད་གཅིག་སྨན་ཁང་གི་སྨན་བཅོས་ཕྱོགས་བསྡུས་ཐོག་ཁང་གི་གཙོ་གཞིའི་གྲུབ་ཚུལ་དགུ་ཐོག་ཡིན་པ་དང་། དེ་ནི་ཡུས་ཧྲུའུ་རུ་ཆེས་མཐོ་བའི་འཛུགས་སྐྲུན་ཞིག་ཡིན་པ་རེད། གསར་དུ་འཛུགས་སྐྲུན་བྱེད་པའི་རྫོང་སྨན་ཁང་དུ་མ་དངུལ་འབོར་ཆེན་གཏོང་བ་དང་། སྒྲིག་ཆས་བཟང་བས། སྨན་ཁང་གི་དོ་དམ་བྱ་བ་དེ་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པར་ཁག་ཐེག་བྱེད་ཆེད། ཡོན་ཀྲང་ཡིན་པའི་ཆ་ནས་ཚེ་རིང་བཟང་པོས་རྒྱུན་དུ་མཚན་གང་བོར་བྱ་བ་སྒྲུབ་ནས་འཁོར་སྐྱོད་སྒྲིག་སྲོལ་བཟོས་པ་དང་། ཆེ་བ་ནས་སྨན་ཁང་གི་བསླབ་བྱ་དང་། ཆུང་བ་ནས་ཚན་ཁག་རེ་རེའི་སྒོ་བྱང་ཚང་མ་ཁོ་རང་ཉིད་ཀྱིས་དངོས་སུ་ཇུས་འགོད་བྱས་པ་རེད།

བྲེལ་ཟིང་གི་བྱ་བ་དེས་ཚེ་རིང་བཟང་པོས་རང་ཉིད་ཐེངས་ཅི་འདྲ་མང་པོ་ཞིག་ལ་ཁྱིམ་དུ་མ་ལོག་པ་ཡང་ཤེས་བཞིན་མེད་པ་རེད། ཆུང་མའི་ཁ་པར་ཐོན་བྱུང་། ཁ་པར་གྱི་ཕ་རོལ་ནས་བུ་ཆུང་གིས་ཨ་ཕ་ངས་ཁྱོད་དྲན་བཞིན་འདུག ཁྱོད་རང་ཁྱིམ་དུ་ལོག་ཐུབ་བམ་ཞེས་འདྲི་སྐབས། ཚེ་རིང་བཟང་པོས་རང་ཉིད་ཀྱི་བརྩེ་བར་ཚོད་འཛིན་བྱེད་མ་ཐུབ་པར་གཞུང་སྒྲུབ་ཁང་ནས་ངུ་སྐད་ཆེན་པོ་ཤོར།

སྨན་ཁང་དངོས་སུ་ཚོད་ལྟ་བྱས་ནས་བཀོལ་སྤྱོད་བྱས་རྗེས། དོ་དམ་བྱ་བ་དེ་ཚེ་རིང་བཟང་པོའི་འཆར་འགོད་འོག་རིམ་པ་བཞིན་སྒྲུབ་ཐུབ་པ་བྱུང་། རྒྱང་རིང་ས་ཁུལ་ནས་ཡོང་བའི་འབྲོག་པའི་ནད་པ་རྣམས་གཙང་ཞིང་གྲལ་དག་པའི་ནད་ཁང་གསར་བའི་ནང་སྡོད་ཐུབ་པ་བྱུང་བ་མ་ཟད། ད་དུང་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་བཀོལ་བས། སྨན་བཅོས་ཞབས་ཞུ་དེ་གོམ་པ་རེ་རེ་བཞིན་ཡང་དག་པའི་བགྲོད་ལམ་དུ་ཞུགས་ཐུབ་པ་བྱུང་།

ཡིན་ཡང་། མཚོ་འཕང་མཐོ་བའི་ནམ་ཟླའི་ཆ་རྐྱེན་གྱི་ཁར་ཚད་ལས་བརྒལ་ནས་བྱ་བ་སྒྲུབ་པའི་རྐྱེན་གྱིས་ཚེ་རིང་བཟང་པོའི་ནད་ཇེ་སྡུག་དུ་གྱུར་ཏེ། གཅིན་སྙི་ཟ་ཁུའི་ནད་དང་། ཁྲག་ཤེད་མཐོ་བའི་ནད། གློ་སྐྲངས་ཀྱི་ནད་སོགས་ནད་རིགས་མང་པོ་བྱུང་ནས་བྲང་ཁ་མི་བདེ་བ་དང་། དབུགས་ཐུང་བ། བྲང་ཁར་ན་ཟུག་ལངས་པ་སོགས་ཀྱི་ནད་རྟགས་ཐོན་ནས་ལུས་ཕུང་གིས་མ་ལྕོགས་པར་མཐའ་མར་འགྱེལ་སོང་། 2012ལོའི་ཟླ10བའི་ཚེས25ཉིན། ཡུས་ཧྲུའུ་གསར་བར་འཕྲེང་སེམས་དང་རེ་སྨོན་ཚད་མེད་བྱེད་བཞིན་ཚེ་རིང་བཟང་པོ་པེ་ཅིན་ནས་ཚེ་ལས་འདས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།